logo

ནང་པའི་ཚན་རིག་ལས་མངལ་དུ་ལུས་ཆགས་རིམ་གྱི་སྐོར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གསོ་རིག་འཕྲིན་སྟེགས། དུས་ཚོད།:2019-09-16 ཀློག་གྲངས།:

གཅིག སྤྱི་བཤད། 

    དེ་ལ་ནང་པའི་གཞུང་དག་ཏུ་སྐྱེ་གནས་སུ་ཉིང་མཚམས་སྦྱར་ཏེ་མངལ་དུ་མིའི་ལུས་ཀྱི་ཆགས་རིམ་སྐོར་གསལ་བར་བཤད་ཅིང་། ནང་པ་རང་གི་ལྟ་གྲུབ་ཀྱི་ཆ་ནས་བཤད་ན། ཚེ་འདིའི་སྐྱེ་བ་ནི་ཐོལ་བྱུང་དུ་གསར་དུ་གྲུབ་པ་མིན་པར་སྐྱེ་བ་སྔ་མ་ཞིག་ནས་འདིར་འོངས་པར་སྒྲུབ་བྱེད་དང་བཅས་སྨྲ་བར་བརྟེན། སྲིད་པ་ལ། ༡ སྐྱེ་བའི་སྲིད་པ་ཙམ་དུ་མ་ཟད། ༢ བར་གྱི་སྲིད་པ་སྟེ་ཚེ་སྔ་ཕྱི་གཉིས་ཀྱི་བར་ཀྱི་གནས་སྐབས་དང་། ༣ སྐྱེ་བའི་སྐད་ཅིག་གཉིས་པ་ནས་མ་ཤིའི་བར་གྱི་གནས་སྐབས་ལ་སྔོན་དུས་ཀྱི་སྲིད་པ་ དང་། ༤ མཐར་འཆི་བའི་སྲིད་པ་བཅས་སྲིད་པ་བཞིའི་རྣམ་གཞག་མཛད་ལ། དེ་དག་ཀྱང་སྐྱེ་བ་སྔ་ཕྱི་གཞི་ལ་བཞག་ནས་འགྲེལ་བརྗོད་བྱ་དགོས་མོད། སྐྱེ་བ་སྔ་ཕྱིའི་སྐོར་དེ་ནི་ལྟ་གྲུབ་དང་འབྲེལ་ཆེ་བས་དེའི་བཤད་པ་སྒྲུབ་བྱེད་ དང་བཅས་པ་རྣམས་ལྟ་གྲུབ་ཀྱི་སྐབས་སུ་འཆད་ཅིང་། འདིར་ནི་ནང་པའི་མདོ་རྒྱུད་དང་དེ་བཞིན་དུ་སྨན་གྱི་གཞུང་ལས་ཇི་ལྟར་བྱུང་བ་ལྟར་གྱི་མངལ་དུ་ལུས་ཆགས་པའི་རིམ་པ་རྣམས་བརྗོད་པར་བྱའོ།།

གཉིས། སྐྱེ་བའི་གནས་བཤད་པ། 

    དེ་ལ་ཐོག་མར་གང་དུ་སྐྱེ་བའི་གནས་ལ་བཞིར་གསུངས་ཏེ། ༡ སྒོ་ང་ལས་སྐྱེ་བ། ༢ མངལ་ལས་སྐྱེ་བ། ༣ དྲོད་གཤེར་ལས་སྐྱེ་བ། ༤ རྫུས་ཏེ་སྐྱེ་བ་དང་བཅས་སོ། །དེ་ཡང་ངང་པ་དང༌། ཁྲུང་ཁྲུང་སོགས་སྒོང་སྐྱེས་དང་། གླང་པོ་ཆེ་དང་། རྟ་དང། བ་ལང་སོགས་མངལ་སྐྱེས་དང་། སྲིན་བུ་དང༌། ཕྱེ་མ་ལེབ་སོགས་དྲོད་གཤེར་སྐྱེས་དང་། ལྷ་དང༌། དམྱལ་བ་དང། སྲིད་པ་བར་མ་སོགས་རྫུས་སྐྱེས་ཡིན་པར་གསུངས། དེ་ཡང་འཕགས་པ་མཽང་གལ་གྱི་བུས་མཛད་པའི་རྒྱུ་གདགས་པ་ལས་རྒྱས་པར་གསུངས་པ་དྲངས་ན། དེ་ཉིད་ལས། སྐྱེ་གནས་ནི་བཞི་ཡོད་དེ། སྒོ་ང་ལས་སྐྱེ་བའི་སྐྱེ་གནས་དང༌། མངལ་ནས་སྐྱེ་བ་དང༌། དྲོད་གཤེར་ལས་སྐྱེ་བ་དང༌། རྫུས་ཏེ་སྐྱེ་བ་སྟེ། འདི་ནི་སྐྱེ་གནས་ཡིན་པར་གསུངས་སོ། །སྒོ་ང་ལས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་སྒོ་ང་ལས་སྐྱེ་བ་རྣམས་དང༌། སྒོ་ང་ན་འདུག་པ་རྣམས་དང༌། སྒོ་ངའི་སྦུབས་ཀྱི་སྤྲིས་གཡོགས་པ་རྣམས་དང༌། སྒོ་ངའི་སྦུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང༌། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། སྨྲས་པ། འདི་ལྟ་སྟེ། ངང་པ་དང༌། ཁྲུང་ཁྲུང་དང༌། རྨ་བྱ་དང༌། ནེ་ཙོ་དང༌། རི་སྐེགས་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་ལ་སོགས་པ་དང༌། ཀླུ་ཁ་ཅིག་དང༌། ནམ་མཁའ་ལྡིང་ཁ་ཅིག་དང༌། མི་ཁ་ཅིག་དང༌། གཞན་ཡང་སེམས་ཅན་གང་དག་སྒོ་ང་ལས་སྐྱེས་པ་རྣམས་དང༌། སྒོ་ང་ན་འདུག་པ་རྣམས་དང༌། སྒོ་ངའི་སྦུབས་ཀྱི་སྤྲིས་གཡོགས་པ་རྣམས་དང༌། སྒོ་ངའི་སྦུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང༌། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། འདི་ནི་སྒོང་ང་ལས་སྐྱེ་བའི་སྐྱེ་གནས་ཞེས་བྱའོ། །

    མངལ་ནས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་མངལ་ནས་སྐྱེ་བ་རྣམས་དང༌། མངལ་ན་འདུག་པ་རྣམས་དང༌། མངལ་གྱི་སྦུབས་ཀྱིས་གཡོགས་པ་རྣམས་དང༌། མངལ་གྱི་སྦུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང༌། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། གླང་པོ་ཆེ་དང༌། རྟ་དང༌། རྔ་མོ་དང༌། བ་ལང་དང༌། བོང་བུ་དང༌། མ་ཧེ་དང༌། རི་དྭགས་དང༌། ཕག་ལ་སོགས་པ་དང༌། ཀླུ་ཁ་ཅིག་དང༌། ནམ་མཁའ་ལྡིང་ཁ་ཅིག་དང༌། ཡི་དྭགས་ཁ་ཅིག་དང༌། མི་ཁ་ཅིག་དང༌། གཞན་ཡང་སེམས་ཅན་གང་དག་མངལ་ནས་སྐྱེ་བ་རྣམས་དང༌། མངལ་ན་འདུག་པ་རྣམས་དང༌། མངལ་གྱི་སྦུབས་ཀྱིས་གཡོགས་པ་རྣམས་དང༌། མངལ་གྱི་སྦུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ་འགྲུབ་ཅིང་མངོན་པར་འགྲུབ་པ་དང༌། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། འདི་ནི་མངལ་ནས་སྐྱེ་བའི་སྐྱེ་གནས་ཞེས་བྱའོ།།

    དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཕན་ཚུན་གྱི་དྲོད་དང༌། ཕན་ཚུན་གྱི་མེ་དང༌། ཕན་ཚུན་གྱི་རྡུལ་དང༌། ཕན་ཚུན་གྱི་གནོད་པ་དང༌། ཕན་ཚུན་བཙིར་བས་ཉལ་ཉིལ་གྱི་ཕུང་པོ་ལ་བརྟེན་ཏམ། སྟོར་ཁུང་དང༌། ཕྱི་སའི་གནས་སམ། ཤ་རུལ་ལམ། ཉ་རུལ་ལམ། ཟན་དྲོན་རུལ་བའམ། རྩྭ་སྟུག་པོའམ། ནགས་ཚལ་སྟུག་པོའམ། རྩྭའི་སྤྱིལ་པོའམ། ལོ་མའི་སྤྱིལ་པོའམ། ཆུ་རུལ་པའམ། ཁྱིམ་གྱི་སང་སེང་ངམ། སྦྲང་བུའི་ཚངས་ལ་བརྟེན་ནས། སྐྱེ་ཞིང་ཀུན་ཏུ་སྐྱེ་ལ་འགྲུབ་ཅིང་མངོན་པར་འགྲུབ་པ་དང༌། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྲིན་བུ་དང༌། སྦུར་བུ་དང༌། ཕྱེ་མ་ལེབ་དང༌། སྦྲང་བུ་མཆུ་རིངས་དང༌། ཏིལ་དང༌། ཕུབ་མ་དང༌། ཤིང་ཟ་བ་ལ་སོགས་པ་དང༌། ཀླུ་ཁ་ཅིག་དང༌། ནམ་མཁའ་ལྡིང་ཁ་ཅིག་དང༌། མི་ཁ་ཅིག་དང༌། གཞན་ཡང་སེམས་ཅན་གང་དག་ཕན་ཚུན་གྱི་དྲོད་དང༌། ཕན་ཚུན་གྱི་མེ་དང༌། ཕན་ཚུན་གྱི་རྡུལ་དང༌། ཕན་ཚུན་གནོད་པ་དང༌། ཕན་ཚུན་བཙིར་བས། སྐྱེ་ཞིང་ཀུན་ཏུ་སྐྱེ་ལ་འགྲུབ་ཅིང་མངོན་པར་འགྲུབ་པ་དང༌། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། འདི་ནི་དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་ཞེས་བྱའོ།།

    རྫུས་ཏེ་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཡན་ལག་དང༌། ཉིང་ལག་ཐམས་ཅད་དང་ལྡན་ཞིང་རྫོགས་པ་དབང་པོ་མ་ཚང་བ་མེད་པ་རྣམས་ཅིག་ཅར་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ་འགྲུབ་ཅིང་མངོན་པར་འགྲུབ་པ་དང༌། ཡང་དག་པར་འགྲུབ་ཅིང་མངོན་པར་འགྲུབ་པ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། ལྷ་ཐམས་ཅད་དང༌། སེམས་ཅན་དམྱལ་བ་པ་ཐམས་ཅད་དང༌། བར་མ་དོའི་སྲིད་པ་ཐམས་ཅད་དང༌། ཀླུ་ཁ་ཅིག་དང༌། ནམ་མཁའ་ལྡིང་ཁ་ཅིག་དང༌། ཡི་དྭགས་ཁ་ཅིག་དང༌། མི་ཁ་ཅིག་དང༌། གཞན་ཡང་སེམས་ཅན་གང་དག་ཡན་ལག་དང༌། ཉིང་ལག་ཐམས་ཅད་དང་ལྡན་ཞིང་རྫོགས་པ་དབང་པོ་མ་ཚང་བ་མེད་པ་རྣམས་ཅིག་ཅར་སྐྱེ་ ཞིང་ཀུན་ཏུ་སྐྱེ་ལ་འགྲུབ་ཅིང་མངོན་པར་འགྲུབ་པ་དང༌། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། འདི་ནི་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཞེས་བྱའོ། །1ཞེས་སོགས་འབྱུང་བ་ལྟར་རོ། །

    དེ་ལྟར་གོང་དུ་བཤད་པའི་སྐྱེ་གནས་བཞི་ལས། སྐྱེ་བ་ལེན་པའི་ཚེ་རྣམ་ཤེས་མངལ་དུ་ཇི་ལྟར་འཇུག་པའི་ཚུལ་བཤད་པ་ལ། བར་དོ་བ་དེ་མའི་མངལ་དུ་འཇུག་པའི་རྒྱུ་ནི། ཕ་མ་གཉིས་ཕན་ཚུན་ཆགས་ཏེ་འཁྲིག་པའི་སྦྱོར་བ་བྱས་པ་དང༌། མ་ལ་དུས་ཀྱི་ཟླ་མཚན་དང་ལྡན་པ་དང༌། བར་དོ་བ་ཡང་ཉེ་བར་ཡོད་པ་དང་། མའི་མངལ་དང་ཕ་མའི་ཁུ་ཁྲག་ལ་སྐྱོན་མེད་ཅིང་ཕ་མ་གཉིས་དང་བར་དོ་བ་གསུམ་གྱིས་སྔོན་བསགས་པའི་ལས་ཀྱི་རྐྱེན་ཏེ་རྒྱུ་ཚོགས་གསུམ་པོ་དེ་ཚང་ན་མི་མངལ་དུ་འཇུག་པར་འགྱུར་བར་གསུངས་ཏེ། མངལ་དུ་འཇུག་པའི་མདོ་ལས། “ཕ་མ་ཡང་ཆགས་པའི་སེམས་སྐྱེས་པར་གྱུར། དུས་ཀྱི་ཟླ་མཚན་ཡང་རྗེས་སུ་མཐུན་པར་གྱུར། བར་མ་དོའི་ཕུང་པོ་ཡང་མངོན་དུ་གྱུར་ལ། གོང་མ་ལྟ་བུའི་སྐྱོན་མང་པོ་ཡང་མེད་ཅིང་ལས་ཀྱི་རྐྱེན་དང་ལྡན་པར་གྱུར་ན་མངལ་དུ་འཇུག་པར་འགྱུར་རོ། །”2ཞེས་སོ། །

    བར་དོ་བ་དེ་མངལ་དུ་འཇུག་ཚུལ་དངོས་ནི། བར་སྲིད་པ་དེས་སྐྱེ་བའི་གནས་སུ་རང་དང་རིགས་མཐུན་པའི་སེམས་ཅན་མཐོང་ནས་དེ་དག་ལ་ལྟ་བ་དང་རྩེ་བ་སོགས་བྱ་བར་འདོད་ནས་སྐྱེ་བའི་གནས་སུ་འགྲོ་འདོད་པར་འགྱུར་ལ། ཕ་མའི་ཁུ་ཁྲག་ལ་ཕྱིན་ཅི་ལོག་ཏུ་མཐོང་སྟེ། དེའི་ཚེ་ཕ་མ་གཉིས་ཉལ་པོ་བྱེད་པ་མེད་བཞིན་དུ་ཉལ་པོ་བྱེད་པ་སྒྱུ་མ་བཞིན་དུ་མཐོང་ནས་དེ་ལ་ཆགས་པར་འགྱུར་བ་དང། ཕོར་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་སྡང་བ་སྐྱེ་བར་འགྱུར་ལ། མོར་སྐྱེ་ན་ཕ་ལ་ཆགས་ཤིང་མ་ལ་སྡང་བ་སྐྱེ་བར་འགྱུར་བར་གསུངས།

