ཐ་མ་ཁ་ཆང་སྒོག་བཙོང་བཅས་པའི་ཉེས་དམིགས་གསལ་བར་སྟོན་པ་བཞུགས་སོ།།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2019-09-23
ཀློག་གྲངས།:
སྙིགས་མའི་དུས་འདིར་རང་གཞན་གཉིས་ཕུང་གི་ཟས་ངན་རྣམས་ཀྱི་ཉེས་པ་བརྗོད་པ་ལ་གསུམ། ཐ་མ་ཁའི་ཉེས་དམིགས། ཆང་གི་ཉེས་དམིགས། སྒོག་སྐྱ་སོགས་ཀྱི་ཉེས་དམིགས། ཞར་བྱུང་སྣ་ཐ་ཁའི་ཉེས་དམིགས་དང་བཅས་སོ། དང་པོ་ནི། རྫས་ངན་ཐ་མ་ཁ་ཞེས་གྲགས་པ་འདི་ནི་སྔོན་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་སོང་བ་ན་བདུད་རིགས་ཀྱི་བུ་མོ་ཞིག་གི་ཟླ་མཚན་ས་ལ་འཛགས་ནས་དེ་ལས་སྔོ་ཞིག་སྐྱེས་པས་བདུད་རིགས་དེས་འདི་ནི་མ་འོངས་པ་ན་སྐྱེ་བོ་ཐམས་ཅད་ཀྱིས་ལོངས་སྤྱོད་ཅིང་། ཁྱད་པར་འདིའི་དུ་བ་ནམ་མཁར་སོང་ནས་ལྷའི་གྲོང་ཁྱེར་འབུམ་ཚོ་མང་བོ་སྟོངས་བར་གྱུར་ཅིག དུ་བ་ས་འོག་ཏུ་སོང་ནས་ཀླུའི་གྲོང་ཁྱེར་མང་པོ་སྟོངས་བར་གྱུར་ཅིག དེ་ལ་བརྟེན་པའི་ནད་མུག་འཁྲུག་རྩོད་སད་སེར་རྣམས་རྒྱུན་མི་ཆད་པར་ཤོག་ཅེས་སྨོན་ལམ་ལོག་པར་བཏབ་པའི་བདེན་མཐུ་ལས། ད་ལྟའི་སྐྱ་སེར་རྣམས་ཀྱིས་ལོངས་སྤྱོད་པའི་ཟས་ངན་འདི་འབྱུང་བ་ཡིན་ཅིང་། གཞན་ཡང་སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལུང་བསྟན་པའི་རཏྣ་གླིང་བའི་གཏེར་མ་ལས། སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་ཀྱིས། ། དམ་སྲི་སྤུན་དགུ་དམ་ལ་བཞག་པའི་ཚེ།། སྤུན་དགུའི་ཐ་ཆུང་ཉིད་ཀྱིས་འདི་སྨྲས་སོ།།སྤུན་རྣམས་མྱ་ངན་མ་བྱེད་གཏམ་ལ་ཉོན།། ང་ནི་རྒྱ་ཡུལ་ཐ་མ་ཁ་རུ་སྤྲུལ།། དུག་གི་མིང་ནི་ཧ་ལ་ནག་པོ་ཟེར།། བོད་ཀྱིས་མཐའ་ཁོབ་རྣམས་སུ་སྐྱེས་ནས་ཡོད།། མཐའ་མི་རྣམས་ཀྱིས་དབུས་སུ་ཁྱེར་ནས་ཡོད།། བོད་འབངས་བདེ་སྐྱིད་ལོངས་སྤྱོད་དེ་ལ་བྱེད།། དེ་ཡི་སྟོབས་ཀྱི་དུག་ལྔ་རག་ཤིང་རྒྱས།། དགེ་བཅུ་སྤོངས་ནས་མི་དགེ་བཅུ་ལ་སྤྱོད།། བསྟན་འཛིན་སྐུ་ཚེ་མི་བརྟན་ཞིང་དུ་གཤེགས།། དུག་གི་དུ་བ་ས་ཡི་འོག་ཏུ་སོང་།། ཀླུའི་གྲོང་ཁྱེར་ཆེན་མོ་འབུམ་ཚོ་འཇིག། ཆར་ཆུ་མི་འབབས་ལོ་ཕྱུགས་མི་ལེགས་ཤིང་།། ནད་འཁྲུགས་རིམས་ནད་མི་འདོད་སྣ་ཚོགས་འབྱུང་།། དུག་གི་དུ་བ་ནམ་མཁའའི་མཐོངས་སུ་སོང་།། དེ་ཡིས་སྟོབས་ཀྱིས་ལྷ་ཡི་གྲོང་ཁྱེར་འཇིག། གཟའ་འཛིན་དུས་ལོག་སྐར་མ་རྟགས་ཅན་ཤར།། འཐུངས་བའི་མི་དེ་བྱང་ཆུབ་སེམས་རྩ་སྐམས།། བཞི་བརྒྱ་རྩ་བཞིའི་ནད་རྣམས་ལྡང་བར་བྱེད།། འཐུང་བས་ཤི་ཚད་ངན་སོང་གསུམ་དུ་སྐྱེ།། ཞེས་གསུངས། དེར་མ་ཟད་མ་གཅིག་ལབ་ཀྱི་སྒྲོལ་མའི་ལུང་བསྟན་ལས།།ཡང་ཅིག་ཉོན་དང་བུ་སློབ་ཀུན།། དུས་ཀྱི་ཐ་མ་རྩོད་ལྡན་དུས།།དུག་ལྔ་ཚང་བའི་ཁ་ཟས་གཅིག། འབྱུང་ནི་ནག་པོ་རྒྱ་ནས་འབྱུང་།། དར་ནི་ཧོར་གྱི་ཡུལ་དུ་དར།། ཟས་ནི་བོད་ཁམས་འགྲོ་བའི་ཟས།། དེ་ཡི་དབང་གིས་འཛམ་གླིང་འདིར།། ཆར་ཆུ་མི་སྙོམས་སད་སེར་ལྡང།། སྒོམ་སྒྲུབ་བྱེད་པས་འདི་ཟོས་ན།། བསྐལ་བ་བརྒྱར་ཡང་ལྷ་མི་