logo

གྱང་ཁང་གྲུ་བཞི་སྐྱིད་ཀྱི་གཞི་མ་སྟེ། །མེས་པོའི་བློ་རྩལ་མ་ཉམས་ད་ལྟར་བཞུགས། །

རྩོམ་པ་པོ།: ཡོང་ཁུངས།:རྔ་བའི་གསར་འགྱུར་དྲ་བ། དུས་ཚོད།:2023-04-07 ཀློག་གྲངས།:
       སྤྱིར་འཛུགས་སྐྲུན་རིག་གནས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་ལག་ལེན་གྱི་ཁྲོད་ནས་བྱུང་བའི་རིག་གནས་ཤིག་ཡིན་ལ་ཨ་མདོ་རྔ་བའི་གྱང་ཁང་གི་རིག་གནས་ཀྱང་དེ་ལས་མ་འདས། སྡོད་ཁང་བསྐྲུན་པའི་རིག་གནས་ནི་མི་རིགས་རང་གི་རིག་གནས་བང་མཛོད་ནང་བཀྲག་མདངས་འཚེར་བའི་མུ་ཏིག་ལྟ་བུ་ཞིག་རེད། བོད་མི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ། ས་གནས་རང་གི་རང་བྱུང་ཁོར་ཡུག་དང་། སྤྱི་ཚོགས་ཁོར་ཡུག ཐོན་སྐྱེད་ཁོར་ཡུག རིག་གནས་འདུ་ཤེས་བཅས་ལ་གཞིགས་ནས་ཨར་ལས་སམ་གྱང་ཁང་གི་རིག་པའི་ཁྱབ་ཁོངས་སུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་བཀོད་ཀྱི་ཁྱད་ཆོས་རིམ་གྱིས་ཆགས་ཤིང་། མཐའ་སྐོར་གྱི་མི་རིགས་དང་ས་ཁུལ་བར་རིག་གནས་སྤེལ་རེས་བྱེད་སྐབས་སྔོན་ཐོན་གྱི་བཟོ་སྐྲུན་ལག་རྩལ་དང་བཟོ་བཀོད་ཀྱི་ཉམས་འགྱུར་བཟང་བོ་བསྡུ་ལེན་དང་དཔྱད་གཞིར་འཛིན་གང་ཐུབ་བྱས་མཐར་རང་ཉིད་ཀྱི་སྡོད་ཁང་རྩིག་བཟོའི་འཛུགས་སྐྲུན་རིག་གནས་ཀྱི་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་བཟུང་ཡོད་པ་མ་ཟད། འཛམ་གླིང་གི་ལོ་རྒྱུས་ཐོག་ཏུའང་ཉམས་པ་མེད་པའི་ལེའུ་གསར་བ་ཞིག་བརྩམས་ཡོད།
       གྱང་ཁང་ནི་རྡོ་ཆས་གསར་བའི་དུས་སྐབས་ནས་ཡོད་ལ་སྐབས་དེའི་ཁ་རུབ་རིག་གནས་རྗེས་ཤུལ་གྱི་ཁྲོད་དུ་གནའ་བོའི་མིའི་སྡོད་ཁང་འཛུགས་སྐྲུན་ལ་སྤྱོད་པའི་རྒྱུ་ཆ་མང་བོ་ཡོད། དེའི་ནང་ན་ང་ཚོའི་དེང་སང་གི་གྱང་ཁང་ཡོད། དུས་ཚོད་ཀྱི་དབང་གིས་ད་ལྟའི་གྱང་ཁང་གི་བཟོ་བཀོད་དང་སྒྲིག་གཞི་མཚུངས་པ་ཤ་སྟག་མིན་ན་ཡང་། གྱང་ཁང་གི་ལོ་རྒྱུས་དང་འགལ་བ་ཅི་ཡང་མེད། ཕྱོགས་གཞན་ཞིག་ནས་བཤད་ན་མངའ་རིས་ས་ཆ་དང་གུ་གེ་རྒྱལ་རབས་ཀྱི་འཛུགས་སྐྲུན་ཕལ་ཆེ་བ་གྱང་ཁང་ཡིན། དེ་དག་ཕྱོགས་མང་བོ་ནས་བལྟས་ན་གྱང་ཁང་གི་སྡོད་ཁང་ནི་ང་ཚོའི་ཕ་མེས་ཡང་མེས་རྣམས་ཀྱི་དཔྱད་བཟོད་ལྡན་ཞིང་སླད་མེད་བསེད་བཀྲོལ་གྱི་མེས་པོའི་སྲོལ་རྒྱུན་རིག་གནས་ཞིག་ཀྱང་རེད།