    དེ་ཡང་གང་ལ་ཆགས་པའི་སྐྱེས་པའམ་བུད་མེད་དེ་ཁོ་ན་མཐོང་གི་ཅིག་ཤོས་མི་མཐོང་བ་དང་། དེ་ལ་འཁྱུད་པའི་བསམ་པས་ཉེ་བར་སྦྱོར་བ་ན། སྐྱེས་པའམ་བུད་མེད་དེའི་ལུས་གཞན་མི་སྣང་བར། ཕོ་མོ་གང་ཡིན་པ་དེའི་མཚན་མ་འབའ་ཞིག་སྣང་ནས་ཁོང་ཁྲོ་སྐྱེ་ཞིང། དེའི་རྐྱེན་གྱིས་བར་དོ་བ་དེ་ཤི་ནས་དེ་མ་ཐག་རྣམ་ཤེས་ཕ་མ་གཉིས་འདུས་པའི་ཁུ་ ཁྲག་དཀར་དམར་དང་མཉམ་དུ་མའི་མངལ་གྱི་དབུས་སུ་འཇུག་པར་གསུངས་ཏེ། དགའ་བོ་མངལ་ན་གནས་པའི་མདོ་ལས། གཞན་ཡང་བར་མ་དོའི་སྲིད་པ་དེ་མའི་མངལ་དུ་འཇུག་པའི་ཚེ་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཏེ། གལ་ཏེ་ཕོ་ཡིན་ན་ནི་མ་ལ་ཆགས་པ་སྐྱེ་བར་འགྱུར་ལ། ཕ་ལ་ནི་ཞེ་སྡང་སྐྱེ་བར་འགྱུར་རོ། །གལ་ཏེ་མོ་ཡིན་ན་ནི་ཕ་ལ་ནི་ཆགས་པ་སྐྱེ་བར་འགྱུར་ལ། མ་ལ་ནི་ཞེ་སྡང་སྐྱེ་བར་འགྱུར་ཏེ། སྔོན་འདས་པའི་དུས་སུ་མངོན་པར་འདུས་བྱས་པའི་ལས་ཀྱི་དབང་གིས་ཡང་དག་པ་མ་ཡིན་པའི་འདུ་ཤེས་ཀྱིས་ལོག་པར་ཤེས་པའི་བསམ་པ་སྐྱེད་པར་བྱེད་དེ།3 ཞེས་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། བར་མ་དོའི་སྲིད་པ་ལ་གནས་པ་དེ་སྐལ་བ་མཉམ་པའི་སེམས་ཅན་ལ་བལྟ་བ་དང༌། རྩེ་བ་ལ་སོགས་པ་བྱ་བར་འདོད་པས་སྐྱེ་བའི་གནས་སུ་འགྲོ་འདོད་པ་སྐྱེད་པར་གྱུར་ལ། ཕ་མ་ལས་བྱུང་བའི་ཁུ་བ་དང༌། ཁྲག་དེ་ཡང༌། དེའི་ཚེ་ཕྱིན་ཅི་ལོག་ཏུ་མཐོང་བར་འཇུག་པར་འགྱུར་རོ། །དེ་ལ་ཕྱིན་ཅི་ལོག་ནི་འདི་ཡིན་ཏེ། ཕ་མ་གཉིས་ཉལ་པོ་བྱེད་པར་མཐོང་ན། དེའི་ཚེ་ན་ཕ་མ་གཉིས་ཉལ་པོ་བྱེད་པ་ཡང་མེད་བཞིན་དུ་དེས་ཕྱིན་ཅི་ལོག་གི་བློས་དེ་ལྟར་མཐོང་སྟེ། སྒྱུ་མ་བྱས་པ་མཐོང་བ་བཞིན་ནོ། །4 ཞེས་སོགས་གསུངས་པ་ལྟར་རོ། །

    བར་དོ་བ་དེ་མའི་མངལ་དུ་ཞུགས་རྗེས་ཀྱི་ལུས་ཀྱི་འདུག་སྟངས་ནི། མངལ་དུ་ཞུགས་པ་དེ་ཕོ་ཞིག་ཡིན་ན་ནི་མའི་ལྟོ་བ་གཡས་པར་ཁ་མའི་སྒལ་ཚིགས་ངོས་ལ་བསྟན་ནས་ཙོག་ཙོག་པོར་གནས་ལ། མོ་ཞིག་ཡིན་ན་ནི་མའི་ལྟོ་བ་གཡོན་པར་ཁ་མའི་མདུན་ཕྱོགས་སུ་བསྟན་ཏེ་ཙོག་ཙོག་པོར་གནས་ཤིང། མ་ནིང་ཞིག་ཡིན་ན་ནི་མངལ་དུ་ཞུགས་པ་རང་ཉིད་ལ་ཕོ་མོའི་འདོད་ཆགས་གང་ཤས་ཆེ་བ་ དེ་བཞིན་དུ་གནས་པར་མངལ་དུ་འཇུག་པའི་མདོ་སོགས་ལས་གསུངས། དེ་ཡང་མདོ་དེ་ཉིད་ལས། “དགའ་བོ། དེ་ལྟ་བུ་ལུས་དེ་ཡང་གལ་ཏེ་ཕོ་ཡིན་ན་ནི་མའི་མངལ་གཡས་ཕྱོགས་སུ་ཙོག་པུར་འདུག་ལ། ལག་པ་གཉིས་ཀྱིས་གདོང་གཡོགས་ནས་མའི་སྒལ་ཚིགས་ལོགས་སུ་བལྟས་ཏེ་འདུག་གོ །གལ་ཏེ་མོ་ཡིན་ན་ནི་རྩིབ་ལོགས་གཡོན་ཕྱོགས་སུ་ཙོག་པུར་འདུག་གོ །ལག་པ་གཉིས་ཀྱིས་གདོང་གཡོགས་ནས་མའི་ལྟོ་བ་ལ་ཁ་བལྟས་ནས།”5ཞེས་དང། མཛོད་རང་འགྲེལ་ལས། “འོན་ཏེ་དེ་མ་ནིང་ཞིག་ཡིན་ན་ནི་དེ་འདོད་ཆགས་གང་དང་ལྡན་པ་དེ་བཞིན་དུ་གནས་སོ། །”6 ཞེས་སོགས་གསུངས་སོ། །