འགྲུབ།། ཕྱི་མར་ངན་འགྲོར་གཏན་འཁྱམས་ཡིན།། མཆོག་གསུམ་ཐུགས་རྗེས་སྐྱོབ་མི་ནུས།། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་ནས། མི་གཙང་རྩོག་གིས་མནལ་པས་སད་སེར་དང་།།མི་འདོད་འབྲས་བུ་སྣ་ཚོགས་འགྲོ་ལ་འབྱུང་།། རྣམ་སྨིན་རང་ཉིད་མི་བཟད་དྲི་ཕོག་པའི།།འགྲོ་རྣམས་དམྱལ་བ་ཡི་དྭགས་དུད་འགྲོ་སོགས།། གནས་ངན་མི་ཁོམ་གནས་སུ་སྐྱེ་བས་ན།། རིག་ལྡན་སུ་ཞིག་དེ་འདྲ་ལ་མི་འཛེམ།། ཞེས་གསུངས་བ་ལྟར། རང་གི་འཐེན་ན་ཨ་ཅང་ཆེ་སྟེ་གཞན་གྱིས་འཐེན་པའི་དུ་བ་ཕོག་ན་ཡང་ཚུལ་ཁྲིམས་འཆལ་ཞིང་དགེ་སྦྱོར་ལ་ཤིན་ཏུ་གནོད་པས། དམ་སྲི་བདུད་སྤྲུལ་རྣམས་སྣ་དྲངས་ཏེ་ནག་ཕྱོགས་གདོན་བགེགས་ལོག་འདྲེན་ཐམས་ཅད་ཤ་རུལ་ལ་སྦྲང་བུ་འཁོར་བ་བཞིནདུ་འདུས་པའི་རྐྱེན་གྱིས་ནད་རིམས་ཚད་པ་སོགས་ཐ་ན་ཤུ་ཐོར་གྱི་རིགས་སྣ་ཚོགས་འབྱུང་ཞིང་། ཡུལ་ཁམས་སུ་ཡང་སད་སེར་ལོ་ཉེས་མི་ནད་ཕྱུགས་ནད་མུ་གེ་དམགས་འཁྲུགས་སོགས་བཀྲ་མི་ཤིས་པ་སྒོ་དུ་མ་ནས་འབྱུང་ཞིང་། དུ་བ་འདི་རྒྱུའི་་དབང་དུ་བྱས་ན་དམ་སྲི་བདུད་སྤྲུལ་བུད་མེད་ཀྱི་མངལ་ཁྲག་ལས་བྱུང་བས་དགེ་སྦྱོར་བྱས་ཀྱང་ཕན་ཡོན་མངོན་དུ་མི་འགྱུར་བ་དང་། ཆོས་སྐྱོང་བསྲུང་མ་རྣམས་ཐུགས་ཁྲེལ་ཞིང་མཆོད་བསྟོད་འཕྲིན་བཅོལ་བྱས་ཀྱང་འདོད་དོན་མི་འགྲུབ་པས་ཉོན་མོངས་དུག་གསུམ་མེ་ལྟར་འབར་ཞིང་ཚེ་འདི་ལ་ཡང་མི་ཁ་གཏམ་ངན་རྐྱེན་ངན་འབའ་ཞིག་གིས་འཆི་དགོས་ཤིང་།ཤི་མ་ཐག་ཏུ་ངན་སོང་གི་སྡུག་བསྔལ་བསྐལ་བ་མང་པོའི་བར་དུ་མྱོང་དགོས་པ་ནི་གོང་གི་ལུང་བསྟན་དང་། བླ་མ་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་གསུངས་པས་བཀྲེས་སྐོམ་གང་ལའང་མི་ཕན་པའི་ཟས་ངན་འདི་སྲོག་གི་ཕྱིར་ཡང་སྤང་བར་བྱས་ནས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཞབས་པད་བརྟན་ཅིང་། ཡུལ་ཕྱོགས་རྣམས་སུ་བདེ་སྐྱིད་ཕུན་སུན་ཚོགས་ཤིང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་ཕན་ཡོན་ཚད་མེད་པས།དོན་འདི་ལ་དགོངས་ནས་དེ་མི་རྒྱལ་ཚབ་ངག་དབང་འཇམ་དཔལ་བདེ་ལེགས་ནསགྲ་ས་རྣམས་ཀྱིས་གཙོས་དགོན་སྡེ་རྣམས་སུ་ཆང་དང་ལྷག་པར་ཐ་མ་ཁའི་བཀག་བསྡམས་ལེགས་པར་བྱས་ནས་གྲ་ས་རྣམས་སུ་མེ་ཕག་རྩ་ཚིག་ཞེས་ལོ་རེ་བཞིན་ཀློག་རྒྱུ་མཛད་པས། དེ་སྐབས་ཀློང་རྡོལ་བླ་མ་རིན་པོ་ཆེ་ནས་རྒྱལ་ཚབ་དེ་མི་ནས་བསམ་ཡས་གསར་གསོ་བྱས་པ་བས། མགོན་སྡེ་རྣམས་སུ་ཐ་མ་ཁ་འཐེན་མི་ཆོག་པར་མཛད་པ་ནི་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཐུགས་དགྱེས་ཚོར་ཆེན་པོ་མཛད་པ་ཡིན་ཞེས་བླ་མ་རྣམས་ཀྱི་གསུངས་སོ།། །། ༈ གཉིས་པ་ཆང་གི་ཉེས་དམིགས་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྲོག་གི་ཕྱིར་ཡང་འཐུང་མི་ཆོག་པར་མདོ་བསྔགས་གཉིས་ཀའི་སྐབས་སུ་གསུངས་ཤིང་། ཀླུ་སྒྲུབ་ཐོགས་མེད་སོགས་འཕགས་ཡུལ་གྱི་གྲུབ་ཆེན་་རིམ་བྱོན་དང་ཁྱད་པར་རྗེ་ཙོང་ཁ་པ་ཆེན་པོ་ཡབ་སྲས་སོགས་ནས་ཆང་ནི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ཚུལ་གསུང་རབ་ལས་གསལ་བར་གསུངས་ཟིན་པས་འདིར་བརྗོད་མ་དགོས་ཀྱང་། རང་ཉིད་དྲན་གསོའི་ཕྱིར་དུ་ཅུང་ཟད་སྤྲོས་ན། ཆང་ཞེས་བྱ་བའི་སྨྱོ་ཆུ་འདི་ནི།སྔོན་མཚོ་བསྲུབས་པ་ལས་ལྷ་མོ་མཛེས་སྡུག་མཐོང་ཚད་ཆགས་པས་མྱོས་ནས་བརྒྱལ་འགྲོ་བ་ཞིག་བྱུང་བ་ཚང་པའི་དུག་ཟེར་དུག་ཆང་གི་ལྷ་མོ་དེ་མེ་ཏོག་དཀར་པོ་འདབ་མ་ལྔ་པར་གྱུར་པ་ནི་ཆང་རྩི་མེ་ཏོག་ཅེས་ཆན་ལ་བཏབ་ནས་ཆང་དུ་ལངས་པར་བྱེད་པ་འདི་ཡིན། དེ་ལས་ཆང་རྩི་ཟེར་བའི་ཕབས་འདི་འཆོས་པ་ཡིན་པས་ཆང་འཐུང་ན་ཉེས་པ་ཆེན་པོ་ཡོད་པའི་རྒྱུ་མཚན་ཀྱང་འདི་ལ་བརྟེན་ནས་ཆགས་པའི་ལྷ་མོས་ངན་སོང་དུ་འཁྱེར་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་མདོ་དྲན་པ་ཉེར་བཞག་ལས། ཆང་ནི་དུག་གི་མཆོག་ཡིན་ཏེ།། ཆང་འཐུང་བ་ལ་བསྟན་པ་ནི།། དགེ་བའི་ཆོས་རྣམས་ཉམས་པར་འགྱུར།།གང་གིས་རྟག་ཏུ་ཆང་བསྟེན་པ།། དེ་ཡི་བློ་ནི་མི་བརྟན་ཞིང་།། བློ་གཡོ་བ་ལ་ཆོས་མེད་དེ།། དེ་ལྟ་བས་ན་ཆང་སྤོངས་ཤིག། ཉམས་བྱེད་ནང་ན་ཉམས་མཆོག་ནི།།ཆང་ཞེས་མཁས་པ་རྣམས་ཀྱིས་བཤད།། དེ་ལྟ་བས་ན་ཆང་དུག་ལྟ་བའི།། ཆང་འཐུང་བ་ནི་རྣམས་པར་སྤོངས།། ཆང་གིས་འདོད་ཆགས་སྐྱེད་བྱེད་ཅིང་།། དེ་བཞིན་ཁྲོ་དང་གཏི་མིག་དག། ཡང་དང་ཡང་དུ་སྐྱེད་བྱེད་པས།། དེ་ལྟ་བས་ན་ཆང་སྤོངས་ཤིག།ཞེས་དང་།རྒྱུད་རྡོ་རྗེ་རྩེ་མོ་ལས། ཕུང་ཁྲོལ་ཀུན་གྱི་རྩ་བ་ནི།། ཆང་ནི་རྣམས་པར་སྤང་བར་བྱ།། ཞེས་དང་། རྗེ་བླ་མས་ཀྱང་། ཆང་འཐུང་བ་ཕུང་ཁྲོལ་ཉེས་དམིགས་ཀུན་གྱི་རྩ་བར་གསུངས་པ་ནི་རྣམ་འབྱོར་གྱི་རྒྱུད་ཁོ་ན་མ་ཡིན་གྱི་བླ་མེད་དང་ཐུན་མོང་ཡིན་ཏེ། བླ་མེད་གྱི་དཀྱིལ་ཆོག་ཚད་ལྡན་དུ་མར་རྒྱུད་རྡོ་རྗེ་རྩེ་མོ་ནས་འབྱུང་བ་ལྟར་གསུངས་པའི་ཕྱིར་རོ།།ཞེས་དང་།འདུལ་བ་ལུང་ལས་ཆང་འཐུང་དམྱལ་བ་དུ་འབོད་སྐྱེ། སྦྱིན་མཁན་དེ་ཡི་འཁོར་དུ་སྐྱེ།། ཞེས་དང་།མདོ་ལས། ཆང་འཐུང་བ་ནི་ཚ་བའི་དམྱལ་བར་ལྷུང་ཞིང་སྐྱེ་བར་འགྱུར་རོ།དེར་ལྷུང་བའི་སེམས་ཅན་རྣམས་ནི་ལོ་སྟོང་ཕྲག་མང་པོར་འཚོད་པར་འགྱུར་རོ། དེ་ནས་ཕྱིར་ཕྱུང་ནས་ཆུ་བོ་རབ་མེད་ཀྱི་དོགས་སུ་བརྒྱུགས་པར་བྱེད་དོ།། གང་དུ་ཡང་འགྲོ་ས་མེད་པར་ཡང་དང་ཡང་དུ་སྐྱེ་བར་བྱེད་དོ།། དེར་དམྱལ་བའི་སྲུང་མ་རྣམས་ཀྱིས་མཆིལ་བས་ཉ་འདོན་པ་ལྟར།།ལྕགས་བསྲེགས་ཀྱི་ས་གཞི་ལ་སྡེབས་པར་བྱེད་དོ།། དེ་ནས་འདི་ལྟར་སྒྲོག་ཏེ། ཀྱེ་སྐྱེས་བུ་ཁྱོད་ཅི་འདོད་ཟེར་བས། ཇོ་བོ་སྐོམ་འདོད་བྱས་པས། དམྱལ་བའི་བསྲུངས་མ་དེས་མེ་འབར་བའི་ལྕགས་ཀྱུའི་ཁ་ཕྱེ་སྟེ་ལྕགས་ཞུ་བའི་ཁུ་བ་ནས་བླུགས་པར་བྱེད་དོ།། དེ་ལ་དེས་མཆུ་སྲེག་གོ། མགྲིན་པ་ཡང་སྲེག་གོ།བྲང་སྲེག་གོ། རྒྱུ་མ་སྲེག་གོ། སྙིང་སྲེག་གོ། བཤང་ལམ་དུ་ལྕགས་ཁུ་དུ་མར་འཐོན་པར་བྱེད་ནས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་བྱེད་ཅིང་།དེའི་དུས་སུ་འཆི་བར་ནི་མི་འགྱུར་ཏེ།།ཇི་སྲིད་ཀྱི་བར་དུ་སྡིག་པའི་ལས་ཀྱི་འབྲས་བུ་མྱོང་བར་བྱེད་དོ།།དེ་སྲིད་དུ་དེ་རྣམས་ཀྱི་རྣམ་པར་སྨིན་པ་ཚོར་བ་མྱོང་བར་བྱེད་དོ།།གལ་ཏེ་སྡུག་བསྔལ་དེ་དག་ལས་ཐར་ན་ཡང་།ཡི་དྭགས་དང་དུད་འགྲོ་དག་ཏུ་སྐྱེས་ལ།མིར་སྐྱེས་ནའང་ལས་ཀྱི་རྒྱུ་མཐུན་པ་དེས་ཤིན་ཏུ་དབུལ་བ་དང་ལམ་པོ་ཆེ་དང་བཞི་གདོ་སོགས་སུ་སྐྱེ་ཞིང་།མདོག་ངན་པ་དང་།སོ་འབའ་ཞིག་སྣང་བ་དང་།རྐང་བ་རྡོལ་བ་དང་།ལུས་བརྟག་ཏུ་བཀྲེས་པ་དང་།སྐོམ་པའི་གདུངས་བ་དང་།བུ་དང་ཆུང་མ་ཕ་དང་མ་དང་།གཉེན་བཤེས་རྣམས་ཀྱིས་གཏང་བར་འགྱུར་རོ།།ཞེས་གསུང་།ཡང་མདོ་ལས་དོན་མེད་གཞི་ནི་ཆང་ཡིན་ཏེ།།སེམས་ཅན་དམྱལ་བ་བཞད་གད་བ།།དབང་བོ་ཐམས་ཅད་རྣམས་ཉམས་ཤིང་།།དོན་མེད་པ་ཡི་རྒྱུར་གྱུར་ཏོ།།ཆོག་ལ་ཤིན་ཏུ་དགའ་བ་དང་།།ཆགས་པ་དང་ནི་འཇིགས་པ་དང་།ངག་གི་སྐྱོན་དང་རློམ་པ་དང་།།ཚིག་རྩུབ་བཞི་ནི་དེ་ཡིན་ནོ།།ཆང་གི་ཀུན་ཏུ་གཡང་བས་ཡིད།།བྱ་དང་མི་བྱ་མི་ཤེས་པས།།མི་དེ་ཕྱུག་དང་མཚུངས་བ་ཡིན།།དེ་ལྟ་བས་ན་ཆང་སྤོངས་ཤིག།ཆང་གིས་གཡེངས་བའི་མི་དག་ནི།།གསོན་ཡང་ཤི་བ་དག་དང་མཚུངས།།གང་ཞིག་རྟག་ཏུ་གསོན་འདོད་པས།།རྟག་པར་ཆང་ནི་རྣམས་པར་སྤོངས།།ཆང་ནི་ཉེས་པ་ཀུན་གྱི་གཞི།།རྟག་པར་དོན་ཀུན་མེད་པར་བྱེད།།ངན་སོང་གསུམ་གྱི་ཐེམ་སྐས་ཏེ།།མུན་ནག་གནས་ནི་ཆེན་པོ་ཡིན།།ཆང་གིས་སེམས་ཅན་དམྱལ་བར་འགྲོ།དེ་བཞིན་ཡི་དྭགས་འཇིག་རྟེན་དང་།།ཆང་གི་སྐྱོན་གྱིས་བསླུས་པ་ཡི།།ཡི་དྭགས་དུད་འགྲོ་རྣམས་སུ་འགྲོ།།དུག་གི་ནང་དུ་དུག་ནི་ཆང་།།དེ་བཞིན་དམྱལ་བའི་ནང་ནས་དམྱལ།།ནད་ཀྱི་ནང་ནས་ནད་མཆོག་ནི།།ཆང་ཞེས་མཁས་པ་རྣམས་ཀྱིས་བཤད།།བློ་དང་དབང་བོ་ཉམས་བྱེད་ཅིང་།།རིན་ཆེན་ཆོས་ནི་ཟད་བྱེད་པ།།མི་བཟད་ཆང་ནི་སྐྱེ་གནས་གཅིག།ཆང་ལ་བརྟེན་པའི་མི་དག་ནི།།ཆོས་རྣམས་ཀུན་གྱི་སྟ་རེ་ཡིན།།ངོ་ཚ་མེད་པར་བྱེད་པའི་མཆོག།ཡང་བར་རྟག་ཏུ་ཉེ་བར་བསྟན།།ཆང་གིས་ཕྲོག་པར་གྱུར་བའི་སེམས་།།བྱ་བ་དང་ནི་མི་བྱ་བ།།མི་ཤེས་རྣམ་པར་མི་ཤེས་ཤིང་།།ཐམས་ཅད་མི་ཡིས་མི་ཤེས་སོ།།གང་ཞིག་ཆང་ལ་བསྟེན་བྱེད་པ།།སྐྱེ་བོ་རེ་འགའ་དགའ་བྱེད་ཅིང་།།རེས་འགའ་ཡོངས་སུ་གདུང་བྱེད་ལ།།རེས་འགའ་སྡིག་པ་བྱེད་པ་ཡིན།།བློ་ནི་ཤིན་ཏུ་རྨོངས་བྱེད་ཅིང་།།འཇིག་རྟེན་གཉིས་ནི་རྣམས་འཇིག་བྱེད།།ཐར་བའི་ཆོས་ལ་མེ་ལྟ་བུར།།སྲེག་བྱེད་ཁོ་ན་ཆང་ཡིན་ནོ།།ཆང་འཐུང་བ་ཡིས་བསླུས་པ་དག།དེ་ནི་བྱེད་པ་དམན་པ་ཡིན།།མི་བཟད་སེམས་ཅན་དམྱལ་བར་ལྟུང་།།དོན་མེད་ཅི་ཞིག་ཡོངས་སུ་གདུངས།།འཐུང་བའི་ཚེ་ན་ཆང་ཞིམ་སྟེ།།རྣམ་སྨིན་ཚེ་ན་མཆོག་ཏུ་ཚ།།ཆང་ནི་དམྱལ་བར་འགྲོ་བར་བྱེད།།སྡིག་པའི་ཆོས་རྣམས་བྱེད་པ་ལ།།སེམས་གཡེངས་བ་དག་དགའ་བར་བྱེད།།ཕྱི་ནི་རྣམ་སྨིན་ཚ་བ་རུ།།བློ་ངན་ཡོངས་སུ་གདུང་བར་འགྱུར།།འདོད་པ་རྣམས་ལ་བློ་མི་གཏོང་།།འདོད་པ་མཆོག་ཏུ་བསླུ་བ་ཡིན།།འཁོར་བའི་འཆིང་བ་དྲག་པོ་སྟེ།།སེམས་ཅན་དམྱལ་