       རྔ་བའི་གྱང་ཁང་གི་རིག་གནས་ནི་སྔོན་མའི་རིག་གནས་ལ་ཆ་འཇོག་དང་ས་གནས་རང་གི་མང་ཚོགས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་སྲོལ་རྒྱུན་རིག་གནས་གལ་ཆེན་ཞིག་ཡིན། གནའ་བོའི་གྱང་ཁང་གི་རིག་གནས་དང་བསྡུར་ན། རྒྱུ་ཆ་ས་ལས་གྲུབ་པ་འདྲ་འདྲ་ཡིན་ན་ཡང་ཆ་ཤས་མང་བོ་ཞིག་ལ་དུས་ཚོད་དང་བར་སྟོང་གིས་ཤུགས་རྐྱེན་གྱིས་ས་གནས་རང་གི་རང་རྐྱ་འཕེལ་བའི་ཁྱད་ཆོས་མང་བོ་ལྡན་ཡོད།
       རྔ་བའི་སྡོད་དམངས་ནི་རྔ་ཆུའི་རྒྱུད་གཉིས་སུ་ཆགས་ཡོད་ལ། ས་ཆ་ཕལ་ཆེ་བ་རི་ཐང་ཡིན་པ་ལས་ས་གཤིས་ལ་རྙོག་འཛིང་ཆེན་པོ་མེད། འོ་ན་གནས་འདིའི་གྱང་ཁང་གི་སྡོད་ཁང་སྐྲུན་པ་ཡང་ས་བབ་དང་། ཡུལ་བབ་ལ་བསྟུན་པ། དགུན་དུས་དྲོ་ལ་དབྱར་དུས་བསིལ་བའི་ཁྱད་ཆོས་ལྡན་པས་མི་སེར་ཚོས་ཧ་ཅང་དགའ་མགུ་ཡི་རང་བྱེད་ཀྱིན་ཡོད།གྱང་ཁང་ལ་གཞན་ད་དུང་གྲང་ངར་འགོག་པ་དང་། རླུང་འགོག་པ།ས་གཤིས་གནོད་འཚེ་སོགས་ལས་གཡོལ་བའི་ཞོར་དུ་ཁང་ཀླད་དུ་དཀར་ཁུང་ཕུད་པ་དང་སྒེའུ་ཁུང་ཕུད་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་གནམ་གཤིས་དང་ས་ཁམས་སོགས་རང་བྱུང་ཁོར་ཡུག་གི་མི་ལེགས་པའི་ཆ་ཚང་མ་བསེལ་ཡོད། གཞན་རྔ་བའི་སྲོལ་རྒྱུན་རིག་གནས་གྱང་ཁང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་གྱང་རྡུང་སྐབས་དོ་སྣང་བྱེད་དགོས་ས་མང་བོ་ཡོད་ལ། སྤྱིར་བཏང་གྱང་ཁང་མང་ཆེ་བ་ཐོག་བརྩེགས་གཅིག་དང་། ཐོག་བརྩེགས་གཉིས་ཅན།ཐོག་བརྩེགས་གསུམ་ཅན་བཅས་ཡིན། ཐོག་བརྩེགས་གསུམ་ཅན་གྱི་ཁང་བ་རྡུང་སྐབས་ལོ་གསུམ་བེད་སྤྱོད་བྱེད་ཀྱིན་ཡོད་ལ།དེ་ཡང་རང་བྱུང་ཁོར་ཡུག་གི་དབང་གིས་ལོ་གཅིག་ལ་ཐོག་བརྩེགས་གཅིག་བརྡུང་ན་དགེ་མཚན་མང་བོ་ཡོད།