    བར་དོ་བ་དེའི་རྣམ་ཤེས་ཐོག་མར་མའི་མངལ་དུ་འཇུག་པའི་སྒོ་ལ་གསུམ་ཡོད་པར་བཤད་དེ།

    དང་པོ་སྤྱི་བོ་ནས་འཇུག་པ་ནི། བར་དོ་བ་དེས་ཕ་མ་གཉིས་ཀས་དབང་པོ་གཉིས་སྦྱོར་བ་མཐོང་བས་རྐྱེན་བྱས་ཏེ། འདོད་པ་བསྟེན་པའི་ཆེད་དུ་རང་ཉིད་ཀྱི་ལུས་རྟེན་དེ་དོར་ནས་གཉུག་སེམས་ཕྲ་མོས་གཉུག་རླུང་ཕྲ་མོའི་རྟ་ལ་ཞོན་ཏེ་ཕའི་སྤྱི་བོ་རྣམ་པར་སྣང་མཛད་ཀྱི་སྒོ་བརྒྱུད་ནས་མའི་མངལ་དུ་འཇུག་པར་སློབ་དཔོན་ཀླུའི་བློའི་རྣམ་གཞག་རིམ་པ་ལས་གསུངས་ཏེ། དེ་ཉིད་ལས། “དབང་པོ་གཉིས་མཉམ་པར་སྦྱོར་བ་མཐོང་བས་འདོད་པ་ཉེ་བར་ལེན་པའི་ཕྱིར་སྲིད་པ་བར་མ་སྤངས་ཏེ་རྟ་ཞོན་པ་བཞིན་རྣམ་པར་ཤེས་པའི་བདག་པོ་ཐུགས་རྡོ་རྗེ་རླུང་གི་བཞོན་པ་ལ་ཡང་དག་པར་ཞོན་ནས་ཤིན་ཏུ་མྱུར་བར་འོང་ཞིང་སྐད་ཅིག་ཐང་ཅིག་གམ་ཡུད་ཙམ་གྱིས་ཡེ་ཤེས་སེམས་དཔའ་ལྟར་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ།”7ཞེས་སོ། །

     གཉིས་པ་ཁ་ནས་འཇུག་པ་ནི། ཚུལ་སྔར་ལྟར་བར་དོ་བ་དེའི་གཉུག་སེམས་ཕྲ་མོ་བཞོན་པའི་རླུང་དང་བཅས་ཕའི་ཁའི་ ལམ་བརྒྱུད་ནས་མའི་མངལ་དུ་འཇུག་པར་ཡང་། རྒྱུད་སྡོམ་འབྱུང་ལས།

         ཕ་མའི་ཀུན་ཏུ་སྦྱོར་སོགས་ནི། །སྲེད་པའི་སྐྱེ་བོས་མཐོང་གྱུར་ནས།།

         རྟ་ལ་ཞོན་བཞིན་རྣམ་ཤེས་ནི། །རླུང་གི་བཞོན་པ་ཞོན་ནས་སུ།།

         སྐད་ཅིག་ཐང་ཅིག་ཉིད་ལ་ནི། །ཤིན་ཏུ་མྱུར་བར་འོངས་གྱུར་ནས།།

         ཤིན་ཏུ་དགའ་དང་བཅས་སྟོབས་ཀྱིས། །ཁ་ཡི་ལམ་ནས་འཇུག་པར་འགྱུར།།8ཞེས་དང་། རྒྱུད་རྡོར་ཕྲེང་ལས།

         འཇུག་པ་ཕ་ཡི་ཁ་ཡི་རླུང། །དེ་ཚེ་ས་བོན་དུ་ནི་འགྱུར། །

         ས་བོན་ལས་ནི་སེམས་ཅན་འབྱུང་། །9ཞེས་བར་དོ་བ་དེ་ཤི་ནས་གཉུག་སེམས་ཕྲ་མོ་བཞོན་པའི་རླུང་བཅས་མའི་མངལ་དུ་འཇུག་སྐབས་ཐོག་མར་ཕའི་ཁར་ཞུགས་ཤིང། དེ་བརྒྱུད་ནས་ཕའི་གསང་གནས་ནས་ཐོན་ཏེ་མའི་མངལ་དུ་འཇུག་པར་བསྟན་པའི་ཤུགས་ ཀྱིས། སྔར་རྣམ་གཞག་རིམ་པ་དྲངས་པར་གསལ་བ་ལྟར་ཐོག་མའི་འཇུག་སྒོ་སྤྱི་བོ་ཡང་ཕའི་ སྤྱི་བོ་ཡིན་པར་གོ་ནུས་སོ།།

     གསུམ་པ་མའི་མངལ་གྱི་སྒོ་ནས་འཇུག་པ་ནི། མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲང་ལས། “ལས་ཀྱི་ལྟོ་བ་འཛིན་པར་བྱེད་པ་དེའི་ཕྱིར་སྐྱེ་གནས་ཀྱི་སྒོ་ནས་འཇུག་གོ །”10 ཞེས་གསུངས་སོ།།

    བར་དོ་བ་དེ་རི་བྲག་དང་རྩིག་པ་སོགས་ལ་ཐོགས་པ་མེད་པས་འཇུག་པའི་སྒོ་ལ་བུ་ག་ངེས་པར་མི་དགོས་ཤིང། བུ་ག་དང་གས་སྲུབས་གཏན་ནས་མེད་པའི་རྡོ་ཕ་བོང་གཤགས་པའི་ནང་ནས་སྲོག་ཆགས་སྡོམ་དང་སྦལ་པ་སོགས་འབྱུང་བ་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་བཞིན་ཡིན་པར་བཤད།

    མངལ་དུ་ཞུགས་པ་དེ་ཕོ་མོ་མ་ནིང་དུ་འགྱུར་ཚུལ་སྨན་གཞུང་སོགས་ནས་བཤད་ཚུལ་མི་འདྲ་བ་ཞིག་ཀྱང་འབྱུང་སྟེ། སློབ་དཔོན་ཕ་ཁོལ་གྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལྟར་ན། ཕ་མ་གཉིས་ཉལ་པོ་བྱེད་པའི་ཚེ་ཕ་མ་གཉིས་ཀྱི་ཁུ་ཁྲག་དཀར་དམར་གྱི་ཐིགས་པ་ཐ་མའི་ཚེ་ཕའི་ཁུ་བ་མང་ན་ཕོར་འགྱུར་བ་དང་། མའི་ཁྲག་མང་ན་མོར་འགྱུར་བ་དང། ཁུ་ཁྲག་གཉིས་ཆ་མཉམ་ན་མ་ནིང་དུ་འགྱུར་བ་དང། ཡང་ཕ་མའི་ཁུ་ཁྲག་དཀར་དམར་གཉིས་རླུང་གིས་སོ་སོར་ཕྱེ་བའི་ཚེ། ཕའི་ཁུ་བ་ཤས་ཆེ་ན་བུ་དང་མའི་ཁྲག་ཤས་ཆེ་ན་མོ་དང་ཁུ་ཁྲག་གཉིས་ཆ་མཉམ་ན་བུ་མཚེ་མའམ་བུ་མོ་མཚེ་མར་འགྱུར་བ་སོགས་ཀྱང་བཤད་དེ། གཞུང་དེ་ཉིད་ལས།  དེ་བས་ཁུ་བ་མང་བ་ལས། །ཕལ་ཆེར་སྐྱེས་པར་སྐྱེ་འགྱུར་ལ། ། ཟླ་མཚན་མང་ལས་བུད་མེད་དེ། །དེ་གཉིས་མཉམ་པས་མ་ནིང་འགྱུར། །  ཁུ་ཁྲག་རླུང་གིས་མང་དུ་ཕྱེ། །ཇི་ལྟ་བ་ལས་མཚེ་མར་འགྱུར།།11ཞེས་སོ། །འདིར་ཕལ་ཆེར་ཞེས་པས་རྐྱེན་གཞན་གྱི་དབང་གིས་གཞན་དུ་འགྱུར་བ་ཡང་སྲིད་པས་ངེས་པ་མེད་པར་བསྟན་ཏོ།།