བ་ཀུན་གྱི་རྒྱུ།།གང་ཞིག་འདོད་པ་རྣམས་ལ་དགའ།།དེ་ཡི་སྡུག་བསྔལ་མཐའ་མེད་དོ།།འདོད་པའི་སྦྲུལ་གྱིས་ཟིན་པ་ལ།།བདེ་རྣམས་ཀྱང་གང་ལ་ཡོད།།ཞེས་དང་།བཅོམ་ལྡན་འདས་ཀྱིས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་འདོན་པ་བྱ་སྟེ།འབྲུ་ཆང་དང་།བཅོས་བའི་ཆང་།མྱོས་པར་འགྱུར་བ་འཐུང་ན་ལྟུང་བྱེད་དོ།།འབྲུའི་ཆང་ཞེས་བྱ་བ་ནི་ཆན་གྱི་བཏུང་བ་དང་།ཕྱེའི་བཏུང་བ་དང།།ཕབས་ཀྱི་བཏུང་བའོ།།བཅོས་པའི་ཆང་ཞེས་བྱ་བ་ནི་རྩ་བའི་བཏུང་བ་དང་།སྡོང་བུའི་བཏུང་བ་དང་།འདབ་མའི་བཏུང་བ་དང་།མེ་ཏོག་གི་བཏུང་བ་དང།འབྲས་བུ་བཏུང་བའོ།།དེ་གཉིས་ཀ་བསྲེས་པ་ནི་འབྲུའི་ཆང་དང་བཅོས་པའི་ཆང་ཞེས་བྱའོ།།དེ་འཐུང་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ།།ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་དུད་འགྲོ་ཡི་དྭགས་ངན་སོང་ངན་འགྲོ་ལེགས་པར་ལྟུང་བ་དག་ཏུ་སྲེག་པར་བྱེད།འཚེ་བར་བྱེད།ལྟུང་བར་བྱེད་པའོ།།གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་ཏེ།ལྟུང་བྱེད་དོ།།ཞེས་གསུངས་སོ།།སྔོན་བུད་མེད་ཞིག་གིས་ཆང་བུམ་པ་གང་ལག་ན་ཁྱེར་ར་གཅིག་ཁྲིད་ནས་བཙུན་པ་ཞིག་ལ་ཁྱོད་ཀྱིས་ཚང་འདི་འཐུང་ཞིག།ཡང་ན་ར་འདི་གསོད་ཅིག། ཡང་ན་ང་ལ་ལོག་པར་སྤྱོད་ཅིག།དེ་ལྟར་མ་བྱས་ན་ཁོ་མོ་ཤིའོ་ཟེར་སྐད།།བཙུན་པ་དེའི་བསམ་པ་ལ་ཁོ་མོ་ལ་སྤྱད་ན་སྡོམ་པ་ཤོར་ཡོང་།།ར་འདི་གསོད་ན་སྲོག་གཅོད་ཀྱི་ཉེས་པ་ཤིན་ཏུ་ཆེ།།དེ་བས་ཆང་འདི་འཐུང་ན་ཅུང་གྲགས་བསམ་ནས་ཆང་བུམ་གང་པོ་འཐུང་བས་ཁོ་བོ་ར་བཟི་ནས་བུད་མེད་དེ་ལ་ལོག་པར་སྤྱད་།།ར་དེ་ཡང་གསད་པས་ཉེས་པ་གསུམ་ཀ་བྱུང་ཞིང་།།ཆང་འདིས་ནི་འདོད་ཆགས་ལ་སོགས་པ་བསྐྱེད་པར་བྱེད་ཅིང་ཆང་འཐུང་ནས་ངོ་ཆེ་སྒྲིལ་དེ་རང་གི་ཚེ་འདིའི་མ་ལ་ཡང་ཆགས་པ་སྤྱད་པ་ལ་ཐེ་ཚོམ་མེད་ཅིང།།ཁྱད་པར་བཙུན་པ་རྣམས་ཆོས་མགོ་མི་ཐོན་པར་ཕལ་ཆེར་ཆང་ལ་བསྟེན་ནས་ཕུང་བ་ཤ་དག་ཡིན་པ་ནི་ཁོ་བོའི་རང་ཡུལ་གོང་པོའི་བཙུན་པ་ཕལ་ཆེར་ལ་བལྟས་ན་ཤེས་པར་འདུག་གོ།དེར་མ་ཟད་ཆང་འདིས་ཞེ་སྡང་བསྐྱེད་པ་ཡང་ཤིན་ཏུ་མཐུ་ཆེ་སྟེ།སྔོན་བུད་མེད་ཞིག་སྐྱེས་པ་གཞན་ཞིག་དང་ཇ་ཆང་བྱེད་པ་ལ་ཁོ་མོའི་སྔར་གྱི་སྐྱེས་པ་དེ་ཆང་གི་བཟི་ནས་ཡོང་བས་ཞེ་སྡང་སྐྱེས་ནས་བུད་མེད་དང་སྐྱེས་པ་གཉིས་ཀ་གསད་ནས་རང་གི་ཁྱིམ་ཡང་མེ་ལ་བསྲེག་པར་བྱས་ཟེར་བ་སོགས་གཏམ་རྒྱུད་ཤིན་ཏུ་མང་བས་ཉེས་པ་ཀུན་གྱི་རྩ་བ་ཆང་འདི་རྣམ་པ་ཀུན་ཏུ་གལ་ཆེའོ།། །། ༈གསུམ་པ་སྒོག་སྐྱ་སོགས་ཀྱི་ཉེས་པ་བཤད་པ་ནི།།འདི་དང་པོ་གང་ནས་བྱུང་ཚུལ་ནི།སྔོན་ལྷ་དང་ལྷ་མ་ཡིན་བདུད་རྩི་འདོད་ཅིང་མི་མཐུན་པས་འཐབ་པ་ན་ལྷ་མ་ཡིན་གྱི་དབང་བོ་སྒྲ་གཅན་འཛིན་གྱི་སྐེ་ཚངས་པའི་འཁོར་ལོས་བྲེགས་པའི་ཁྲག་གི་ཐིགས་པ་སར་ལྷུང་བ་ལས་སྒོག་པའི་རིགས་སྒོག་སྐྱ་གཙོར་གྱུར་པ་བྱུང་བར་བཤད་ཅིང་།། དེའི་རིགས་ལ་སྒོག་སྐྱ་དང་། སྒོག་པའི་རིགས་དང་། བཙོང་དང་། རི་སྒོག ། བྲག་སྒོག །རྒྱ་སྒོག ། རླུང་སྒོག ། བྱེའུ་སྒོག ། ཀུན་དོང་གི་རིགས་་ལ་སོགས་པའོ། ། འདུལ་བ་ལུང་ལས། སྒོག་སྐྱ་དང་། ཀུན་དོང་དང་། ཀེའུ་དག་ཟ་བར་མི་བྱའོ། ། རྩེ་མོ་ལས་ཀྱང་། ཤ་དང་ཆང་དང་བཙོང་ལ་སོགས། །དྲི་ངན་ཁ་ཡི་སྒྲིགས་པ་དང་། འཁྲིས་པ་འདོད་དང་བསྟན་པ་དང་། སེམས་ཅན་ཚེ་ལ་འགལ་མི་བྱ། །ཞེས་དང་། སྔོན་དགེ་སློང་ཞིག་གིས་སངས་རྒྱས་ཀྱི་ཆོས་བསྟན་པ་ལ་ཁ་མི་བལྟ་བར་ཁ་གཞན་དུ་ལྟ་བས། བཅོམ་ལྡན་འདས་ཀྱི་ཀུན་དགའ་བོ་ལ་དེ་གང་ཡིན་གསུངས་པས། བཙུན་པ་དགེ་སློང་དེས་སྒོག་སྐྱ་འཚལ་ཏོ། ། ཞེས་ཞུས་པས། ཀུན་དགའ་བོ་གལ་ཏེ་དགེ་སློང་འདིས་དེ་རིང་སྒོག་སྐྱ་ཟོས་པར་མ་གྱུར་ན་ད་ལྟ་ཉིད་དུ་འདིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེ་བཅོམ་ནས་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པར་འགྱུར་རོ།།ཀུན་དགའ་བོ་དེ་ལྟ་བས་ན་དེ་ཕྱིན་ཆད་སྒོག་སྐྱ་དང་། ཀུན་དོང་དང་། ཀེའུ་ཡོངས་སུ་ལོངས་སྤྱད་པར་མི་བྱ་སྟེ། །ཡོངས་སུ་ལོངས་སྤྱོད་ན་འགལ་ཚབ་ཅན་དུ་འགྱུར་རོ། ། ངས་དགེ་སློང་སྒོག་སྐྱ་ཟ་བའི་ཀུན་ཏུ་སྤྱད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་སྒོག་སྐྱ་ཟ་བས་སྒོག་སྐྱ་ཟ་བཞིན་དུ་གཙུག་ལག་ཁང་ལ་ཡོངས་སུ་ལོངས་སྤྱོད་པར་མི་བྱ། གནས་མལ་ལ་མ་ཡིན། དགེ་འདུན་གྱི་ནང་དུ་འགྲོ་བར་མི་བྱ། བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷག་པ་རྣམས་ལ་ཆོས་བསྟན་པར་མི་བྱ། མཆོད་སྟེན་ལ་ཕྱག་མི་བྱ། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ཁྱིམ་དུ་ཉེ་བར་འགྲོ་བར་མི་བྱ། སྐྱེད་མོས་ཚལ་དང་། ཚོགས་ཁང་དང་། ལྷ་ཁང་དང་། སྐྱེ་བོས་གང་བ་གཞན་དག་དུ་གནས་པར་མི་བྱའོ། ནད་པ་ལ་སོགས་པ་དགོས་པའི་ཕྱིར་ཡོད་ན་ཟ་བར་བྱའོ།གང་གི་ཚེ་བྱ་བ་ཟིན་པར་གྱུར་པ་དེའི་ཚེ་ཕྱོགས་དེ་ཉིད་ཉིན་ཞག་བདུན་འདུག་པར་བྱའོ།། ཀུན་དོང་ནི་ཞག་གསུམ། ཀེའུ་ནི་ཞག་གཅིག་གོ ། དེ་ནས་ཁྲུས་བྱས་ལ་ཆོས་གོས་དག་ཀྱང་བཀྲུ་བར་བྱ་ཞིང་བདུག་པ་དག་གིས་བདུགས་པར་བྱའོ།།སྒོག་སྐྱ་ཟ་བའི་དགེ་སློང་གིས་ཀུན་ཏུ་བཅས་པའི་ཇི་ལྟར་བཅས་པ་རྣམས་ཡང་དག་པར་བླང་སྟེ།མི་གནས་ན་འགབ་ཚབ་ཅན་དུ་འགྱུར་རོ།། ཞེས་སྡོམ་པ་དང་ལྡན་པ་རྣམ་ཀྱི་ཟ་མི་རུང་བ་དང་། ནད་པ་ལ་ཕན་པའི་ཕྱིར་སངས་རྒྱས་ཀྱི་གནང་བ་ཡིན་ཀྱང་གཏན་དུ་ཟ་མི་རུང་བའི་ལྷ་ཁང་སོགས་ཀྱི་དྲུང་དུ་ཞག་གྲངས་མ་སོང་བར་དུ་འགྲོ་མི་ཆོག་པ་སངས་རྒྱས་རང་ཉིད་ཀྱིས་གསུངས་ཤིང་དེ་དག་ལ།ཡིད་ཆེས་པར་བྱས་ནས་སྤངས་དགོས་སོ།།འགའ་ཞིག་ནས་ལས་འབྲས་ཁྱད་དུ་གསད་ནས་རྟན་གྱི་དྲུང་དུ་སྒོག་བཙོང་སོགས་བག་མེད་དུ་ལོངས་སྤྱད་ནས་དགེ་འདུན་གྱི་དབུས་སུ་ཁོ་བོས་སྒོག་བཙོང་སོགས་ཟ་གྱིད་ཡོད་ཅིང་ཁྱེད་ཅག་ཚོ་ཡང་ཟོས་ན་རླུལ་ལ་ཕན་པར་འགྱུར་རོ་ཞེས་ལམ་ངན་དུ་འཁྲིད་པ་དེ་ནི་ཁོ་བོ་ནི་དམྱལ་བར་འགྲོ་བ་ཡིན་ཅིང་།ཁྱེད་ཅག་