logo

༄༅།།བོད་ཡིག་དབུ་ཅན་དབུ་མེད་ཀྱི་སྦྱོང་དཔེ། སངས་རྒྱས་བཀྲ་ཤིས།

རྩོམ་པ་པོ།:སངས་རྒྱས་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-09-14 ཀློག་གྲངས།:
དབུ་ཅན།
 
       ༄༅། །བསླབ་པ་ཀུན་གྱི་གཞི་འཛིན་ཡི་གེ་དང་། །གཙུག་ལག་རྩ་བ་བརྡ་སྤྲོད་རིག་པའི་གཞུང་། །ལྗོངས་འདིར་གསར་དུ་སྤེལ་བྱེད་འཇིག་རྟེན་མིག །སློབ་དཔོན་ཐོན་མིར་དུས་ཀུན་དང་བས་འདུད། །བློ་བཟང་རྒྱལ་བསྟན་རིན་ཆེན་གདུགས་དཀར་པོ། །ཐུགས་བསྐྱེད་དཔུང་བའི་སྟོབས་ཀྱིས་མཁའ་ཁྱབ་ཏུ། །སྐྱོང་མཛད་འགྲན་མེད་དཔལ་ལྡན་བླ་མ་མཆོག །ཆོས་ཀྱི་རྡོ་རྗེའི་ཞབས་ལ་གུས་ཕྱག་འཚལ། །ལེགས་སྨོན་ལྷག་བསམ་ལྷ་ལམ་ཡངས་པའི་ཟླ། །ཟླ་མེད་མཁྱེན་དཔྱོད་རྒྱ་མཚོའི་འཇིངས་ལ་འགྲན། །འགྲན་བྲལ་ཐོན་མིའི་གདུང་འཚོབ་སློབ་དཔོན་མཆོག །མཆོག་ཏུ་དད་པས་གཙུག་གི་རྒྱན་དུ་མཆོད། །
       རང་ཅག་རྣམས་ཀྱིས་ད་སྔ་སྤྱོད་བཞིན་པའི་ཡི་གེའི་གཟུགས་འདི་ལ་ཀོང་སྤྲུལ་རིན་པོ་ཆེའི་ཞལ་ནས། བོད་ཡིག་གཟབ་ཆེན་གཟབ་ཆུང་འབྲུ་ཆེ་ཆུང་། །བཤུར་མ་དཀྱུས་ཡིག་དྲུག་ལ་ཐམས་ཅད་འདུ། །ཞེས་བོད་ཀྱི་ཡི་གེ་ཐམས་ཅད་ཡིག་གཟུགས་དྲུག་ལ་འདུ་བར་གསུངས། མདོར་བསྡུས་ན་བོད་ཀྱི་ཡི་གེ་ནི་དབུ་ཅན་མགོ་འཐེན་ཡོད་པ་དང་དབུ་མེད་མགོ་འཐེན་མེད་པ་རིགས་གཉིས་ལ་འདུ། དེབ་ཆུང་འདི་གཙོ་བོ་བོད་ཡིག་དབུ་ཅན་འབྲི་ཚུལ་སྦྱོང་བར་བྲིས་པ་ཡིན། དེ་ན་ཐོག་མར་རང་རེའི་གངས་ཅན་ཡུལ་གྱི་བོད་ཡིག་གི་སྲོལ་དར་ཚུལ་མདོ་ཙམ་གླེང་ན། ལོ་རྒྱུས་ཀྱི་ཡིག་ཆ་དང་ལྷག་པར་དེང་སྐབས་གནའ་བའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པ་ལྟར་ན་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་དར་ཡོད་པར་མངོན་ཏེ། གནའ་སྔ་མོའི་དུས་སུ་བྱུང་བའི་ཡི་གེ་ནི་ཞང་ཞུང་གི་ཡི་གེ་ལ་ངོས་འཛིན་པ་ཡིན། དུས་སྐབས་དེའི་བོད་ཡུལ་གྱི་མངའ་རིས་ས་ཆར་མཚོན་ན་ས་ཡི་མཐོ་ཚད་དང་། གནམ་གཤིས་ཀྱི་དྲོད་གྲང་། སྐྱེ་དངོས་ཀྱི་ཁོར་ཡུག་སོགས་ཕྱིའི་ཆ་རྐྱེན་ཤིན་ཏུ་བཟང་བོ་འདུག་པས། གནའ་སྔ་མོའི་དུས་ནས་ཡུལ་དེར་བོད་མིའི་ཚོ་བ་འཚོ་གཞེས་བྱས་ཡོད་ཅིང་ལོ་སྟོང་ཕྲག་བཞི་ཡས་མས་ཀྱི་ཡར་སྔོན་ལ་ཞང་ཞུང་རྒྱལ་རབས་བཅོ་བརྒྱད་ཅེས་སྙན་པའི་གྲགས་པ་ཕྱོགས་སུ་འབར་ཞིང་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པའི་སྲིད་ཀྱི་རྒྱལ་ཁབ་ཆགས། དེ་དུས་སུ་སྤྱོད་པའི་ཡི་གེ་ནི་བོན་བསྟན་གྱི་བདག་ཉིད་ཆེན་པོ་གཤེན་རབ་མི་བོ་ཆེས་མཛད་པར་གྲགས་ལ། ཐོག་མར་འོ་སྐོལ་གྱིས་བལྟས་ཚོད་ལ་ལན་ཚའི་རིས་གཟུགས་དང་འདྲ་བའི་སྟག་གཟིག་སྤུངས་ཡིག་བྱུང་བ་དང་། དེ་ནས་སྨར་ཆེན་དང་སྨར་ཆུང་། ཞང་ཞུང་དྲག་ཡིག ལྷ་བབ་ཡི་གེ་ཞེས་རིམ་པར་བྱུང་། དེ་རྣམས་ཀྱི་རི་མོ་མཐོང་ཚེ་ལྷ་བབ་ཡི་གེ་མ་གཏོགས་གོང་མ་གསུམ་པོ་དབུ་ཅན་གྱི་གཟུགས་སུ་བྲིས་པའི་ཡི་གེ་ཡིན། དེ་དག་ལས་སྨར་ཆུང་གི་ཡི་གེའང་སྐབས་དེར་སྤྱོད་རྒྱུག་ཆེ་བར་བཤད། དེ་ལྟར་དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་ཁྲོད་དུ་ཞང་ཞུང་གི་ཡི་གེ་ནི་ཡུལ་དུས་དང་། སྤྱི་ཚོགས་སྲིད་འགྱུར་གྱི་རྐྱེན་སྣ་ཚོགས་ཀྱི་དབང་གིས་དར་ཁྱབ་ཆེན་པོ་འགྲོ་མ་ཐུབ།དེ་ནས་དུས་རབས་བདུན་པའི་དཀྱིལ་ཙམ་ལ་འཇམ་དབྱངས་རྣམ་སྤྲུལ་ཐོན་མི་སམ་བྷོ་ཊ་ཞེས་བྱ་བའི་སྐྱེས་མཆོག་དེ་ཉིད་འཁྲུངས་ཤིང་། ལོ་ན་ཕྲ་བའི་དུས་ནས་བོད་རྒྱལ་ཁྲི་སྲོང་བཙན་གྱི་བཀའ་ལྟར་ལམ་བར་དུ་རང་སྐྱེ་བོ་ཕལ་བ་རྣམས་ཀྱི་བློ་ཡུལ་དུ་མི་ཤོང་བའི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་རྒྱ་གར་འཕགས་པའི་ཡུལ་དུ་སོན། ཡུལ་དེར་བྲམ་ཟེ་ལི་བྱིན་དང་སློབ་དཔོན་ལྷ་རིག་པའི་སེང་གེ་སོགས་རིས་མེད་ཀྱི་མཁས་པ་དུ་མར་བསྟེན་སྟེ་ལོ་ངོ་བདུན་གྱི་རིང་ལ་རིག་གནས་ཆེ་ཆུང་ཀུན་ལ་གསན་སྦྱོང་མཛད་པ་དང་། ནང་སྒོས་སུ་སྒྲ་རིག་པར་སྦྱོང་བ་དཔྱིས་ཕྱིན་པར་གནང་ནས་མཁས་པའི་གོ་འཕང་བརྙེས། སླར་བོད་ཡུལ་དུ་ལོག་རྗེས་བཙན་པོའི་བཀའ་སྤྱི་བོར་བླངས་ཏེ་སྔ་ན་ཡོད་པའི་ཡི་གེའི་དགེ་སྐྱོན་ལ་རྟོག་དཔྱད་ནན་མོ་མཛད་པ་དང་། རྒྱ་གར་གྱི་སྒྲ་རིག་པའི་གཞུང་ལུགས་ལ་གཞི་བཅོལ། རང་བོད་སྐད་ལ་ཀུན་ནས་བསྟུན་ཏེ་གསལ་བྱེད་དང་དབྱངས་ཡིག