    ཡང་གསང་སྔགས་ཀྱི་གཞུང་འགའ་ཞིག་ནས་ཕའི་ཁུ་བའི་ཐིགས་པ་ཐ་མ་མའི་མངལ་དུ་ལྷུངས་པའི་ཚེ་ཕ་མ་གཉིས་ཀྱི་ཁུ་ཁྲག་དཀར་དམར་འདུས་པའི་གཡས་ནས་རླུང་ན་བུར་འགྱུར་བ་དང་། གཡོན་ནས་རླུང་རྒྱུ་ན་བུ་མོར་འགྱུར་བ་དང། དབུས་ནས་རླུང་རྒྱུ་ན་མ་ནིང་དུ་འགྱུར་བར་ཡང་བཤད་དེ། རྒྱུད་སྡོམ་འབྱུང་ལས། མཁས་པས་ས་བོན་ལྷུང་བའི་རིམ། །དུས་ཀྱི་སྐད་ཅིག་ཡང་དག་མཚོན། །  གཡས་ནས་རླུང་ནི་རྒྱུ་བ་གང། །ཐམས་ཅད་དུ་ནི་སྐྱེས་བུར་འགྱུར། ། གཡོན་ནས་རླུང་ནི་རྒྱུ་བ་གང། །ངེས་པར་བུད་མེད་རྣམས་སུ་འགྱུར། ། གཉིས་ཀའི་དབུས་རྒྱུའི་ས་བོན་གང་། །རྟག་ཏུ་མ་ནིང་འགྱུར་བ་འོ། །12ཞེས་འབྱུང་བ་ལྟར་ལ། འདི་ཡང་རྐྱེན་གཞན་གྱི་དབང་གིས་གཞན་དུ་འགྱུར་བ་ཡང་སྲིད་པས་ངེས་པ་མེད་དོ། །

གསུམ། མངལ་དུ་ལུས་ཀྱི་ཆགས་རིམ་མདོ་སྡེ་ལས་གསུངས་ཚུལ། 

     མངལ་དུ་ཞུགས་ནས་སྐྱེ་བ་ཇི་ལྟར་ལེན་ཚུལ་དང་ལུས་ཀྱི་ཆགས་རིམ་དངོས་བཤད་པ་ལ། མདོ་སྡེ་ལས་གསུངས་ཚུལ། དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་ཚུལ། སྨན་གཞུང་ལས་གསུངས་ཚུལ་རྣམས་ཡོད་པ་ལས།

     དང་པོ་མདོ་སྡེ་ལས་གསུངས་ཚུལ་ནི། སྤྱིར་མངལ་གྱི་ནང་ཕ་མའི་ཁུ་ཁྲག་འདུས་པ་ལས་ཕྲ་རིམ་ནས་རགས་རིམ་དུ་འགྱུར་བའི་ གནས་སྐབས་ལ། ༡ མེར་མེར་པོ་དང་། ༢ ནུར་ནུར་པོ་དང་། ༣ ལྟར་ལྟར་པོ་དང་། ༤ མཁྲང་འགྱུར་དང། ༥ རྐང་ལག་འགྱུས་པ་སྟེ་ལྔ་ཡོད་པ་ལས། བར་དོ་བ་དེ་མའི་མངལ་དུ་ཞུགས་པའི་བདུན་ཕྲག་དང་པོའི་ཚེ་མེར་མེར་པོ་ཞེས་བྱ་ལ། མེར་མེར་པོ་དེའི་དབྱིབས་ནི་འབྲས་བཙོས་པའི་ཁུ་བའམ་ཞོའི་ཁ་སྤྲིས་དང་འདྲ་བ་ དང་། ཞག་བདུན་གྱི་བར་དུ་ཁུ་ཁྲག་དཀར་དམར་གྱི་ནང་དུ་བཙོས་པ་ལྟར་གྱུར་པས་ན། མེར་མེར་པོ་བ་དེའི་ལུས་ཀྱི་དབང་པོའི་ཚོགས་པར་སའི་ཁམས་སྲ་བ་དང་། ཆུའི་ཁམས་གཤེར་བ་དང། མེའི་ཁམས་དྲོ་བ་དང་། རླུང་གི་ཁམས་གཡོ་བ་རྣམས་གཞི་ནས་མངོན་དུ་འགྱུར་བར་གསུངས་སོ། །མངལ་དུ་ལུས་ཇི་ལྟར་ཆགས་ཤིང་བདུན་ཕྲག་རེ་རེ་ནས་ལུས་དེ་ཇི་ལྟར་རྒྱས་པའི་ཚུལ་ དེ་དགའ་བོ་མངལ་གནས་ཀྱི་མདོ་ལས་ཞིབ་ཅིང་གསལ་བར་ཐོན་ལ། དེ་ལྟ་བུའི་བཤད་པ་དེ་ནི་དུས་རབས་ཀྱི་ཆ་ནས་ཆེས་སྔ་བའི་བཤད་པ་དེང་རབས་ཀྱི་ཚན་རིག་པས་དངོས་མཐོང་གིས་གྲུབ་པའི་ལྟ་ཕྱོགས་དང་ཤིན་ཏུ་མཐུན་པ་ཞིག་ཏུ་མཐོང་བས་ཅུང་རྒྱས་པར་འགོད་པར་བྱའོ། །དེ་ཡང་མདོ་དེ་ལས། ཞག་བདུན་ཕྲག་དང་པོའི་ཚེ་མའི་མངལ་མི་གཙང་བ་ཐོག་མའི་གནས་སུ་ཉལ་བས་འདི་ལྟ་སྟེ། དཔེར་ན་ཟངས་རབ་ཏུ་ཚ་བའི་ནང་དུ་བཙོས་ཤིང་བརྔོས་པ་བཞིན་དུ་ལུས་ཀྱི་དབང་པོ་དང་རྣམ་པར་ཤེས་པ་ལྷན་ཅིག་ཏུ་སྡུག་བསྔལ་མི་བཟད་པ་མྱོང་བ་གང་ཡི་པ་དེ་ནི་མེར་མེར་པོ་ཞེས་བྱའོ། །དེའི་དབྱིབས་ནི་འདི་ལྟ་སྟེ། དཔེར་ན་འབྲས་ཀྱི་ཁུ་བའམ། ཞོའི་སྤྲིས་མ་དང་འདྲ་བས་ཞག་བདུན་གྱི་བར་དུ་ནང་དུ་བཙོས་རབ་ཏུ་བཙོས་པས་ན། སའི་ཁམས་སྲ་བ་ཉིད་དང་། ཆུའི་ཁམས་གཤེར་བ་ཉིད་དང་། མེའི་ཁམས་དྲོ་བ་ཉིད་དང་། རླུང་གི་ཁམས་ཡང་ཞིང་གཡོ་བ་ཉིད་གདོད་མངོན་དུ་སྣང་བར་འགྱུར་རོ། །13ཞེས་སོ།།