ཚོ་ཡང་མཉམ་དུ་འགྲོ་ཟེར་བའི་དཔེ་བཞིན་བདུད་ཀྱི་གྲོགས་པོ་ཡིན་པར་གོ་བར་གྱིས་ཤིག། འོ་ན་སྨན་གཞུང་རྣམས་སུ་སྒོག་སྣའི་ཕན་ཡོན་གསུངས་འདུག་པས། དེ་དག་ཟོས་ན་ཉེས་པ་མི་འགྱུར་སྙམས་ན།དེ་ལྟར་གསུངས་པ་ནད་ལ་ཕན་པའི་སླད་དུ་གསུངས་པ་ཡོན་ཅིང་།དེ་ལྟར་མ་ཡིན་ན་སྨན་གཞུང་རྣམས་སུ་བཙན་དུག་སྦྱར་བ་བཤད་ཡོད་པས། རྒྱུན་དུ་བཙན་དུག་ཟོས་ན་ཕན་གནོད་གང་ཡོད་རང་གི་སེམས་ལ་བྱ་ར་བྱས་ནས་གཞན་དག་ཕུང་ལ་མ་སྦྱར་ན་གལ་ཆེའོ།། ། ། ༈ ཞར་བྱུང་སྣ་ཐ་ཁ་ཟེར་བ་འདི་ནི་དང་པོ་གང་ནས་བྱུང་བ་གསུང་རབ་དང་བླ་མའི་ཞལ་ནས་དངོས་སུ་མ་ཐོས་ནའང་ཉེས་ཚབ་ཆེ་བས་གསུང་ཚུལ་ལ་དཔག་ན། ཐ་མ་ཁ་དང་ཕྱོགས་མཚུངས་ཡིན་པ་འདྲ་ཞིང་། བདག་གི་བླ་མ་རྣམས་ཀྱིས་སྣ་ཐ་ཁ་ཟེར་བ་འདིའི་དུ་བའམ་དྲིའི་རྩ་ཐམས་ཅད་འགག་པར་བྱེད་ཅིང་རྩ་ཁ་འབྱེད་མི་ནུས་ཤིང་། རྩ་རླུང་ཐིག་ལེ་དང་འཕོ་བ་ལ་སོགས་པ་མི་སྦྱོང་བ་དང་། དུ་བའམ་དྲི་དེས་ལྷ་ཀླུ་སོགས་ལ་ཕོག་ཐུག་ཆེ་ཞིང་། ཁྱད་པར་བསྙེན་སྒྲུབ་སོགས་ཇི་ལྟར་བགྱིས་ཀྱང་ཡི་དམ་་གྱི་ལྷ་དང་ཇེ་རིང་འགྲོ་བ་མ་གཏོགས་ལྷ་འགྲུབ་པའི་སྐལ་བ་མེད་ཅིང་། སྔགས་ཇི་ལྟར་གྲངས་ཀྱང་འབྲས་བུ་མི་འགྲུབ་པ་དང་། མཁྲིས་པའི་གཙོ་བྱས་པའི་ནད་མང་པོ་བསྐྱེད་ནས་སྨན་བཅོས་སོགས་ཀྱི་བྱ་ཐབས་བྲལ་ཞིང་འགའ་ཞིག་སྣ་ཐ་ཁ་འཐེན་ཆེས་ནས་མིག་ལོང་བ་སོགས་གཏམ་རྒྱུས་མང་ཞིང་། རྣམ་སྨིན་གྱི་འབྲས་བུར་ཚེ་ཕྱི་མར་ངན་སོང་གི་སྡུག་བསྔལ་དྲག་པོ་མྱོང་དགོས་པར་གསུངས་པས། དོན་དེ་དག་ལ་དགོངས་ནས་ད་ལྟ་རྒྱུད་སྟོད་སྨད་སོགས་དགོན་སྡེ་འགའ་ཞིག་ཏུ་སྣ་ཐ་ཁ་ལ་དོ་དམ་ཤིན་ཏུ་ཆེ་བར་མཛད་པ་ནི་རྒྱལ་བའི་བསྟན་པ་ཡུན་དུ་གནས་པའི་ཐབས་ཁོ་ནར་འབད་པ་ཡིན་འདུག་ཅིང་།སྔོན་དུ་བདག་གི་བླ་མ་གཙང་གི་ཤར་རྩེ་མཁན་པོ་དབུས་སུ་ཕེབས་ནས་བཀའ་ཆོས་གནང་སྐབས། གྲ་བ་རྣམས་ནས་སྣ་ཐ་ཁ་བག་མེད་དུ་ཆོས་ཉན་པའི་ཚེ་ལོངས་སྤྱོད་པས་བླ་མ་རིན་པོ་ཆེ་ཐུགས་ཁྲོ་བའི་ཚུལ་གྱིས་བདག་ཚོའི་གཙང་གི་བཙུན་པ་རྣམས་ཀྱིས་ཆང་ལ་བག་མེད་དུ་སྤྱད། དབུས་ཀྱི་བཙུན་པ་རྣམས་ཀྱིས་སྣ་ཐ་ཁ་བག་མེད་དུ་སྤྱད་གསུངས་བཀས་བཀྱོན་པར་མཛད་པ་འདི་དག་ལ་དམས་ན་ཉེས་ཚབ་ཤིན་ཏུ་ཆེ་བར་ཡིན་འདུག་པས་སངས་རྒྱས་ཀྱི་བཅས་པ་ནི་མ་གནང་སྙམས་ནས་བག་མེད་དུ་ལོངས་སྤྱོད་པར་མི་བྱའོ།།ཚོམ་ལས།སྡིག་པ་ཤིན་ཏུ་ཆུང་ངུ་ལའང་།།མི་གནོད་སྙམ་དུ་བརྙས་མི་བྱ། ། ཆུ་ཡི་ཐིགས་པ་བསགས་པས་ཀྱང་། ། སྣོད་ཆེན་ཁད་ཀྱིས་གང་བར་འགྱུར། །ཞེས་དགེ་བ་ཕྲ་མོ་ནས་སྒྲུབ་ཅིང་། མི་དགེ་བ་ཕྲ་མོ་ནས་སྤངས་དགོས་ཤིང་། ཉེས་བྱས་ཕྲ་མོར་གཏོགས་པ་འགའ་ཞིག་གི་རྣམ་སྨིན་ལ་ཕམ་པ་ལས་ཀྱང་ལྕི་བ་ཡང་ཡོད་པར་གསུངས་པས། རང་ཅག་རྣམས་ད་ལེན་རྙེད་པར་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ།འཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་རྗེ་ཙོང་ཁ་པ་ཆེན་པོའི་བསྟན་པ་དང་འཇལ།བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་ལས། བླང་དོར་གྱི་བྱ་བཞག་ཤེས་པའི་དུས་འདིར་མ་ལེ་སོར་གསུམ་ཁ་ལ་བཅུག་ནས་ད་ལེན་ཡོད་ན་ཡོད་པ་ཡིན། ད་ལེན་མེད་ན་མེད་པ་ཡིན་ཟེར་བའི་དཔེ་བཞིན་སྙིགས་མའི་དུས་འདིར་དལ་འབྱོར་ཐོབ་པ་དོན་དང་ལྡན་པ་ཞིག་ད་ལྟ་ཉིད་དུ་བྱ་དགོས་སོ།། ཀྱེ་མ།སྙིགས་དུས་བདུད་ཀྱི་བར་ཆད་ཆེས་མང་བའི།།ལྷག་པར་ཟས་ངན་འདི་རྣམས་ཕུང་ཚབ་ཆེ། ། ཐ་མ་ཁས་ནི་འདོད་ཆགས་བསྐྱེད་པར་བྱེད། ། ཆང་གིས་ཞེ་སྡང་མེ་ལྟར་འབར་བར་བྱེད། ། སྒོག་སྐྱ་སོགས་ཀྱིས་གཏི་མུག་བསྐྱེད་པར་བྱེད། །གསུམ་ཀས་དུག་གསུམ་སོ་སོར་སྤེལ་བར་བྱེད།།ཚུལ་འདི་ཤེས་པར་བྱས་ནས་མ་སྤངས་ན།།ཕྱུགས་དང་ཁྱད་པར་མེད་དེ་གོ་བར་གྱིས་ཤིག།།དེང་ནས་བཟུངས་སྟེ་ཚེ་རབས་ཐམས་ཅད་དུ།།རྗེ་བཙུན་བླ་མས་འབྲལ་མེད་རྗེས་བཟུངས་སྟེ།།ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ནས།།སྐུ་གསུམ་གོ་འཕང་མྱུར་དུ་ཐོབ་པར་ཤོག། ༈ །། སྐལ་བཟང་ཞིང་འདིའི་རྒྱལ་བ་སྲས་བཅས་ཀྱི། ། ཐུགས་བསྐྱེད་མཛད་འཕྲིན་སྨོན་ལམ་ཡོངས་བཟླུམས་སྐུ།། བཀའ་དྲིན་མཚུངས་མེད་རྗེ་བཙུན་བླ་མ་མཆོག ། བསྟན་འཛིན་རྒྱ་མཚོའི་ཞབས་ལ་ཕྱག་བགྱིའོ།།གང་གིས་གསང་གསུམ་མཛད་འཕྲིན་མཐའ་ཀླས་པས། །སྙིགས་དུས་སྐྱེ་བོའི་བག་མེད་སྤྱོད་ངན་ཟས།།གང་འདུལ་ཐབས་ཀྱིས་འགོག་པའི་སྨན་མཆོག་དང་། ། མཚུངས་པའི་བཀའ་བསྟན་དགོངས་བསྡུས་སྙིང་བོ་འདི།། ནོར་གླིང་བརྟགས་བརྟན་ཕོ་བྲང་གད་དར་བ། ། དད་དམ་དགེ་འདུན་མཚུངས་མེད་ལྷག་བསམ་ལས། །ཆོས་སྦྱིན་མི་འཛད་པར་བསྐྲུན་དགེ་བ་དེས། ། རྒྱལ་བསྟན་མི་མཉམ་དར་རྒྱས་ཡུན་གནས་ཤོག །དེ་འཛིན་སྐྱེས་ཆེན་སྐུ་ཚེ་བརྟན་པ་དང་། ། རླབས་ཆེན་ཐུགས་བསྐྱེད་མཛད་འཕྲིན་འོད་སྣང་གིས།། ས་གསུམ་ཡོངས་ལ་ཕན་བདེའི་རྫོགས་ལྡན་འབྲས། །ལོངས་སུ་སྤྱོད་པའི་དགའ་སྟོན་མཆོག་སྩོལ་ཤོག། བསླབ་ལྡན་དགེ་འདུན་ཐུགས་མཐུན་ཁྲིམས་གཙང་ཅིང་།།སྐྱེ་བོའི་ཚོགས་རྣམས་བག་དང་ལྡན་གྱུར་ནས།། ལེགས་ཉེས་དགེ་སྡུག་བླང་དོར་བྱ་བ་ལ། ། འཇུག་ལྡོག་ནམ་ཡང་ལྷད་མེད་སྤྱོད་པར་ཤོག །ཅེས་པ་འདི་ནི་ཆོས་བཟང་བླ་མ་རིན་པོ་ཆེའི་གསུང་འབུམ་ག་པ་ནང་ནས་ཟུར་དུ་ཕྱུངས་བའོ། །བསླུ་མེད་སྟོན་པ་མཆོག་དེས་འགྲོ་བ་ལ། །ཆང་ནི་བག་མེད་ཀུན་གྱི་རྩ་བར་གསུངས། །སྣ་ཐ་ཐ་མ་ཁ་ཡང་དེ་བཞིན་ཏེ། ། ནད་དང་བྱུར་སྣ་འདྲེན་ཅིང་དགེ་ཕྱོགས་འགྲིབ།།དེ་ཕྱིར་ཉེ་བའི་ཆུ་ལོན་ཞལ་གདམས་འདི། །ལྷག་བསམ་དག་པས་པར་དུ་བསྐྲུན་པའི་མཐུས།།བདག་དང་འགྲོ་ཀུན་བག་མེད་ལས་བཟློག་སྟེ། །སྤྱོད་པ་བཟང་བོའི་ངང་ཚུལ་ལྷུར་ལེན་ཤོག།ཚེ་རབས་ཀུན་དུ་བག་ཡོད་ལ་གོམས་ཤིང་།། ཡོན་ཏན་ཡར་ངོའི་རི་བོང་འཛིན་པ་བཞིན།།གོང་ནས་གོང་འཕེལ་གང་བ་ཡོངས་རྫོགས་ཏེ། །བླང་དོར་གསལ་བའི་བྱེད་པོར་འགྱུར་བར་ཤོག ། ཅེས་པ་འདི་ཡང་ཇོ་ལགས་དཔལ་ལྡན་ནས་པར་བསྐྲུན་གནང་སྐབས་སེར་ལྷོ་ཆོས་མིང་པས་སྨོན་པ་དགེ། །། སརྦ་མངྒ་ླ།།
འབྲེལ་ཡོད་འོས་སྦྱོར།