མགོ་འདོགས་འཕུལ་ཡིག མཐའ་རྟེན་སྲོག་རྐྱེན་སོགས་སྒྲ་སྦྱོར་གྱི་ཡི་གེའི་རྣམ་གཞག་ཆ་ཚང་བ་དང་ཆོས་སྲིད་རིག་འབྱོར་གང་ལའང་སྤྱོད་ཐུབ་པའི་ཡིག་སྲོལ་གསར་བ་གཏན་ལ་ཕབ། ཐོན་མི་ཁོང་ཉིད་ནི་རང་མགུར་ལས། དུས་ད་ལྟར་དགའ་ལ་ཕྱི་མ་སྐྱིད། །ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པས་སླེབ་པའི་སྔོན་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་པའི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེའམ། །ཞེས་གསུངས་པ་དེ་སློབ་དཔོན་ཁོང་གི་རང་བསྟོད་མ་ཡིན་པར།སྐབས་དེའི་བློན་འཁོར་མ་རུངས་པ་འགའི་ཡིད་ཀྱི་གདུང་བ་སེལ་བྱེད་ཀྱི་གྲུ་ཆར་ཞིག་དང་ཀུན་ནས་མཚུངས་ལ།ཐོན་མིའི་ཡིག་སྲོལ་ཡང་དང་ཐོག་དབུ་ཅན་གྱི་གཟུགས་སུ་སྣང་།ཡོངས་གྲགས་སུ་སྦལ་ནག་ན་ལ་བརྒྱངས་འདྲ་ཞེས་འབོད་ཀྱང་། བསྟན་པ་སྔ་དར་གྱི་དུས་སུ། འདི་དང་བཙན་པོ་མང་སྲོང་སྐབས་ཀྱི་སོ་ཕག་གཤིབ་འདྲ་དང་། འདུས་སྲོང་མང་པོ་རྗེའི་སྐབས་ཀྱི་བྱ་ཕོ་འཇོལ་འདྲ། ཁྲི་ལྡེ་གཙུག་བཙན་སྐབས་ཀྱི་ནས་སྔོན་ཕྱིང་དཀར་སྟེང་བཀྲམ་འདྲ། ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་མུ་ཏིག་སྟར་ལ་བརྒྱུས་འདྲ། ལྷ་སྲས་མུ་ནེ་བཙན་པོའི་དུས་ཀྱི་སྦུར་ནག་བགྲད་འདྲ། མུ་ཏིག་བཙན་པོའི་སྐབས་ཀྱི་ཉ་མོ་ཆུ་ནས་ཕྱུང་འདྲ། མངའ་བདག་ཁྲི་རལ་སྐབས་ཀྱི་སེང་གེ་གནམ་དུ་མཆོངས་འདྲ་བཅས་དབུ་ཅན་གྱི་བྲིས་གཟུགས་མི་འདྲ་བ་བརྒྱད་བྱུང་བར་གྲགས་མོད། ཁྱུང་པོ་གཡུ་ཁྲིའི་ལུགས་སུ་ཐོན་མིའི་དབུ་ཅན་ལ་འཇོག་གྲུ་བཞི་སེང་གེ་དཀར་མོ་དགུང་ལ་འཕྱོ་འདྲ་རུ་གསོལ་བ་དང་། ཡིག་མཁན་མང་བན་ཆོས་ཀྱི་རྡོ་རྗེ་དང་དྷརྨ་ཙནྡྲ་ཆོས་ཀྱི་ཟླ་བ་གཉིས་ལ་བྱ་ཕོ་འཇོལ་འདྲ་དང་སྦལ་ནག་ན་ལ་བརྒྱངས་འདྲ་ཞེས་པའི་བྲིས་གཟུགས་བྱུང་ཀྱང་རྗེས་བརྩི་མཐོང་མ་གནང་བར་བསྣུབས་པ་སོགས་མི་མཐུན་པའི་བཞེད་ཚུལ་བཞུགས། གང་ལྟར་ཕར་བལྟས་ཚོད་ཀྱིས་བྲིས་གཟུགས་དེ་དག་གི་མིང་ནི་རྒྱུན་ལྡན་འཚོ་བའི་ཁྲོད་མཐོང་ཐོས་གོམས་འདྲིས་སུ་གྱུར་པའི་སྲོག་ཆགས་དང་དངོས་པོ་རེ་འགར་འདྲ་འབྲེལ་རྒྱུ་མཚན་དུ་བྱས་པའམ་ཡི་གེའི་ལེགས་ཉེས་ལ་བལྟས་ནས་བཏགས་པར་སྣང་ལ། དེང་སང་དྲྭ་དང་དཔེ་དེབ་སྣ་ཚོགས་སུ་མཐོང་སྐལ་དུ་སྨིན་ཀྱང་། ལྷ་སའི་ཕ་བོང་ཁའི་ཡིག་དྲུག་གི་བརྐོས་རིས་དང་བསམ་ཡས་རྡོ་རིང་ངོས་ཀྱི་མུ་ཏིག་སྟར་ལ་བརྒྱུས་པ་སོགས་རེ་འགའ་མ་གཏོགས་གཞན་རྣམས་ད་དུང་བརྟག་པའི་གནས། བསྟན་པ་ཕྱི་དར་གྱི་སྐབས་སུ་ཐོག་མར་སྒྲོ་ཉ་ཤ་རི་ཞེས་པ་དང་། མཐོང་བ་རྡོ་རྗེ་དཔོན་སློབ་ཀྱི་རིང་ལ་དབུ་ཅན་ཡི་གེ་གསར་ལེབ་གྲུ་བཞི་བྱུང་། དེའི་རྗེས་སུ་དུས་རབས་བཅུ་གཅིག་པའི་འགོ་ཙ་ན་ཁྱུང་པོ་གཡུ་ཁྲི་འབར་ཞེས་སློབ་དཔོན་ཡིག་མཁན་ཆེན་པོ་བྱུང་བ་དེས་སྔ་སོར་དར་བའི་ཡི་གེ་རྣམས་ལ་ཞིབ་ཏུ་གཏུགས་ཤིང་། ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་ལས་སྐ་བ་དཔལ་བརྩེགས་ཀྱི་བྲིས་གཟུགས་དང་དཀྱིལ་འཁོར་བཟོ་བའི་ཐིག་ཚད་ལ་དཔེ་བླངས་ནས་ཆ་ཆེན་ཆ་ཆུང་དུ་བགོས་ཏེ། ཡི་གེའི་ཐིག་རིས་ཐིག་རྩ་ཆ་ཚད་སྨྱུ་གུ་ཤོག་ཆག་འབྲི་ལུགས་སོགས་གཏན་ལ་ཕབ་ཅིང་སྨྱུ་གུའི་བསྟན་བཅོས་རྒྱས་པར་མཛད་ནས་བོད་ཀྱི་ཡི་གེའི་གཟུགས་རིས་ཚད་ལྡན་བྲི་བའི་གཅིག་གྱུར་གྱི་ལམ་གཏོད། སློབ་མ་སྔ་རབས་དང་པོའི་བུ་བཞི། བོད་ཀྱི་བུ་བཞི། ཕྱི་དུས་ཀྱི་བུ་བཞི་དང་བཅུ་གཉིས་གཙོ་བྱས་པའི་ཆེས་ཤིན་ཏུ་མང་བོ་བསྐྱངས། དེ་ཡང་ཁྱུང་པོ་སྔ་ཕྱི་རྡོ་དུས་གསུམ་གྱི་བཞེད་པ་ཅུང་ཟད་མི་འདྲ་བར་ཡོད་པ། ཞེས་སྡེ་སྲིད་ཆེན་མོས་གཡའ་སེལ་དུ་གསུངས་སོ། །