     བདུན་ཕྲག་གཉིས་པ་ལ་ནུར་ནུར་པོར་འགྱུར་ཚུལ་ནི། དེ་ནས་ཞག་བདུན་ཕྲག་གཉིས་པའི་ཚེ། མའི་མངལ་ནས་ཀུན་ཏུ་རེག་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ལ་རེག་པས་སྔར་གྱི་མེར་མེར་པོ་དེ་ཉིད་ཞོ་ནུར་པོ་ལྟར་གྱུར་པས་ནུར་ནུར་པོ་ཞེས་བྱ་ལ། ནུར་ནུར་པོ་དེའི་དབྱིབས་ནི་ཞོ་བསྐ་བའམ་མར་འཁྱགས་པ་དང་འདྲ་ཞིང། ཞག་བདུན་གྱི་བར་དུ་ཁུ་ཁྲག་གི་ནང་དུ་བཙོས་པས་ནུར་ནུར་པོ་བ་དེའི་ལུས་ཀྱི་དབང་པོའི་ཚོགས་པར་ས་སོགས་འབྱུང་བའི་ཁམས་བཞི་སྔར་ལས་གོང་དུ་འཕེ་བའི་ཚུལ་མདོ་དེ་ཉིད་ལས། དགའ་བོ། ཞག་བདུན་ཕྲག་གཉིས་པ་ལ་མའི་མངལ་ན་མི་གཙང་བའི་གནས་སུ་འདི་ལྟ་སྟེ། དཔེར་ན་ཟངས་ཀྱི་ནང་དུ་བཙོས་ཤིང་བརྔོས་པ་བཞིན་དུ་ལུས་ཀྱི་དབང་པོ་དང་རྣམ་པར་ཤེས་པ་ལྷན་ཅིག་ཏུ་སྡུག་བསྔལ་མི་བཟད་པ་མྱོང་བ་ན་མའི་མངལ་ནས་ཀུན་ཏུ་རེག་པ་ཞེས་བྱ་བའི་རླུང་སྔོན་གྱི་ལས་ཀྱི་དབང་གས་རང་བྱུང་ནས་མངལ་དེ་ལ་རེག་པ་གང་ཡིན་པ་དེ་ནི། ནུར་ནུར་པོ་ཞེས་བྱའོ།།དེའི་དབྱིབས་ནི་ཞོ་བསྐ་བའམ། མར་འཁྱགས་པ་འདྲ་སྟེ། ཞག་བདུན་གྱི་བར་དུ་ནང་དུ་བཙོས་རབ་ཏུ་བཙོས་པས་ན་ཁམས་བཞི་པོ་དག་མངོན་དུ་སྣང་བར་འགྱུར་རོ། །14ཞེས་འབྱུང་།

     བདུན་ཕྲག་གསུམ་པ་ལ་ལྟར་ལྟར་པོར་འགྱུར་ཚུལ་ནི། ཞག་བདུན་ཕྲག་གསུམ་པའི་ཚེ། མའི་མངལ་ནས་མཛོད་ཁ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ལ་རེག་པས་སྔར་གྱི་ནུར་ནུར་པོ་དེ་ཉིད་ནར་མོར་གྱུར་པས་ལྟར་ལྟར་པོ་ཞེས་བྱ་ལ། ལྟར་ལྟར་པོ་དེའི་དབྱིབས་ནི་ལྕགས་ཀྱི་ཐུར་མའམ་སྲིན་བུ་གྲོལ་མ་དང་འདྲ་ཞིང་། ཞག་བདུན་གྱི་བར་དུ་ཁུ་ཁྲག་གི་ནང་དུ་བཙོས་པས་ལྟར་ལྟར་པོ་བ་དེའི་ལུས་ཀྱི་དབང་པོའི་ཚོགས་པར་ཁམས་བཞི་སྔར་ལས་མངོན་དུ་འགྱུར་བའི་ཚུལ་མདོ་ད་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་གསུམ་པ་ལ་ཡང་རྒྱས་པར་སྔ་མ་བཞིན་དུ་སྦྱར་ཏེ། མའི་མངལ་ནས་མཛོད་ཁ་ཞེས་བྱ་བའི་རླུང་སྔོན་གྱི་ལས་ཀྱི་དབང་གིས་བྱུང་ནས། མངལ་དེ་ལ་རེག་པ་གང་ཡིན་པ་དེ་ནི། ལྟར་ལྟར་པོ་ཞེས་བྱའོ། །དེའི་དབྱིབས་ནི་འདི་ལྟ་སྟེ། ལྕགས་ཀྱི་ཐུར་མའམ། སྲིན་བུ་གྲོལ་མ་འདྲ་སྟེ། ཞག་བདུན་གྱི་བར་དུ་ཡང་བཙོས་རབ་ཏུ་བཙོས་པས་ན་ཁམས་བཞི་པོ་དག་མངོན་དུ་སྣང་བར་འགྱུར་རོ། །”15 ཞེས་སོ།།

     བདུན་ཕྲག་བཞི་པ་ལ་མཁྲང་བར་འགྱུར་ཚུལ་ནི། བདུན་ཕྲག་བཞི་པའི་ཚེ་མའི་མངལ་ནས་ནང་རབ་ཏུ་འབྱེད་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ལ་རེག་པས་ཟུག་རྔུ་རབ་ཏུ་འབར་བ་སྐྱེད་པར་བྱེད་ཅིང་སྔར་གྱི་ལྟར་ལྟར་པོ་དེ་ཉིད་མཁྲེགས་པོར་གྱུར་པས་མཁྲང་འགྱུར་ཞེས་བྱ་ཞིང་མཁྲང་འགྱུར་དེའི་དབྱིབས་ནི་བོང་བའམ་མཆི་གུ་དང་འདྲ་བའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་བཞི་པ་ལ་ཡང་རྒྱས་པར་སྔ་མ་བཞིན་དུ་སྦྱར་ཏེ། མའི་མངལ་ནས་ནང་རབ་ཏུ་འབྱེད་པ་ཞེས་བྱ་བའི་རླུང་སྔོན་གྱི་ལས་ལས་བྱུང་ནས་མངལ་ན་གནས་པའི་ཟུག་རྔུ་རབ་ཏུ་འབར་བ་འབུད་པར་བྱེད་པ་གང་ཡིན་པ་དེ་ནི། མཁྲང་འགྱུར་ཞེས་བྱའོ། །དེའི་དབྱིབས་ནི་བོང་བའམ་མཆི་གུ་འདྲ་སྟེ།”16ཞེས་གསུངས།

     བདུན་ཕྲག་ལྔ་པ་ལ་རྐང་ལག་འགྱུས་པའི་ཚུལ་ནི། བདུན་ཕྲག་ལྔ་པའི་ཚེ། མའི་མངལ་ནས་ཡང་དག་པར་སྡུད་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ལ་རེག་པས་སྔར་གྱི་མཁྲང་འགྱུར་དེ་ཉིད་ལ་དཔུང་པ་གཉིས་དང་བརླ་གཉིས་དང་མགོའི་མཚན་མའི་འབུར་པོ་བཅས་ཡན་ལག་དོད་པའི་མཚན་མ་ལྔ་འ་སྟེ། དཔེར་ན། དབྱར་ཁར་ཆར་བབས་པས་ལྗོན་ཤིང་དང་ནགས་ཚལ་གྱི་ཡལ་ག་དང་ལོ་མའི་མགོ་འབུས་པ་བཞིན་ཡིན་པའི་ཚུལ་མདོ་དེ་ཉིད་ལས། དགའ་བོ། ཞག་བདུན་ཕྲག་ལྔ་པ་ལ་ཡང་རྒྱས་པར་སྔ་མ་བཞིན་དུ་སྦྱར་ཏེ། མའི་མངལ་ནས་ཡང་དག་པར་སྡུད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ལ་རེག་པར་གྱུར་པ་ན་མཚན་མ་ལྔ་པོ་འདི་ལྟ་སྟེ། དཔུང་པ་གཉིས་དང། བརླ་གཉིས་དང་། མགོའི་མཚན་མ་མངོན་དུ་འབྱུང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན། དབྱར་གྱི་དུས་སུ་ཆར་འབབ་པའི་ཚེ་ལྗོན་ཤིང་དང་། ནགས་ཚལ་རྣམས་ཡལ་ག་དང་ལོ་མ་རྒྱས་ཤིང་འཕེལ་བར་བྱེད་པ་དེ་བཞིན་དུ་མཚན་མ་ལྔ་པོ་དག་རབ་ཏུ་སྣང་བར་བྱེད་དོ། །17ཞེས་གསུངས།

     བདུན་ཕྲག་དྲུག་པ་ལ། མའི་མངལ་ནས་རྒྱ་ཆེན་པོ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ལ་རེག་པས་དཔུང་པ་གཉིས་ལ་ལག་ངར་གཉིས་དང་བརླ་གཉིས་ལ་རྗེ་ངར་ གཉིས་འབྱུང་བར་འགྱུར་བ། དཔེར་ན། ཆར་དུས་སུ་རྩྭ་དང་ཤིང་དང་ཡལ་ག་རྣམས་སྐྱེ་བར་འགྱུར་བ་བཞིན་ཡིན་པའི་ཚུལ་མདོ་ དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་དྲུག་པ་ལ་ནི་མའི་མངལ་ནས་རྒྱ་ཆེན་པོ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ལ་རེག་པར་གྱུར་པ་ན་མཚན་མ་བཞི་པོ་འདི་ལྟ་སྟེ། ལག་ངར་གཉིས་དང་། རྗེ་ངར་གཉིས་འབྱུང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་དབྱར་ཆར་འབབ་པའི་ཚེ་རྩྭ་ཤིང་ཡལ་ག་སྐྱེ་བར་འགྱུར་བ་དེ་བཞིན་དུ་མཚན་མ་བཞི་པོ་དག་རབ་ཏུ་སྣང་བར་བྱེད་དོ། །”18ཞེས་གསུངས།

     བདུན་ཕྲག་བདུན་པ་ལ། མའི་མངལ་ནས་འཁྱིལ་བར་བྱེད་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ལ་རེག་པས། ལག་ངར་གཉིས་ལ་ལག་པའི་བོལ་གཉིས་དང་རྗེ་ངར་གཉིས་ལ་རྐང་པའི་བོལ་གཉིས་འབྱུང་བ་དཔེར་ན། ཆུ་ལ་ལྦུ་བ་འདུས་པའམ་ཉ་ལྕིབས་འབྱུང་བ་བཞིན་ཡིན་པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་བདུན་པ་ལ་ནི་མའི་མངལ་ནས་འཁྱིལ་བར་བྱེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་དེ་ལ་རེག་པར་གྱུར་པ་ན་མཚན་མ་བཞི་པོ་འདི་ལྟ་སྟེ། ལག་པའི་བོལ་གཉིས་དང་། རྐང་པའི་བོལ་གཉིས་འབྱུང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་དབུ་བ་འདུས་པའམ། ཉ་ལྕིབས་བཞིན་དུ་མཚན་མ་བཞི་པོ་དེ་དག་དང་ལྡན་པར་འགྱུར་རོ། །”19ཞེས་གསུངས།

     བདུན་ཕྲག་བརྒྱད་པ་ལ། མའི་མངལ་ནས་ཟློག་ཅིང་སྒྱུར་བར་བྱེད་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ལ་རེག་པ་ན་ལག་པའི་སོར་མོ་བཅུ་དང་རྐང་པའི་སོར་མོ་བཅུ་བཅས་སོར་མོ་ཉི་ཤུའི་མཚན་མ་ཐོག་མར་འབྱུང་བ། དཔེར་ན། ཆར་དུས་སུ་ལྗོན་ཤིང་གི་རྩ་བ་དང་པོར་སྐྱེས་པ་བཞིན་ཡིན་པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་བརྒྱད་པ་ལ་ནི་མའི་མངལ་ནས་ཟློག་ཅིང་སྒྱུར་བར་བྱེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ལ་རེག་པར་གྱུར་པ་ན་མཚན་མ་ཉི་ཤུ་པོ་འདི་ལྟ་སྟེ། ལག་པ་དང་རྐང་པའི་སོར་མོ་བཅུ་བཅུ་ཐོག་མ་ཁོ་ནར་སྣང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་དབྱར་ཆར་འབབ་པའི་ཚེ་ལྗོན་ཤིང་གི་རྩ་བ་དང་པོར་སྐྱེས་པ་ཇི་ལྟ་བ་བཞིན་ནོ། །”20ཞེས་གསུངས།

     བདུན་ཕྲག་དགུ་པ་ལ། མའི་མངལ་ནས་རྣམ་པར་འབྱེད་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ལ་རེག་པ་ན་མིག་གཉིས་དང་རྣ་བ་གཉིས་དང་སྣ་གཉིས་དང་ཁ་དང་བཤང་བའི་བུ་ག་དང་གཅི་བའི་བུ་ག་སྟེ་དགུའི་མཚན་མ་འབྱུང་བའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་དགུ་པ་ལ་ནི་མའི་མངལ་ནས་རྣམ་པར་འབྱེད་པ་ཞེས་བྱ་བའི་རླུང་འབྱུང་ སྟེ། རླུང་དེས་མངལ་ལ་རེག་པར་གྱུར་པ་ན་མཚན་མ་དགུ་པོ་འདི་ལྟ་སྟེ། མིག་གཉིས་དང་། རྣ་བ་གཉིས་དང། སྣ་གཉིས་དང་། ཁ་དང་། བཤང་བ་དང་། གཅི་བའི་བུ་ག་གཉིས་སྣང་བར་བྱེད་དོ། །”21ཞེས་གསུངས།

     བདུན་ཕྲག་བཅུ་པ་ལ། མའི་མངལ་ནས་སྲ་བར་བྱེད་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེ་སྲ་ཞིང་བརྟན་པར་བྱེད་ཅིང་། གཞན་ཡང་ཀུན་ནས་སྐྱེ་བ་ཞེས་བྱ་བའི་རླུང་བྱུང་སྟེ་རླུང་དེས་མངལ་གྱི་གནས་བུས་ནས་རྒྱས་པར་བྱེད་པ་དཔེར་ན། རྐྱལ་པ་བུས་ནས་ཆེན་པོར་གྱུར་པ་བཞིན་ཡིན་པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་བཅུ་པ་ལ་ནི་མའི་མངལ་ནས་སྲ་བར་བྱེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་སྲ་ཞིང་བརྟན་པར་བྱེད་དོ། །ཞག་བདུན་པ་དེ་ཉིད་ཀྱི་ཚེ་མའི་མངལ་ནས་གཞན་ཡང་ཀུན་ནས་སྐྱེ་བ་ཞེས་བྱ་བའི་རླུང་བྱུང་ནས་རླུང་དེས་མངལ་གྱི་གནས་བུས་ནས་རྒྱས་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་རྐྱལ་པ་བུས་པ་རྒྱས་པར་གྱུར་པ་ཇི་ལྟ་བ་བཞིན་ནོ། །”22ཞེས་གསུངས།

     བདུན་ཕྲག་བཅུ་གཅིག་པ་ལ། མའི་མངལ་ནས་བུ་ག་སྣང་བ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ལ་རེག་པས་མངལ་ན་གནས་པའི་ལུས་དེ་ཁོང་སྟོང་དུ་བྱེད་ཅིང་མིག་ གཉིས་ཀྱི་བུ་ག་སོགས་བུ་ག་དགུ་པོ་འབྱིན་པར་འགྱུར་བ། དཔེར་ན། སྦུད་པ་བུས་པ་ན་རླུང་སྟེང་དང་འོག་ཏུ་རྒྱུ་ཞིང་རླུང་གི་བྱ་བ་བུ་ག་འབྱིན་པ་བཞིན་ཡིན་པའི་ཚུལ་མདོ་དེ་ཉིད་ལས། དགའ་བོ། ཞག་བདུན་ཕྲག་བཅུ་གཅིག་པ་ལ་ནི་མའི་མངལ་ནས་བུ་ག་སྣང་བ་ཞེས་བྱ་བའི་རླུང་འབྱུང་ སྟེ། རླུང་དེས་མངལ་ལ་རེག་པར་གྱུར་པ་ན་མངལ་ན་གནས་པ་དེ་ཁོང་སྟོང་དུ་བྱེད་པས་བུ་ག་ དགུ་པོ་དག་རབ་ཏུ་སྣང་བར་འགྱུར་ཏེ། ཞེས་པ་ནས། འདི་ལྟ་སྟེ། དཔེར་ན་མགར་བའམ། དེའི་སློབ་མས་སྦུད་པ་བུས་པ་ན་སྟེང་དང་འོག་ཏུ་རླུང་རྒྱུ་ ཞིང་རླུང་གི་བྱ་བ་བྱས་ནས༌འགག་པར་འགྱུར་བ་ཇི་ལྟ་བ་བཞིན་ནོ། །23ཞེས་གསུངས།