       དཔེར་ན་གྱང་ཁང་སྲ་མཁྲེགས་ཅན་ཞིག་ཡོང་དགོས་ན་ངེས་པར་དུ་ཉི་མས་སྐམ་རྗེས་ད་གཟོད་དེའི་ཐོག་ཡང་བསྐྱར་རྡུང་ཆོག དེ་ནི་གཙོ་བོ་གྱང་གི་རྨང་བརྟན་པོ་ཞིག་ཡོང་བའི་དགོས་པ་ཡིན། ཡིན་ན་ཡང་ཡུལ་བབ་ཀྱིས་དབང་དང་ཉི་འོག་ཕོག་པའི་ཤུགས་སོགས་ཀྱི་ལོ་གཅིག་ལ་བརྩེགས་གཉིས་རྡུང་བ་ཡང་རེ་གཉིས་ཡོད་སྲིད། ཨ་མདོ་རྔ་བའི་མི་དམངས་ཀྱི་གྱང་ཁང་གི་སྡོད་ཁང་རྡུང་སྐབས་གྱང་ས་འདེམས་པ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ལ་བརྩི། གྱང་སར་འདེམས་པ་ད་དུང་དཔྱད་ཞིབ་མང་བོ་བྱེད་གྱིན་ཡོད། སྤྱིར་བཏང་དུ་རོང་ཁུལ་གྱི་ས་འཁོད་སྙོམས་ས་འདེམས་དགོས་པ་དང་། ཉི་འོད་འཕྲོ་ནུས་ཡག་པོ་ཡིན་ས་དང་ས་གཤིས་ཀྱི་གནོད་འཚེ་ལས་གཡོལ་དགོས་ཀྱིན་ཡོད། དེ་ནས་རྩིག་རྨང་འབྲི་བ་དང་། རྡོ་རྩིགས་བྱས་ནས་གྱང་གི་རྨང་གཞི་བསྐྲུན་དགོས། དེ་དག་ལའང་གཉིས་རྡུང་དང་སུམ་རྡུང་། བཞི་རྡུང་། བཞི་མ་བཞི་ལིང་སོགས་ཀྱི་ཉམས་མི་འདྲ་བ་དུ་མ་ཡོད་ཕྱིར་ངོམས་པ་མེད་པའི་ལྟད་མོ་དང་རྫོགས་མཐའ་མེད་པའི་སྙན་དབྱངས། རྩེད་དགའ་རྒྱས་པའི་ཚོར་འདུ། སྤྲོ་སེམས་འཁོལ་བའི་འགུལ་སྐྱོད།ངལ་དུབ་བྲལ་བའི་ཁྱད་ཆོས། མགྱོགས་པོར་ཐོན་པའི་གྲུབ་འབྲས་སོགས་བརྗོད་ཀྱིས་མི་ལངས་པའི་ཡོན་ཏན་མངའ་ལ། རྔ་བའི་ཕྱོགས་ཀྱི་ལག་ཆའི་སྐོར་ནས་གྱང་རྡུང་བྱེད་གྱང་ཐོ་དང་། ས་ཁུར་བྱེད་སེལ་ཕོ།གྱང་ཕུར། གྱང་ཐག གྱང་རྩིབ། ཤ་སོགས་མདོར་ན་སྣ་མང་དང་སྟབས་བདེའི་རང་བཞིན་ཅན་གྱི་ཡོ་བྱད་དུ་མ་འདུས་པའི་ངོ་མཚར་བའི་སྲོལ་རྒྱུན་རིག་གནས་ཤིག་ཡིན། དེ་མིན་གོང་ནས་སྨོས་པ་ལྟར་གྱང་ས་བརྟག་ཐབས་དང་། གྱང་རམ་སྤར་ཐབས།གྱང་ས་ཁུར་ཐབས། གྱང་སྐས་ལས་ཐབས། གྱང་སའི་སྐམ་རློན། རྡེའུ་མང་ཉུང་། གྱང་དཔོན་གྱི་བཀོད་སྒྲིག་སོགས་རིག་གནས་འཐུས་ཚང་ངམ་མང་ཚོགས་ཀྱི་རྣམ་དཔྱོད་ལས་ཐོན་པའི་ལས་མང་བོ་ཡོད། གཞན་ཡང་གྱང་གི་ཞབས་ངོས་ཅུང་ཡངས་ཤིང་། ཇེ་མཐོར་སོང་བ་དང་བསྟུན་ནས་ཇེ་དོག་ལ་འགྲོ། ནང་གི་གྱང་ཐུར་དུ་འབུར་བ། སྒེའུ་ཁུང་ཅུང་ཆུང་བ་སོགས་མཆོད་རྟེན་གྱི་རྣམ་པའི་ཁྱད་ཆོས་ལྡན་ལ་དེ་ནི་རང་ས་གནས་ཀྱི་ཆོས་ལུགས་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་ཡིན་སྙམ། རྔ་བ་རྫོང་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་ཀྱི་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཀྱི་འབྲེལ་མཚམས་སུ་གནས་ཡོད་ལ།ཨ་མདོ་རྔ་བའི་ཡུལ་མིའི་སྡོད་ཁང་ནི་མི་རིགས་རིག་པ་དང་འཛུགས་སྐྲུན་རིག་གནས་སོགས་ཀྱི་ཞིབ་འཇུག་གི་འབྲས་བུ་དང་རང་གི་བློ་གྲོས་ཀྱི་རྩལ་ལས་བྱོན་པའི་སྲོལ་རྒྱུན་རིག་གནས་ཤིག་ཡིན།
       གྱང་རྡུང་སྟངས་ཀྱི་ཐད་ནས་གྱང་གླུ་ཁོ་ན་ལ་མཚོན་ན་གླུ་ཚིག་བརྒྱ་ཕྲག་འགའ་ལས་གྲུབ་ཅིང་གླུ་ཚིག་རེ་རེ་ལའང་གདངས་དབྱས་མི་འདྲ་བ་རེ་རེ་དང་། གདངས་དབྱངས་རེ་རེ་ལའང་ཐུན་མོང་མ་ཡིན་པའི་འདེགས་འཇོག་འགྱུར་ཁུགས་ཀྱི་རྣམ་འགྱུར་མི་འདྲ་བ་རེ་རེ། དེ་རེ་རེ་ལའང་རྔ་བའི་ངལ་རྩོལ་མང་ཚོགས་ཀྱི་སེམས་ཁམས་དང་ཚོར་བ་མཚོན་པའི་ཁྱད་ཆོས་མི་འདྲ་བ་རེ་རེ་ཡོད་པ་དེ་འདྲ་ཞིག་རེད། སྤྱིར་དམངས་ཁྲོད་ཀྱི་གླུ་དབྱངས་མང་ཆེ་བ་ནི་ངལ་རྩོལ་མི་དམངས་ཀྱིས་བརྩམས་པ་ཡིན་ལ། དཔེར་ན་ཐོན་སྐྱེད་དང་ཞིང་རྨོ་སྐབས་ལེན་པའི་གླུ་དང་ཕྱུགས་འཚོ་སྐྱོང་བྱེད་སྐབས་ལེན་པའི་གླུ། བཞོ་གླུ། གྱང་གླུ་སོགས་རིགས་མང་བོ་མཆིས།
       གྱང་གླུ་ནི་གྱང་རྡུང་བ་དང་ས་འཕེན་པ། རྩིག་རྨང་འདིང་བ་བཅས་ཀྱི་སྐབས་སུ་རང་ཉིད་ཀྱི་ངལ་དུབ་སེལ་ཆེད་དང་གོ་རིམ་ལྡན་པ་ཡོང་བྱེད། ཤུགས་མཉམ་འདོན་སོགས་གཙོ་བོ་བྱས་ནས་ངལ་རྩོལ་མང་ཚོགས་རང་གིས་བརྩམས་པའི་འགྱུར་ཁུགས་སྙན་མོ་ཞིག་ཡིན་ལ་གླུ་ཚིག་གི་ཕྱོགས་ནས་བལྟས་ན་ཡང་ངལ་རྩོལ་མང་ཚོགས་ཀྱི་འཚོ་བ་འབད་ཐབས་བྱེད་པའི་སྙིང་སྟོབས་དང་སྤྱི་ཚོགས་འཆམ་མཐུན། ཡ་རབས་སྤྱོད་བཟང་གི་བརྗོད་བྱ་མང་ཆེ་བ་ཡིན། དཔེར་ན“ཤོ་ཡ་རིས་མ་ཤོ”སོགས་ཚིག་གི་ཟུར་ནས་མཉམ་དུ་ཤུགས་འདོན་དགོས་པ་རྟོགས་ཐུབ། གཞན་གླུ་ཚིག་ལ་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་སྐབས་བསྟུན་གྱིས་རྩོམ་ནས་བླངས་པ་ཡང་ཡོད་ལ། དཔེར་ན་ཚང་མའི་བྱ་བྱེད་གཅིག་གྱུར་དང་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་དང་། ལས་འཛོལ་མི་ཡོང་བ། ལས་ཕྱོད་ཇེ་མཐོར་གཏོང་བ་སོགས་ཀྱི་སྐུལ་མ་ཡང་ཡིན། གླུ་ལེན་སྐབས་ངལ་རྩོམ་མང་ཚོགས་ཀྱི་ངོ་གདོང་འཛུམ་གྱིས་ཁེངས་ཤིང་ལྷུག་པོར་བཞད་པའི་མེ་ཏོག་ལྟར་རང་ཉིད་ཀྱི་གཞིས་ཀ་ལ་དུང་བའི་མཛེས་པ་ཅིག་ཅར་དུ་མངོན།
       གྱང་རྡུང་སྐབས་ངལ་རྩོལ་མང་ཚོགས་ཀྱིས་ལས་བགོས་ཧ་ཅང་གསལ་བོ་ཡིན་ལ། སྤྱིར་བཏང་སྐྱེས་པ་རྣམས་ཀྱིས་གྱང་རྡུང་བ་དང་བུད་མེད་རྣམས་ཀྱིས་ས་འཕེན་པ། གྱང་དཔོན་གྱིས་གཅིག་གྱུར་བཀོད་སྒྲིག་བྱེད་པ་ཡིན། གྱང་རིམ་གཅིག་པ་ལ་ས་ཅི་ཙམ་འཕེན་དགོས་པ་དང་གྱང་ཐོས་ཅི་ཙམ་རྡུང་དགོས་པ་ལ་ཡང་བཤད་སྲོལ་ཡོད། ན་སོ་དར་ལ་བབས་པའི་གསར་བུ་རྣམས་སྒོ་གྱང་དང་ཟུར་གྱང་སོགས་རྡུང་བར་བཀོད་སྒྲིག་བྱེད། གཞན་ད་དུང་གཞོན་ནུ་ཕོ་མོ་ཚོས་ཕན་ཚུན་གྱི་བརྩེ་དུང་འཚོལ་བའི་དུས་སྐབས་ལེགས་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། མདོར་ན། སྤྱིར་གྱང་རྡུང་རྒྱུ་ནི་དཀའ་ཚེགས་ཆེ་ཞིང་སྣ་རྐྱང་ཅན་གྱི་བྱ་བ་ཞིག་ཡིན་ལ། ངལ་རྩོལ་གྱི་དུས་ཡུན་རིང་ན་ངལ་དུབ་འབྱུང་སླ། ཡིན་ནའང་རྔ་བའི་ངལ་རྩོལ་མང་ཚོགས་ཀྱིས་བབ་ཆགས་དང་ལས་བརྩོན་གྱིས་གཤིས་ཀ་ཡིས་དཀའ་བ་དེ་དག་ཁྱད་བསད་དེ། རང་ཉིད་ཀྱི་རྣམ་དཔྱོད་དང་བློ་གྲོས་ལས་བྱུང་བའི་གྱང་གླུ་སྙན་མོ་ངག་ལ་གྱེར་ནས་སྤྲོ་སྣང་སློང་བ་དང་། བག་ཕེབས་ཀྱི་རྣམ་པའི་ཁྲོད་ནས་ངལ་རྩོལ་གྱི་སྤྲོ་སྣང་ལོངས་སྤྱོད་བྱེད་ཀྱི་ཡོད། གྱང་རྡུང་སའི་ཡུལ་དངོས་ན་རྣམ་རྒྱུན་གླུ་དབྱངས་དང་ལྷན་དུ་ངལ་རྩོལ་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་རྣམ་པ་དང་དཔའ་ཉམས་ཀྱི་ལྟད་མོས་མིག་དབང་འཕྲོག་སྲིད། ད་དུང་ལ་ལས་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་། ལྷ་སྒྲུང་གི་གཏམ་རྒྱུད། ཕོ་མོའི་བརྩེ་དུང་སོགས་ཕན་ཚུན་ལབ་ནས་དགོས་སྒྲའི་ཁེངས་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།