       ཕྱི་རུ་དབུ་ཅན་སྦལ་ལུགས་མང་ལུགས་གཉིས་སུ་གྱེས་ཏེ། ཉེ་རབས་སུ་འཕན་ཡུལ་དང་ངོར་དུ་དར་བ་དེ་གཉིས་ཀྱི་ཡིག་རྒྱུན་ཡིན་པར་གྲགས། དེའི་རྗེས་སུ་སློབ་དཔོན་རོང་བོས་ཡི་གེའི་ཐིག་རིས་གསལ་བའི་རིན་ཆེན་སྒྲོམ་བུ་ཞེས་པ་དང་། སུམ་པ་པཎྜི་ཏས་ཡི་གེའི་ཐིག་རིས་དང་ཐིག་བཤད་མཛད་ནས་གཡུ་ཁྲིའི་ཐིག་རྩར་ལྷན་ཐབས་གནང་། ཕྱིས་སུ་དུས་རབས་བཅུ་བདུན་པའི་ནང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཡུ་ཁྲིའི་སྨྱུ་གུའི་བསྟན་བཅོས་དང་སློབ་དཔོན་རོང་པོའི་ཡི་གེའི་ཐིག་བཤད་སོགས་ལ་འགྲེལ་བཤད་རྒྱས་པར་བརྩམས་ནས་སླར་ཡང་དབུ་ཅན་ཡིག་གཟུགས་ཚད་ལྡན་དུ་གསལ་བར་མཛད། གཞན་དུ་དུས་རབས་བཅུ་གསུམ་པར་དཔལ་སྣར་ཐང་དུ་རྗེ་བཅོམ་ལྡན་རིག་པའི་རལ་གྲིས་དབུ་མཛད་ནས་སྣར་ཐང་དུ་སྡེ་སྣོད་གསུམ་ཕྱོགས་སུ་བསྒྲིགས་ཏེ་པར་དུ་བརྐོ་བའི་སྲོལ་ཐོག་མར་དར་བ་ནས་བཟུང་། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་བོད་ཡིག་དབུ་ཅན་གྱི་འབྲི་ཚུལ་ཕུན་སུམ་ཇེ་ཚོགས་སུ་སོང་། མདོ་ཁམས་ཕྱོགས་སུ་དུས་རབས་བཅོ་བརྒྱད་པའི་དུས་མགོར་སྡེ་དགེའི་མི་དབང་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྡེ་དགེའི་བཀའ་འགྱུར་པར་དུ་བཞེངས་པའི་སྐབས་བོད་ཡུལ་མདོ་དབུས་ཁམས་གསུམ་ལས་ཡིག་མཁན་ཆེན་མོ་དང་ཡི་གེ་བ་མང་བོ་གདན་དྲངས་ཏེ་ལྷན་དུ་བསྡུས་ནས་པར་ཤིང་གི་མ་ཕྱི་བྲི་བར་མཛད་པར་བཀའ་བརྒྱུད་སྒར་བྲིས་དང་། དགའ་ལྡན་བྲིས་གསར་སོགས་བྲིས་རྒྱུན་དུ་མ་བྱུང་། ཕྱིས་སུ་སྡེབ་བྲིས་སམ་སྡེ་བྲིས་སུ་གྲགས། སྡེ་དགེའི་པར་སྤེལ་ལས་དོན་ཆེན་པོ་དེས་ཡི་གེའི་འབྲི་གཟུགས་ཀྱི་ཐད་དུ་མ་ཟད་གཙོ་བོ་བོད་ཀྱི་རིག་གནས་བྱིངས་ལ་དགེ་བའི་ཤུགས་རྐྱེན་བསམ་གྱིས་མི་ཁྱབ་པ་ཞིག་ཐེབས་ཡོད་དོ། །
       མདོ་སྨད་ཕྱོགས་སུ་དེང་སང་དབུ་ཅན་འབྲི་ཚུལ་དར་ཁྱབ་ཆེ་བ་ཕྱག་རྒྱུན་གཉིས་འདུག་སྟེ། གཅིག་ནི་ཡི་གེའི་ཕྲ་སྦོམ་གྱི་སྨྱུག་འགྲོས་གཙོ་བོར་བཏོད་ཅིང་རྐང་བ་རྣམས་རིང་མཉམ་དུ་བཞག་པ། མཛེས་པའི་ཉམས་ཤིན་ཏུ་ཆེ་བའི ༧ སློབ་དཔོན་ཆེན་མོ་ཚེ་ཏན་ཞབས་དྲུང་མཆོག་གི་བྲིས་རྒྱུན་ཡིན། རྗེ་འདི་བའི་རང་རྣམ་དུ་ཕྱག་རྒྱུན་འདི་ཁོང་ཉིད་དགུང་ལོ་ཕྲ་བའི་དུས་སུ་ཀ་རོང་དགོན་དུ་སློབ་གཉེར་མཛད་པའི་དུས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་མདུན་ས་ནས་བྲིས་རྒྱུན་གཟབ་པར་བླངས་པར་གསུངས། གཞན་ཞིག་ནི་ཁྲིད་རྒྱུན་ཁུངས་བཙུན་ཚད་མར་འཛིན་པའི་གངས་ལྗོངས་སྨྱུག་འཛིན་དབང་བོ་སྨོན་ལམ་རྒྱ་མཚོ་མཆོག་གི་བྲིས་རྒྱུན་ཡིན། བྲིས་རྒྱུན་འདི་དགེ་རིན་པོ་ཆེ་ཉིད་ཀྱི་ཡིག་གཟུགས་བློ་གསལ་སྤྱི་ནོར་དུ་གསུངས་པ་ལ། སྔ་སོར་དཔང་ལོ་ཙཱ་བའི་ཕྱག་བྲིས་དངོས་ཀྱི་ཁྲིད་རྒྱུན་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་བོས་བོད་ཡུལ་དབུས་ནས་ཞུས་པར་གསུངས། དེང་སང་ཡང་དཔང་ལོའི་ཕྱག་བྲིས་དངོས་ཀྱི་ཤིང་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་མཇལ་རྒྱུ་བཞུགས། དགེ་རིན་པོ་ཆེ་ཉིད་ཀྱིས་བྲིས་རྒྱུན་འདི་བྲི་སྐབས་ཁྱུང་པོ་གཡུ་ཁྲིའི་སྨྱུག་གུའི་བསྟན་བཅོས་དང་། སུམ་པ་པཎྜི་ཏ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། སྡེ་སྲིད་ཆེན་མོ། ཨ་ལགས་ཤ་ངག་དབང་བསྟན་དར་སོགས་ཀྱི་ཡི་གེའི་བསྟན་བཅོས་དང་ཐིག་རིས་འགྲེལ་བཤད་དག་ལ་ཞིབ་གཏུག་ཅི་ལྕོགས་ཀྱིས་གཞི་བཟུང་བ་གནང་བས། བྲིས་རྒྱུན་འདི་དེང་སྐབས་བོད་ཡུལ་མདོ་དབུས་ཁམས་སུ་དབུ་ཅན་ཡིག་གཟུགས་འབྲི་ཚུལ་གྱི་ཚད་མར་འཛིན་པར་མཆིས། ཕྲན་གྱིས་བྲིས་པའི་དེབ་ཆུང་འདི་ཡང་དགེ་རིན་པོ་ཆེ་སྨོན་ལམ་རྒྱ་མཚོ་མཆོག་གི་ཁྲིད་རྒྱུན་ཕྲན་ཀན་ལྷོ་ཁུལ་མི་རིགས་སློབ་གྲྭར་སློབ་སྦྱོང་བྱེད་སྐབས་ལོ་དུ་མའི་རིང་ཁོང་གིས་སློབ་ཁྲིད་གནང་བ་ལྟར་དང་། ཕྱིས་ཀྱི་ལོ་མང་བོའི་རིང་སྐྱབས་རྗེ ༧ བསེ་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་མཆོག་གིས་ཐུགས་སུ་བཏགས་ཤིང་བཀས་སློབ་མ་རྣམས་ལ་ཡུན་རིང་སློབ་ཁྲིད་བྱེད་ཁུལ་དུ་ལག་སོས་མ་དལ་བར་བྲིས་པའི་འབྲས་བུ་ལྟ་བུ་ཡིན། འོན་ཀྱང་རང་གི་མཐོང་ཐོས་ཀྱི་རྒྱ་ཆུང་བ་དང་། ལག་པའི་སྟོབས་རྩལ་ཞན་པ་ངོ་གནོང་བར་འདུག་པས་ཀུན་ལ་དགའ་སྣང་འབྱིན་ཐུབ་པའི་བྲིས་གཟུགས་ཡག་པོ་ཞིག་འཁྱོངས་མེད་ནའང་། གཅིག་ཏུ་དམ་པ་གོང་མ་རྣམས་ཀྱི་ཤུལ་བཞག་རིན་བྲལ་ནོར་བུའི་ཕྱག་རྒྱུན་ཉམས་སུ་མི་འགྲོ་བའི་ཆེད་དང་། གཉིས་ན་དེང་གི་དུས་འདིར་མི་མང་བོ་གློག་ཀླད་གློག་འཕྲུལ་ལག་པར་སོགས་ཀྱི་རིགས་སྣ་ཚོགས་ལ་གཡེང་བས་བོད་ཡིག་རྣལ་མ་དང་དག་པ་ཞིག་བྲི་མཁན་དང་འབྲི་འདོད་པ་ཇེ་ཉུང་ཇེ་ཉུང་དུ་འགྲོ་བཞིན་པ་ཡིད་སྐྱོ་བའི་གནས་སུ་གྱུར་བ་ལ་དམིགས་ནས་དེབ་ཆུང་འདི་འབྲི་ཁུལ་བྱས། མཁས་དབང་རྣམས་དང་སྨྱུ་གུའི་གྲོགས་སུ་གཏོགས་པའི་ཡིག་མཁན་རྣམས་ཀྱིས་དགོངས་འཆར་ཅི་རིགས་གནང་བར་ཐུགས་རྗེ་ཆེ་ཞུ་བ་ལགས། དེབ་ཆུང་དུ་མཆན་འགྲེལ་གྱི་ཚུལ་བཀོད་པ་གཞི་གཙོ་བོ་དགེ་རིན་པོ་ཆེ་སྨོན་ལམ་རྒྱ་མཚོའི་ཡིག་གཟུགས་སྤྱི་ནོར་ལྟར་དང་། ཁྱུང་པོ་གཡུ་ཁྲིའི་སྨྱུ་གུའི་བསྟན་བཅོས། སྡེ་སྲིད་ཆེན་མོའི་གསུང་སོགས་ལས་དྲངས་པ་ཡིན། སྤྱིར་བོད་ཡིག་དབུ་ཅན་འབྲི་བའི་གནད་དམ་པ་ནི་ཁྱུང་པོ་གཡུ་ཁྲིས་གཏན་ལ་ཕབ་པའི་མ་ཆོས་ཉེར་གཅིག་དང་། བུ་ཆོས་བཅུ་དྲུག སྤྱི་ལ་བརྟེན་པའི་ཆོས་གསུམ། གཅེས་པ་བརྒྱད། འདོན་པ་བཅུ་སོགས་ང་བརྒྱད་པོ་གཙུག་ཏུ་འཛིན། དེ་སོགས་རེ་རེའི་བརྗོད་ཚུལ་དེབ་ཆུང་འདིའི་མཇུག་ཏུ་དཔེ་གཟུགས་ཀྱི་རི་མོ་་སྨྱུ་གུའི་བསྟན་བཅོས་ལས་བཤུས་ཏེ་བྲིས་ཡོད། སྨྱུ་གུའི་བསྟན་བཅོས་ལག་བྲིས་མའི་ནང་དུ་ཡི་གེའི་བཤད་པ་འདྲ་མིན་རེ་ཡོད་པ་དང་ལག་བྲིས་སུ་བགྱིད་པ་བོས་མ་ཕྱི་ལས་བཤུ་བའི་ཚེ་ཐུགས་མཉམ་མ་བཞག་པས་ཆད་ལྷག་འདྲ་མཆིས་པ་དག་རང་སོར་བཞག་ཡོད། དངོས་སུ་ལག་ཏུ་ལེན་པར་གཤམ་དུ་བྲིས་པའི་ཡི་གེའི་རི་མོ་ལསཤེས་པར་བྱའོ། །
       ཡི་གེ་འབྲི་བྱེད་ཀྱི་ཆ་ལ། སྔོན་དུ་ན་སྣག་ཀོང་མཚལ་ཀོང་སོགས་ཉེ་བར་མཁོ་བ་བཅོ་བརྒྱད་དུ་བཤད་མོད། རྒྱུན་ལྡན་གྱི་མཁོ་བ་ཤོག་བུ་དང་། སྨྱུ་གུ། སྣག་ཚ། ངར་གྲི། ཐིག་ཤིང་། སྣག་ཀོང་བཅས་འཛོམས་པ་གལ་ཆེ། ཡི་གེ་འབྲི་བའི་གཞི་དང་བོ་ཤོག་བུ་ནི། བོད་དུ་དུས་རབས་བདུན་པ་ཁྲི་སྲོང་བཙན་གྱི་སྐབས་སུ་དར་བ་ནས་བཟུང་བཟོ་བའི་ལག་རྩལ་རིམ་གྱིས་འཕེལ་རྒྱས་ཆེན་པོ་བྱུང་། སྔོན་གྱི་བསྟན་བཅོས་ལས་བོད་ཤོག་གི་རྒྱུ་གཙོ་བོའང་རྩ་ལྡུམ་དུང་ལོ་མ་དང་། ཨ་ག་རུའི་ཤུན་པ། རེའུ་ལྕག་གི་རྩ་བ་སོགས་བཏུས་བཀྲུ་བྲད་བརྡར་བཙོ་བརྡུང་དཀྲུགས་བླུག་སྐེམ་པ་བཅས་བཟོ་བའི་བརྒྱུད་རིམ་ཕྲ་ཞིང་ཞིབ་་པ་བྱེད་པ་ལས་གྲུབ་པ་ཡིན། དེ་འདྲའི་ཤོག་བུ་ལོ་བརྒྱ་ཕྲག་དུ་མ་འགོར་རུང་འབུས་མི་གནོད་པ་དང་། ཡི་གེའི་སྣག་རིས་གསལ་ལ་མི་ཡལ་བ། མདོག་ལེགས་པ་འབྲི་བདེ་བའི་ཡོན་ཏན་དག་དང་ལྡན་པས། རྒྱལ་བའི་གསུང་རབ་དང་བཀའ་ཡིག སྲིད་ཡིག་གཞུང་ཡིག་པར་ཡིག་རྣམས་བོད་ཤོག་སྟེང་དུ་སྤེལ་བ་ཡིན། བོད་ཤོག་ཇི་ལྟར་བཟོ་ཚུལ་བཟོ་ལས་སུ་གཏོགས་པས་འདིར་ཡིག་ཚོགས་མང་པོ་མ་བགྱིས། དེང་སང་རྒྱ་གར་དང་བལ་བོ། བོད་ལྗོངས་སྙེ་མོའི་ཡུལ་དུ་བོད་ཀྱི་སྔ་མོའི་ཤོག་བུ་བཟོ་བའི་ལག་རྩལ་མ་ཉམས་པར་དར་འཕེལ་དང་ཤོག་ཆས་མང་པོ་ཐོན་གྱིན་ཡོད། གཞན་དུ་དེང་སང་གལ་ཆེའི་ཡིག་ཆ་མ་གཏོགས་སྤྱིར་བཏང་གི་བོད་ཡིག་སྦྱོང་བ་དང་འབྲི་བ་ལ་རྒྱའི་ཞོན་ཤོག(宣纸)ཞེས་པ་ཤིན་ཏུ་བཟང་། རྒྱའི་ས་ཆར་ཤོག་བུའི་བཟོ་ལས་དར་མགོ་སྔ་ལ་ལག་རྩལ་ཡང་ཚད་མཐོན་པོ་འདུག་པས། ལྷག་པར་དེང་སྐབས་དེ་ལས་འཕེལ་རྒྱས་ཆེན་པོར་སོང་བས་ཤོག་བུའང་སྲབ་འཐུག འཇམ་རྩུབ། ཆེ་ཆུང་། རིང་ཐུང་། མདོག་གི་རྣམ་པ་སོགས་གང་མང་མང་དང་སྣ་ཚོགས་ཚོགས་ཞིག་ཐོན་ཡོད། བོད་ཡིག་འབྲི་མཁན་སོ་སོས་རང་གི་བྲི་བྱའི་མཁོ་བ་ལྟར་ཅི་དགར་ཉོ་ཆོག། འདིར་བཤད་དགོས་པ་ཞིག་ནི་རྒྱའི་ཞོན་ཤོག་སྣ་མང་པོ་ལས་མཚུལ་དཀར་བྱུགས་པའི་ཤོག་བུ(熟宣纸)མ་གཏོགས་གཞན་རྣམས་ཡི་གེ་བྲི་ཚེ་སྣག་ཆུ་འདལ་འགྲོ་བས་བོད་ཡིག་འབྲི་བར་མི་བཟང་།
       ཡི་གེ་འབྲི་བའི་ལག་ཆ་སྨྱུ་གུ་ནི། གཡུ་ཁྲིའི་སྨྱུ་གུའི་བསྟན་བཅོས་ལས། ལྷོ་སྨྱུག་རོང་སྨྱུག་ཉག་སྨྱུག་གང་རུང་ལ། །རྩི་འཇམ་ཤ་དྲངས་བུ་ག་མེད་པ་དང་། །མཁྲང་ཞིང་ཟླུམ་ལ་རྫི་ན་ལེགས་པ་ཡིན། །གཅོད་ལུགས་མ་ནོར་ཕྲ་སྦོམ་འགྲིལ་བ་བདེ། །མཐོ་ལས་མི་རིང་མཛུབ་ལས་མི་ཐུང་བ། །ཞེས་པ་དང་། ཡང་རྗེ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཞལ་ནས། འབྲི་བའི་ལག་ཆ་རྒྱ་སྨྱུག་ནི། །སྡོང་བོ་ཆེར་སྐྱེས་ཤ་མཐུག་ལྕི། །མདོག་སེར་མ་འཆུས་སྦུ་ག་མེད། །རྩི་འཇམ་སོས་མནན་འདྲེན་པ་ནི། །སྣག་གསེར་ཡིག་རིགས་ཀུན་ལ་བསྔགས། །འཇང་སྨྱུག་མདོག་ནག་སྦུ་ག་ཅན། །སིབ་ཅེས་དཀྱུས་ཡིག་འབྲི་ལ་བདེ། །ལྕགས་སྨྱུག་གསུང་རབ་གཏོས་ཆེར་བཟང་། །ལྷོ་སྨྱུག་རོང་སྨྱུག་ལེགས་པའང་རུང་། །སྨྱུག་རྣམས་ཡུན་རིང་དུད་ཁང་དུ། །བཏགས་ལ་བ་རྐང་རྙིང་པ་རབ། །མ་རྙེད་རྐང་མར་རྙིང་པས་བྱུགས། །ཡོས་ཚན་ནང་བཅུག་འཇམ་གྱིས་ཕྱི། །རུས་པ་ལྟ་བུར་མཁྲེགས་པར་འགྱུར། །བཟོ་གནས་ལེགས་ཉེས་གྲི་ལ་རག །ཅེས་གསུངས། སྤྱིར་རྒྱ་བོད་འཇང་ཡུལ་སོགས་ས་གནས་གང་ནས་ཐོན་པའི་རྒྱུ་སྨྱུག་མ་ཡིན་རུང་ཐོག་མར་སྨྱུག་སྡོང་དྲང་བ་དང་། ཤ་མཐུག་པ་རྩི་འཇམ་པ་བུ་ག་མེད་པ་ཞིག་ཡིན་དགོས། དེ་ནས་གོང་དུ་དམ་པ་རྣམས་ཀྱིས་གསུངས་པའི་མན་ངག་ལྟར་སྲ་མཁྲེགས་སུ་བཏང་སྟེ་གང་འཚམས་ཀྱི་འབྲི་བྱེད་སྨྱུ་གུ་བཟོ་བར་བྱ། སྨྱུ་གུ་བཟོ་བའི་དུས་ཉམས་མྱོང་གི་ཡོན་ཏན་ལ་ཤིན་ཏུ་རག་ལས་ཏེ་སླ་ཆོས་སུ་གཏན་ནས་མི་འོང་། ཡི་གེའི་གཟུགས་རིས་ཡག་བཙོག་དང་སྣག་འགྲོས་འབྱུང་མིན་སྨྱུག་ཁམ་བཟོ་ལུགས་འགྲིག་མིན་ལ་རག་ལས་ཁོ་ན་ཐུག དེ་ཡང་རྗེ་ཀོང་སྤྲུལ་བའི་ཞལ་ནས། སྨྱུ་གུ་མཐོ་བས་མི་རིང་ཞིང་། །མཛུབ་བས་མི་ཐུང་ཕྲ་སྦོམ་རན། །མཐེབ་མཛུབ་ཚད་སྦྱར་འགྲིམས་བདེར་གཞོག །རྩེ་སོར་ཕྱེད་གཉིས་གཞལ་བའི་སར། །སུམ་གཉིས་རྫིང་ལ་སུམ་གཅིག་མཆུ། །གཟོབ་འདོད་གས་ཆུང་མགྱོགས་འདོད་ཆེ། །རྫིང་འདྲ་ཡུར་བ་འདྲ་བ་ཞེས། །རྒྱབ་ནས་བལྟས་ཏེ་གཡས་གཡོན་སྙོམས། །རྫིང་མཆུ་ཧ་ཅང་མི་སྲབ་ལ། །བཅད་ཁ་གྱེན་གསེག་རིམ་གཅོད་བྱ། །གསུམ་ལྡན་ལྔ་འཛོམ་ཞེས་པའི་དོན། །སྨྱུ་གུ་མཆུ་ལ་མཁས་གྱུར་ན། །ཡི་གེའི་འབྲུ་ལ་མཁས་པར་བཤད། །ཡིག་གཟུགས་བཟང་ངན་ལག་པའི་རྒྱུ། །མགྱོགས་དལ་སྦྱངས་པ་ཆེ་ཆུང་སྟེ། །དག་ཆ་རྣམ་རྟོག་རྒོད་གཡུང་གཙོ། །མཐེབ་མཛུབ་ཤེད་སྙོམས་འཕུར་འཛུམ་རན། །ཆིག་འཐེན་ཤེས་དང་དྲང་མྱུར་ལྡན། །སྒྲོས་དག་སྐྱེན་གསུམ་འཛོམ་པ་མཆོག །ཅེས་གསུངས་པ་མན་ངག་གོ །དེ་འདྲའི་ཡོན་ཏན་ལྡན་པའི་སྨྱུ་གུ་འཛིན་སྟངས་ནི། ཅོག་ཙེ་བརྟན་པོའི་སྟེང་དུ་ཡི་གེ་འབྲི་བའང་འདྲ། སྐྱིལ་ཀྲུང་གི་ཚུལ་དུ་སམ་ཊའི་སྟེང་དུ་ཡི་གེ་འབྲི་བའང་འདྲ། འབྲི་བའི་ཚེ་རང་ལུས་མི་དགྱེ་མི་སྒུར་རན་ཚོད་དུ་སྡོད་དགོས་ཏེ་སྨྱུ་གུ་གཟུང་བའི་སྐབས། དེང་སང་གི་ལྕགས་སྨྱུག་འཛིན་པ་ལྟར་མི་བྱ་ལ་མཐེབ་མཛུབ་གཉིས་ཀྱི་བར་དུ་འཛིན་དགོས། མཐེབ་མཛུབ་གཉིས་ཀྱི་དམ་ལྷོད་དང་སོར་མོ་མས་མ་གསུམ་གྱི་བསྐུམས་ཚད་ཀྱང་རན་པ། ལག་པའི་སྤར་ཁྱིམ་དུ་ཕུག་རོན་གྱི་སྒོ་ང་ཆུད་ཙམ་ལྟ་བུའི་ཁོང་སྟོང་དུ་བཞག་དགོས། ཅེས་དགེ་རིན་པོ་ཆེ་སྨོན་ལམ་རྒྱ་མཚོས་གསུངས་སོ། །དེང་དུས་སུ་རང་འབབ་ཆུའི་ལྕགས་སྨྱུག་གི་རིགས་གསར་བ་མང་པོ་ཞིག་ཐོན་ཡོད་ནའང་བོད་ཡིག་ཚད་ལྡན་དང་རི་མོའི་ཉམས་ཐོན་པར་སྨྱུག་མའི་སྨྱུ་གུ་ལས་ལྷག་པ་མེད། གཞན་ཡི་གེ་གཏོས་ཆེན་པོ་འབྲི་ཚེ་པིར་སྨྱུག་ལེབ་མོ་སྤྱོད་པར་བདེ་བ་ཡིན།
       ཡི་གེ་འབྲི་བྱེད་ཀྱི་རྫས་ནི། གསེར་དང་དངུལ། བྱུ་རུ། དུང་། མུ་མེན། པདྨ་རཱ་ག་སོགས་གཏེར་རྡོ་རིན་ཐང་ཅན་གྱིས་བྲི་བའི་སྲོལ་དར་ཡོད་དེ། སྔོན་གྱི་བཀའ་འགྱུར་གསེར་བྲིས་དངུལ་བྲིས་མཚལ་བྲིས་སོགས་རིན་ཐང་ཧ་ཅང་ཆེ་བའི་པོད་རྙིང་མང་པོ་དེང་སང་མཇལ་རྒྱུ་བཞུགས། འོན་ཀྱང་རིན་པོ་ཆེའི་རིགས་གཅིག་ཏུ་རིན་ཆེ་བ་དང་། གཉིས་སུ་ལྡུར་བཟོའི་ལས་ཚེགས་ཆེ་བས་ཉམས་མྱོང་ཅན་དང་ཆེད་དུ་གཉེར་མཁན་མ་གཏོགས་སྐྱེ་བོ་ཕལ་བས་ལྡུར་ལས་འབྱོར་མོ་ཞིག་བཟོ་དཀའ་བ་ཡིན། དེར་བརྟེན་གནའ་ནས་ད་བར་ཡི་གེ་འབྲི་བྱེད་ཀྱི་རྫས་གཙོ་བོ་ནི་སྣག་ཚ་ཡིན། སྣག་ཚ་བཟོ་བའི་ཐབས་ལམ་དམ་པ་གོང་མ་རྣམས་ཀྱིས་ཉམས་མྱོང་མང་པོ་བསགས་ནས་གཞུང་དུ་རྒྱས་པ་བཀོད་འདུག སྣག་ཚ་བཟོ་བའི་རྒྱུ་ནི་མར་མེའི་མེ་ཏོག་དང་། སྒྲོན་ཤིང་། ཉ་སྦྲིད། གྲོ་ག ཤིང་རྒན་གྱི་ཐང་ཚིལ་སོགས་ཡོད་ལ་རྒྱུ་རབ་མར་མེའི་མེ་ཏོག་ཡིན། མར་མེའི་རྩེར་ཆགས་པའི་དྲེག་པ་མེ་ཏོག་ལྟ་བུ་དེ་མང་དུ་བསགས། དེ་ལ་སྤྱིན་ཆུ་བསྲེ་ནས་བཟོ་བར་བྱ། རྒྱུ་གཞན་རྣམས་འབྲིང་དུ་བཤད་དེ་སྒྲོན་ཤིང་དང་། ཉ་སྦྲིད། གྲོ་གའི་ཤིང་སྡོང་གི་ཤུན་པ་སྔོ་བཤུ་དང་། ཡང་ན་ཐང་ཚིལ་གཞོན་ཆེས་འབྱར་བག་ཅན་མིན་པ་ཚིལ་བུ་འདྲ་བ་དེ་མང་པོ་བསགས། དེ་དག་འཁོར་མོའམ་བྲུ་ཐབ་ཅེས་པའི་སྟེང་རྫ་ཁོག་ཞབས་རྡོལ་ཅན་ལྔ་ནས་བདུན་བརྩེགས། ཐབ་ནང་ཤུན་པ་བསྡུས་པ་མེ་རུ་སྦར་བས་དྲེག་པ་ཆགས་སུ་བཅུག འོག་མའི་དུད་དྲེག་དམན་པས་སྤང་བར་བྱ། སྟེང་གི་རྫ་ཞབས་ཀྱི་དྲེག་པ་ཀུན་པོ་བསྡུས་ནས་སྣོད་དུ་སྤྱིན་ཆུ་ཚད་རན་པ་དྭངས་མ་ལ་བཏབ་སྟེ་མེའི་སྟེང་དུ་ཅུང་ཟད་ཚ་བར་བྱས་ནས་དཀྲུགས། དེ་ནས་རྐྱལ་དུ་བླུགས་ཏེ་མཉེ་བསྲུབ་ཤེད་མཉམ་ཞིང་རན་པར་འདུལ། ཉིན་རེར་བྲེ་གང་རེ་འདུལ་བར་བཤད་ཅིང་དུལ་ཐུབ་པའི་རྟགས་ཚེག་སྒྲ་གྲག་ན་ཚད་ཡིན་པར་བཤད། དེའང་འདུལ་ཇི་ཙམ་སོང་བ་དེ་ཙམ་ལེགས། སྐམ་ཐག་ཡང་ཡང་གཅོད་པ་ནི་སྣག་འདུལ་བའི་མན་ངག་མཆོག་ཏུ་འཛིན་པའོ། །འདི་ལྟར་སྣག་ཚ་འདུལ་སྦྱོར་གྱི་ལག་ཐབས་རྒྱས་པ་རྗེ་ཀོང་སྤྲུལ་མཆོག་གི་ཤེས་བྱ་ཀུན་ཁྱབ་ལས་གསལ་བར་གསུངས། ཡིན་ཡང་དེང་སང་བོད་ཀྱི་སྣག་བཟོའི་ལས་འདི་དུས་དང་རྐྱེན་དབང་གིས་ཕྱག་རྒྱུན་ཉམས་པས། ཕྱིར་སླར་གསོ་ཐུབ་པ་བྱུང་ན་སྙིང་པོ་ལྡན་པའི་བྱ་བ་ཡག་པོ་ཞིག་ཡིན་པར་སྙམ། དེང་སྐབས་བོད་ཡིག་འབྲི་བྱེད་ཀྱི་སྣག་སོགས་ཕལ་ཆེར་རྒྱའི་ནང་ནས་ཐོན་པའི་སྣག་ཚ་བཀོལ་བ་ཡིན། དེ་ཉོ་བའི་དུས་རབ་འབྲིང་གི་བཟང་ངན་རྟོགས་དགོས་ལ་་ལག་ཏུ་གང་འབྱོར་གྱིས་ཡི་གེ་འབྲི་བར་མི་ལེགས། འོ་ན་རྒྱའི་སྣག་ཚའི་རིགས་ཤིན་ཏུ་མང་པོའི་ནང་ནས་རི་མོ་དང་ཡིག་གཟུགས་འབྲི་བར་ཆེད་དུ་བཟོས་པ་དང་། སྣག་ལས་བཟོ་གྲྭར་མཚོན་ན་ལོ་རྒྱུས་རིང་ཞིང་ཚོང་རྟགས་མིང་གྲགས་ཅན་དཔེར་ན་ཡས་ཏི་ཀི(一得阁)དང་། ཞོན་ཙོན(玄宗/玄明)ལྟ་བུའི་སྣག་ཚ་དེ་དག་རྒྱུ་སྤུས་བཟང་པོ་ཡིན། སྣག་ཚ་དེ་རྣམས་མདངས་ལེགས་ཤིང་འོད་ཡོད་པ། དྲི་ཞིམ་ལ་ཡུན་རིང་དུ་བཞག་རུང་མདོག་མི་ཡལ་བ་དང་མི་རུལ་བའི་ཡོན་ཏན་དང་ལྡན། སྣག་ཚའི་སྣོད་ནི་སྔོན་གསེར་དང་དངུལ་སོགས་རྒྱུ་རིན་པོ་ཆེ་ལས་བཟོས་པ་བཤད་དུ་ཡོད་མོད། སྤྱིར་བཏང་ཡི་གེ་འབྲི་བ་ལ་དེ་འདྲའི་བུམ་པ་དགོས་མཁོ་ཆེར་མེད། སྣག་ཀོང་ངམ་སྣག་བུམ་རབ་ནི་གཏེར་རྡོའི་ཀོང་བུ་ཡིན། གཏེར་རྡོ་གཡའ་མས་བཟོས་པའི་སྣག་བུམ་ལ་མཚོན་ན་གཤིས་འཁྱག་ཅིང་བརླན་འཛིན་པས་སྣག་ཆུ་ཡུན་རིང་དུ་གནས་ཀྱང་མི་རུལ་མི་སྐེམ་པ་དང་སྤུས་མི་འགྱུར་བའི་ཕན་ཡོན་ཡོད། སྣག་བུམ་འབྲིང་ནི་རྫ་དང་ཤེལ་གྱི་བུམ་པ་ཆུང་ངུ་ཡིན། ཐ་མ་ནི་རའི་རྒྱུ་ལས་བྱས་པའི་སྣག་ཀོང་སོགས་ཡིན་ཏེ་སྣག་ཆུ་རུལ་སླ་ལ་དྲི་ངན་འབྱུང་བས་སྤྱོད་མི་བདེ། སྣག་བུམ་གང་རུང་ཡིན་ཀྱང་ཐོག་མར་བུམ་པའི་ཞབས་ལ་སྲིང་བལ་དང་རས་གཞི་དུམ་བུ་ཙམ་བཏིངས་ནས་སྟེང་དུ་སྣག་ཚའི་ནང་ཆུ་ཐིགས་ཙམ་སྡེབ་ནས་འབྲི་བར་བྱ། སྣག་ཚ་རྐྱང་རྐྱང་གིས་ཡི་གེ་བྲིས་ཚེ་སྣག་ཆུ་ཤོག་བུའི་སྟེང་འདལ་འགྲོ་བས་ཡིག་གཟུགས་རི་མོ་འབབ་དཀའ།
       གཞན་དུ་གྲི་དང་ཐིག་ཤིང(ཁྲི་ཙེ)ཐིག་སྐུད་སོགས་ཀྱི་མཁོ་ཆས་དེང་སང་གང་འདོད་པ་འཚོང་རྒྱུ་ཡོད་པས་འདིར་མ་སྨྲས་སོ། །གླེང་དགོས་པ་ཞིག་ནི་སྨྱུ་གུ་གཞོག་བྱེད་ཀྱི་གྲི་དེ་ལྕགས་རྒྱུ་བཟང་ཚོད་ཡིན་དགོས། ལྕགས་རྒྱུ་ངར་ཆེ་ན་བརྡར་དཀའ་བ་དང་ངར་ཆུང་ན་རྣོ་མི་འཛིན་པས་རང་རང་གི་དངོས་སྤྱོད་ཉམས་མྱོང་ལྟར་འཚོལ་བར་བྱ། སྨྱུ་གུའི་ཁམ་གཅོད་པའི་དུས་ཀྱི་གྲི་གདན་ནི་རའི་རིགས་ལས་བྱུང་བའི་རྒྱུ་ལེབ་ལེབ་གང་རུང་སྙོམས་པ་སྲ་མཁྲེགས་ཅན་ནམ། ཡང་ན་ཤེལ་གྱི་རིགས་མཐུག་པོ་འཇམ་པོ་ཅན་དག་སྨྱུག་ཁམ་གཅོད་པར་བཟང་།དེ་མིན་ཤིང་རིགས་སྙི་མོ་སོབ་པོ་ཅན་གྱི་སྟེང་དུ་སྨྱུག་ཁམ་གཙང་དག་ཆོད་མི་ཐུབ།
       གང་ལྟར་བོད་ཀྱི་ཡིག་གཟུགས་ལེགས་པོ་ཞིག་སྦྱོང་འདོད་ན་གཅིག་ཏུ་སྐྱེས་ཐོབ་ཀྱི་བག་ཆགས་བཟང་ཙམ་དགོས་པ་དང་། གཉིས་སུ་རྗེས་ཐོབ་ཀྱི་འབད་པས་ལག་ལེན་ལ་རག་ལས་ཆེ།ཉིན་འགའི་དགའ་ཞེན་གྱིས་ཡི་གེ་སྦྱོང་བར་འབྲས་བུ་འབྱུང་མི་སྲིད། རྗེ་གུང་ཐང་བའི་ཞལ་ནས། ཉིན་རེ་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། །ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད། །ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར། །ཞེས་གསུངས་པ་ལྟར་རྒྱུན་འཁྱོངས་མི་ཐུབ་པ་དང་མཇུག་མེད་པར་མི་བྱེད་ལ། ཡི་གེ་འབྲི་བར་ཞུགས་པ་ནས་བཟུང་བརྩོན་པའི་སེམས་དེ་མི་ལྷོད་མི་གཡེང་བར། དམ་པ་གོང་མ་རྣམས་ཀྱི་ཕྱག་རྒྱུན་ལྟར་དད་པས་ཁོང་རྣམས་ཀྱི་་ལུང་དང་རིགས་པར་་བརྟེན་ཅིང་བསླབ་ན་ད་གཟོད་རང་གཞན་ཀུན་ལ་ཕན་པའི་ཡིག་གཟུགས་ཀྱི་འབྲི་རྩལ་ཀུན་ནས་རྒྱས་པར་གྱུར་ཏོ། །

དབུ་མེད།

       ༄༅། །བོད་ཡིག་དབུ་མེད་ཀྱི་སྲོལ་དར་ཚུལ་ལ། སྤྱིར་བོད་ཀྱི་ལོ་རྒྱུས་ཡིག་ཆ་གང་མང་དུ་བོད་ཡིག་ཐོག་མ་བྱུང་ཚུལ་གླེང་བའི་སྐབས་ཐོན་མི་ཉིད་ཀྱིས་ལེགས་སྦྱར་གྱི་ཡི་གེ་ལན་ཚ་དཔེར་བྱས་ནས་དབུ་ཅན་དང་། ཝརྟུར་དཔེར་བྱས་ནས་དབུ་མེད་བཟོས་པ་སོགས་བཤད་ཡོད་ནའང་། བོད་ཡིག་དངོས་ཀྱི་གཟུགས་དེ་ལན་ཚ་ཝརྟུའི་གཟུགས་དང་བསྡུར་ཚེ་ཉིས་ཀ་ཁྱད་པར་ཤིན་ཏུ་ཆེ་བས། ཐོན་མི་ཁོང་ཉིད་ཀྱིས་ལེགས་སྦྱར་གྱི་ཡི་གེ་དེ་ལ་དཔེ་ལྟ་ས་དང་དཔྱོད་པའི་གཞི་འཛིན་ས་བྱས་པ་ཡིན་གྱི། ཇི་མ་ཇི་བཞིན་གཟུགས་སུ་ཕབ་པ་ནི་གཏན་ནས་མིན་པ་བལྟས་པ་ཙམ་གྱིས་ཤེས་ནུས། དེ་ན་ཐོན་མི་ཁོང་ཉིད་ཀྱིས་བོད་ཀྱི་སྐད་དང་སྔར་ཡོད་ཡི་གེ་ལ་ཀུན་ནས་བསྟུན་སྟེ་འབྲི་བདེ་བ་དང་སྤྱོད་སླ་བའི་ཡིག་སྲོལ་གསར་བ་ཞིག་མཛད་པ་ཤ་སྟག་རེད། ཡང་ཐོན་མིས་བོད་ཡིག་གསར་བཅོས་གནང་སྐབས་དབུ་ཅན་དང་དབུ་མེད་དུས་མཉམ་དུ་མཛད་པ་ཡིན་མིན་དེང་སང་མཁས་པ་མང་པོས་ལྟ་ཚུལ་མི་གཅིག་པ་མང་པོ་ཡོད་ལ། མཁས་པ་ལ་ལས་སྔོན་ཞང་ཞུང་གི་ལྷ་བབ་ཡི་གེ་དེ་བོད་ཡིག་དབུ་མེད་འབྲི་ཚུལ་གྱི་ཐོག་མ་ཡིན་ཞེས་བརྗོད་པ་དང་། ཡང་མཁས་པ་ལ་ལས་ལྷ་སའི་གཙུག་ལག་ཁང་གི་རྟ་མགྲིན་ཞབས་འོག་ནས་གཏེར་དུ་སྦས་པའི་དབུ་མེད་འབྲུ་མའི་ཡི་གེ་ཞིག་རྙེད་པ་དེ་ཐོན་མིས་དབུ་མེད་ཀྱི་ལམ་ནས་བྲིས་པའི་ཕྱག་བྲིས་འཁྲུལ་མེད་ཡིན་ཞེས་གསུངས་པ་དང་། ཡང་མཁས་པ་ལ་ལས་བོད་ཡིག་དབུ་མེད་ཀྱི་འབྲི་སྲོལ་ནི་དབུ་ཅན་ཡི་གེ་དངོས་སུ་སྤྱོད་པའི་དུས་ཡུན་རིང་པོའི་ཁྲོད་འབྲིར་མྱུར་བ་དང་བཀོལ་སླ་བའི་ཆེད་རིམ་གྱིས་གཟུགས་འགྱུར་བྱུང་བ་རེད་ཅེས་གསུངས་འདུག། གང་ལྟར་ཀྱང་འཛམ་གླིང་ཡིག་རིགས་གང་ལ་བལྟས་ཀྱང་ཐམས་ཅད་པོ་ཐོག་མར་སྐད་བརྡ་དང་དོན་སོགས་མི་བརྗེད་པར་ཟིན་བྲཱིས་སུ་ཕབ་པའི་ཆེད་དུ་བྱུང་བ་ཡིན་ཏེ། ཡུན་རིང་བའི་སྤྱི་ཚོགས་དངོས་སྤྱོད་ཀྱི་ཁྲོད་དུ་བཀོལ་བདེ་བ་ཞིག་དང་བཀོལ་སླ་བའི་ཡི་གེའི་གཟུགས་ཅིག་རིམ་གྱིས་འགྱུར་འོང་བ་ཡིན་ལ། དེ་མ་ཟད་ཡི་གེའི་གཟུགས་འགྱུར་ཡང་ཕུན་སུམ་ཇེ་ཚོགས་སུ་འགྲོ་ཞིང་སྒྱུ་རྩལ་རང་བཞིན་གྱི་མཛེས་རིས་ཉམས་ཀྱི་རྣམ་པའང་རིམ་གྱིས་རྐང་ཆགས་པ་ཡིན། རང་བོད་ཀྱི་ཡི་གེའང་འཕེལ་རིམ་དེ་དང་མཚུངས་པར་སྙམ། འོ་ན་བོད་ཡིག་དབུ་མེད་ཀྱི་ཐོག་མའི་འབྱུང་ཁུངས་གང་ལ་ངོས་འཛིན་དགོས་པ་བདག་ལྟ་བུའི་བློ་གྲོས་དམན་པས་ཁ་ཚོན་གཅོད་པའི་སྤོབས་པ་མི་ལྡན་ལ་སྐབས་སུ་བབས་པའི་ལས་ཀྱང་མ་ཡིན་ནོ། །
       དེ་ན་བོད་ཡིག་དབུ་མེད་ཀྱི་གཟུགས་གང་མང་ལ་བརྟགས་ན་འབྲུ་མའི་རིགས་ནི་དབུ་མེད་ཀྱི་ཡིག་རྒྱུན་ཤིན་ཏུ་རྙིང་བ་ཡིན་པ་མངོན་གསལ་འདུག འབྲུ་མའི་རིགས་དེ་དག་ལས་དེང་སང་མཐོང་ཆོས་སུ་ཡོད་པའི་དབུ་མེད་ཀྱི་བྲིས་གཟུགས་རྣམ་པ་མང་པོ་ཞིག་མཆེད་ཡོང་བ་ཡིན། ཡང་རྗེ་ཀོང་སྤྲུལ་བའི་ཤེས་བྱ་ཀུན་ཁྱབ་ཏུ་བོད་ཡིག་གཟབ་ཆེན་གཟབ་ཆུང་འབྲུ་ཆེ་ཆུང་། ། བཤུར་མ་དཀྱུས་ཡིག་དྲུག་ལ་ཐམས་ཅད་འདུ། ། ཞེས་གསུངས་པ་ལས་འབྲུ་ཆེ་ཆུང་བཤུར་མ་དཀྱུས་ཡིགཟེར་བ་དག་བོད་ཡིག་དབུ་མེད་ཀྱི་རིགས་སུ་གཏོགས་པ་ཤ་སྟག་ཡིན་ཏེ། ཡང་འབྲུ་ཆེན་ལི་ལུགས་ལྡན་ལུགས་རིམ་མཆེད་མང་། བོད་ཡིག་གཤར་མ་རྣམས་ཀྱི་མཆོག་ཏུ་གྱུར་པ་འབྲུ་ཆེན་ལ་ལི་ལུགས་ཀྱི་བྲིས་རྒྱུན་ཆད། ལྡན་མ་རྩེ་མང་གི་ལུགས་ཡིན་པས་སམ། ཡི་གེ་ཚད་དང་ལྡན་པས་ལྡན་ལུགས་ཞེས་པ་ཐིག་ཚད་ཆེ་བའི་ཁོངས་ནས་དྲངས་པ་དང་། དབྱིབས་འདྲའང་ཐིག་ཚད་ཆུང་བའི་འབྲུ་ཆུང་། དེ་ཉིད་ལ་ཡིག་འབྲུ་བཅོ་བརྒྱད་ཙམ་འདྲ་མིན་ཡོད་པའི་འབྲུ་ཚ་རྣམས་ནི་སྔོན་གྱི་རྩ་བའི་ཡིག་རྒྱུན་ཡིན་ལ། དེ་ལས་མཆེད་པ་ཚེག་ལྟར་གྲུ་བཞི་བསྒྲིགས་པ་ཚེག་བྲིས། དེ་ལས་འཇམ་པ་ཟླུམ་བྲིས། དེའི་སུག་པོ་དང་ཡན་ལག་རིང་དུ་བཏང་བ་འབའ་ཧོ། དེ་ལས་ཐུང་དུ་བཏང་བ་ལ་སུག་ཐུང་། དེ་ལས་མཉེན་པ་གྲ་རིས། སུག་པོ་ནང་འཐེན་རྣམས་བཀུག་པ་སུམ་ཆ་ཆགས། དེ་ལས་མཉེན་པ་སུག་སྐོར། དེ་ལས་བདེ་བ་ཕྲིན་ཡིག་དཀྱུས་མ། དེ་རྣམས་ལའང་ཡུལ་སོ་སོའི་ལག་རྒྱུན་མི་འདྲ་བ་ནི་ཆེས་མང་ངོ་། །ཞེས་གསུངས་པ་ལྟར་བོད་ཡིག་དབུ་མེད་ཀྱི་རིགས་ནི་གནའ་ནས་ད་བར་གྱི་དུས་སྐབས་སོ་སོ་ལ་རྣམ་དཔྱོད་འགྲན་མེད་ཀྱི་ཡིག་མཁན་མང་པོ་བྱུང་ཞིང་ཁོང་རྣམས་ཀྱི་ཕྱག་རྒྱུན་དེ་རིམ་གྱིས་ཡུལ་གྲུ་གང་སར་མཆེད་ཅིང་འཕེལ་བའང་གྲངས་ཀྱིས་མི་ལངས་པ་ཞིག་མཆིས། འོན་ཀྱང་དེ་འདྲའི་རྣམ་པ་མང་པོ་ལས་རྒྱུན་དུ་སྤྱོད་པའམ་སྤྱོད་སྒོ་ཡངས་པའི་གཟུགས་ནི་འབྲུ་ཚའི་རིགས་དག་དང་། སུག་རིང་སུག་ཐུང་དང་། ཚུགས་མའི་རིགས། རྒྱུག་བྲིས་སམ་འཁྱུག་བྲིས་སོགས་ཡིན་ནོ། །
       གཞན་ཡང་དབུ་མེད་འབྲུ་ཆེན་ལི་ལུགས་ཀྱི་ཕྱག་རྒྱུན་དེ་ལོ་རྒྱུས་ཡིག་ཆ་ཕལ་མོ་ཆེའི་ནང་དུ་སྔ་མོ་ནས་ཉམས་པར་སྨྲ་བའི་ཐད་ལ་དེང་དུས་ཀྱི་དཔྱོད་ལྡན་ཡིག་བཤད་མཁས་ཆེན་གྲོང་ཁང་ཚེ་རིང་ཆོས་རྒྱལ་ལགས་ཀྱིས་བོད་ཀྱི་ཡི་གེའི་རྣམ་བཤད་སེང་གེའི་ང་རོ་ཞེས་པའི་ནང་དུ་ཐོན་མིའི་དུས་ན་ལི་ལུགས་ཞེས་པ་ལེགས་བྲིས་ཞེས་པའི་དོན་འགྱུར་བ་ཡིན། དེ་ལས་མཆེད་པ་ལ་མགོ་སྣོག་དང་། སྟ་རེ་མ། ཁྲ་ཆེ་ཆུང་བཅས་གཙང་མངའ་རིས་དང་། ཁྱུང་པོའི་ཡུལ་ན་དར་ཁྱབ་ཆེ་བ་བྱུང་། ཞེས་པ་ལུང་དུ་དྲངས་ནས་བོད་ཡིག་ལི་ལུགས་ཀྱི་བྲིས་རྒྱུན་དེ་སྤྱི་ཚོགས་འཚོ་བའི་ཁྲོད་དུ་འབྲི་སྤྱོད་སྤེལ་ཞིང་གཞི་ཆགས་པ་དེ་འཕེལ་འགྱུར་བྱུང་བ་མ་ཟད་བྲིས་གཟུགས་ཀྱང་གསར་བ་ཞིག་ཏུ་འགྱུར་སྲིད་ཅེས་གསུངས་པ་གནས་ལུགས་ལྡན་ཏེ་དེའི་སྐོར་ད་རུང་མུ་མཐུད་དཔྱོད་དགོས་སྙམ། དེས་ན་བོད་ཡིག་དབུ་མེད་ཀྱི་ལུགས་གང་ལ་སྔ་དུས་སུ་ཐིག་བཤད་འདུག་པ་མ་ཐོས་མོད། ཕྱི་དུས་ཀྱི་ཁྱུང་པོ་གཡུ་ཁྲིའི་སྨྱུ་གུའི་བསྟན་བཅོས་ཀྱི་མཇུག་ཏུ་འཁྱུག་བྲིས་ལ་ཐིག་བཤད་མདོར་བསྡུས་ཙམ་མཛད་པ་ལས་དབུ་ཅན་ལྟ་བུའི་ཞིབ་རྒྱས་གནང་མེད། དུས་རབས་བཅོ་ལྔའི་མགོར་རྒྱལ་མཁར་རྩེ་བ་རབ་བརྟན་ཀུན་བཟང་འཕགས་ཀྱིས་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཆེན་ལྡན་མ་རྩེ་མང་གི་ལྡན་ཡིག་དེ་ལ་ཐིག་བཤད་དང་ཐིག་རིས་འདེབས་པའི་སྲོལ་ཐོག་མ་བཏོད། རྗེས་སུ་སྡེ་སྲིད་ཆེན་མོ་སངས་རྒྱས་རྒྱ་མཚོས་རྒྱལ་མཁར་རྩེ་བའི་ཐིག་བཤད་ལ་གཞི་བྱས་ནས་འགྲེལ་བཤད་ཕྲ་ཞིང་རྒྱས་པ་མཛད་ནས་ཚད་དང་ལྡན་པར་བཏང་བ་ཁོང་གི་གསུང་གཡའ་སེལ་དུ་གསལ་བོར་བཞུགས། དེ་ལའང་རྒྱལ་དབང་བདུན་པ་མཆོག་གིས་ཐིག་བཤད་མཛད་ཡོད་སྐད་དགེ་རིན་པོ་ཆེ་སྨོན་ལམ་རྒྱ་མཚོས་གསུངས་འདུག་པ་གང་སར་རྩད་བཅད་ཀྱང་ད་སྔ་ལག་ཏུ་མ་རྙེད། གང་ལྟར་གནའ་བོའི་འབྲུ་ཆེན་འབྲུ་ཆུང་གི་རྨང་གཞིའི་སྟེང་ནས་བོད་ཡིག་དབུ་མེད་ཀྱི་འབྲི་སྟངས་སྣ་ཚོགས་བརྒྱ་གྲངས་འདས་པ་མཆེད་ཅིང་ཐིག་རྩ་འདེབས་པའི་སྲོལ་བཟང་པོའང་དར། འོན་ཀྱང་འབྲུ་ཆེ་ཆུང་གི་ཡིག་རྙིང་རང་གཟུགས་ནི་དུས་འགྱུར་དང་སྲིད་འགྱུར་གྱི་རྐྱེན་དབང་གིས་ཇི་མ་ཇི་བཞིན་གྱི་བྲིས་རྒྱུན་དེ་དར་ཁྱབ་ཆེན་པོ་འགྲོ་མ་ཐུབ། དེ་ན་དབུ་མེད་འབྲི་ལུགས་སོ་སོ་ལ་ཡིག་མཁན་རྣམས་ཀྱིས་སྐབས་དང་བསྟུན་ནས་ཐིག་རྩའི་ཆེ་ཆུང་དང་སྨྱུག་འགྲོས་བབ་འཇོག སྨྱུག་ཁ་འཐེན་སྟངས་སྐོར་ལུགས་ཀྱི་གནད་འགོག་སོགས་ངག་རྒྱུན་ལྟར་ཁྲིད་པ་ཡིན་གྱི། དབུ་མེད་ཡོད་དོ་ཅོག་གི་གཟུགས་རེ་རེ་བ་བཞིན་ཐིག་རྩ་ཐིག་བཤད་མཛད་ཡོད་པ་མ་ཡིན་ནོ། །
       ཕྲན་གྱི་དབུ་མེད་འབྲི་ཚུལ་གྱི་དེབ་ཆུང་འདི་ནི་དགེ་རིན་པོ་ཆེ་སྨོན་ལམ་རྒྱ་མཚོ་མཆོག་གི་ཕྱག་རྒྱུན་ལྟར་བྲིས་པ་ཡིན་ཏེ་ཁོང་གིས་གསུངས་པ་བཞིན། ཁྲིད་རྒྱུན་འདི་སྔ་དུས་སུ་ཀུན་མཁྱེན་ལྔ་བ་ཆེན་མོ་བསྟན་པའི་རྒྱལ་མཚན་མཆོག་གིས་སྐབས་དེའི་ཡུལ་དབུས་ཀྱི་རྩེ་དྲུང་སྟེ་ཡིག་གཟུགས་ཆེས་ལེགས་པའི་མཁས་ཆེན་དམ་པ་ཐུབ་བསྟན་བསྟན་འཛིན་ཞེས་པ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ནས་སྤེལ་བ་དང་། བོད་པ་བི་ཅི་ཅི་ཞེས་པ་ལས་རྒྱུག་བྲིས་ཀྱི་ཕྱག་རྒྱུན་སྤེལ་བར་བཤད། འདི་དག་དེང་སང་གཙང་ཕྱོགས་སུ་དར་བའི་དབུ་མེད་ཀྱི་འབྲི་ཚུལ་དང་འདྲ་ཆེ་སྙམ། སྦྱོང་དཔེ་འདིར་རྒྱུན་སྤྱོད་ཡངས་པའི་དབུ་མེད་སུག་རིང་སུག་ཐུང་བཅས་གཟུགས་རིས་འགའི་སྦྱོང་རིམ་བྲིས་ཡོད་པ་མ་གཏོགས་གཞན་རྣམས་ཀུན་གྱི་བློ་ཚིམ་པའི་གཟབ་རྣལ་མ་ཞིག་ཐོན་མེད་ནའང་གསུང་རྟེན་གྱི་ཡི་གེ་རིན་པོ་ཆེ་མི་ཉམས་པར་བསམ་པ་རྣམ་དག་ཞིག་བཅངས་པ་དང་སྦྱོང་འདོད་པའི་གསར་བུ་རྣམས་ལ་སྐུལ་མ་ཐོབ་བྱེད་དུ་རང་ནུས་ཅི་ལྕོགས་ཀྱིས་བྲིས་པ་གཤམ་གྱི་རི་མོ་ལས་གསལ་བ་ལགས། གཞན་སྨྱུག་ཤོག་སྣག་གྲི་མཁོ་ཆས་སོགས་ཀྱི་སྐོར་ཕྲན་གྱི་དབུ་ཅན་སྦྱོང་དཔེ་དེབ་ཆུང་དུ་མདོར་བསྡུས་ཙམ་བཀོད་ཡོད་པས་འདིར་བསྐྱར་ཟློས་མ་བྱས་སོ། །

རྩོམ་ཁུངས། སྒང་ལམ་པའི་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།