     བདུན་ཕྲག་བཅུ་གཉིས་པ་ལ། མའི་མངལ་ནས་ཡོན་པོའི་སྒོ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་བུས་པས། ནང་ཁྲོལ་རྒྱུ་མ་དང་གཉེ་མ་འགྲུབ་པར་བྱེད་པ་དང་། རྒྱུ་མ་དང་གཉེ་མ་པད་མའི་རྩ་བ་བཞིན་དུ་ཁོག་པའི་ནང་སྣོལ་མར་གནས་ཤིང། གཞན་ཡང་སྤུ་བརྒྱུས་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་ལུས་ལ་ལྷག་ཆད་མེད་པར་ཚིགས་བརྒྱ་སུམ་ཅུ་དང་ལུས་གནད་བརྒྱ་རྩ་གཅིག་སྐྱེད་པར་བྱེད་པའི་ཚུལ་མདོ་དེ་ཉིད་ལས། དགའ་བོ། ཞག་བདུན་ཕྲག་བཅུ་གཉིས་པ་ལ་ནི་མའི་མངལ་ནས་ཡོན་པོའི་སྒོ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་བུས་པས་གཡས་གཡོན་གྱི་ནང་ཁྲོལ་གྱི་རྒྱུ་མ་དང་གཉེ་མ་དག་འགྲུབ་ པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་པད་མའི་རྩ་བ་བཞིན་དུ་ལུས་ལ་བརྟེན་ཏེ་སྣོལ་མར་གནས་སོ། །ཞག་བདུན་པ་དེ་ཉིད་ཀྱི་ཚེ་གཞན་ཡང་སྤུ་བརྒྱུས་པ་ཞེས་བྱ་བའི་རླུང་འབྱུང་སྟེ། མངལ་གྱི་ནང་ཉིད་དུ་ལྷག་ཆད་མེད་པར་ཚིགས་བརྒྱ་སུམ་ཅུ་སྐྱེད་པར་བྱེད་དོ། །གཞན་ཡང་རླུང་དེའི་སྟོབས་ཀྱིས་གནད་བརྒྱ་རྩ་གཅིག་འབྱུང་བར་བྱེད་དོ། །24ཞེས་གསུངས།

     བདུན་ཕྲག་བཅུ་གསུམ་པ་ལ། མའི་མངལ་ནས་སྔར་གྱི་ཡོན་པོའི་སྒོ་ཞེས་བྱ་བའི་རླུང་དང་སྤུ་བརྒྱུས་པ་ཞེས་བྱ་ བའི་རླུང་བྱུང་ནས། རླུང་དེ་གཉིས་ཀྱི་སྟོབས་ཀྱིས། མངལ་ན་གནས་པ་དེས་རང་ཉིད་བཀྲེས་པ་དང་སྐོམ་པ་ཤེས་པས། མས་ཟ་འཐུང་བྱས་པའི་བཅུད་ཇི་སྙེད་པས་མངལ་ན་གནས་པ་དེའི་ལྟེ་བའི་རྩ་བརྒྱུད་ནས་ དེའི་ལུས་ལ་ཕན་འདོགས་པར་བྱེད་པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་བཅུ་གསུམ་པ་ལ་ནི་མའི་མངལ་ནས་སྔ་མའི་རླུང་དེ་ཉིད་ཀྱི་སྟོབས་ཀྱིས་བཀྲེས་པ་དང་། སྐོམ་པར་ཤེས་པར་བྱེད་པས་མས་ཟོས་ཤིང་འཐུངས་པའི་བཅུད་ཇི་སྙེད་པ་དག་ལྟེ་བར་ཞུགས་ནས་དེའི་ལུས་ལ་ཕན་འདོགས་པར་བྱེད་དོ། །”25ཞེས་གསུངས།

     བདུན་ཕྲག་བཅུ་བཞི་པ་ལ། མའི་མངལ་ནས་སྐུད་པའི་ཁ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་ལུས་ལ་རྩ་རྒྱུས་སྟོང་སྐྱེད་པར་བྱེད་ཅིང་། དེ་ཡང་དེའི་ལུས་ཀྱི་མདུན་ན་རྩ་རྒྱུས་ཉིས་བརྒྱ་ལྔ་བཅུ་དང་ལུས་ཀྱི་རྒྱབ་ན་རྩ་ རྒྱུས་ཉིས་བརྒྱ་ལྔ་བཅུ་དང་ལུས་ཀྱི་གཡས་ཕྱོགས་ན་རྩ་རྒྱུས་ཉིས་བརྒྱ་ལྔ་བཅུ་དང་ལུས་ཀྱི་གཡོན་ཕྱོགས་ན་རྩ་རྒྱུས་ཉིས་བརྒྱ་ལྔ་བཅུ་གནས་པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་བཅུ་བཞི་པ་ལ་ནི་མའི་མངལ་ནས་སྐུད་པའི་ཁ་ཞེས་བྱ་བའི་རླུང་འབྱུང་ སྟེ། རླུང་དེས་མངལ་ན་གནས་པ་དེའི་རྩ་རྒྱུས་སྟོང་སྐྱེད་པར་བྱེད་དེ། ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་མདུན་ན་གནས་སོ། །ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་རྒྱབ་ན་གནས་སོ། །ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་གཡས་ཕྱོགས་ན་གནས་སོ། །ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་གཡོན་ཕྱོགས་ན་གནས་སོ། །”26ཞེས་གསུངས།

     བདུན་ཕྲག་བཅོ་ལྔ་པ་ལ། མའི་མངལ་ནས་པདྨ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་ལུས་ལ་རྩར་རྒྱུ་བ་རྣམ་པ་ཉི་ཤུ་བསྐྱེད་ནས་རོ་རྣམས་འཇིབ་པར་བྱེད་པ་དང་། དེ་ཡང་ལུས་ཀྱི་མདུན་ན་རྩར་རྒྱུ་བ་རྣམ་པ་ལྔ་དང་། ལུས་ཀྱི་རྒྱབ་ན་རྩར་རྒྱུ་བ་རྣམ་པ་ལྔ་དང་། ལུས་ཀྱི་གཡས་ན་རྩར་རྒྱུ་བ་རྣམ་པ་ལྔ་དང་། ལུས་ཀྱི་གཡོན་ན་རྩར་རྒྱུ་བ་རྣམ་པ་ལྔ་ཡོད་ཅིང་། རྩར་རྒྱུ་བ་དེའི་མིང་ལ་ས་ག་དང་། སྟོབས་དང་། བརྟན་པ་དང་། མཐུ་དང་ལྡན་པ་ཞེས་ཀྱང་བྱའོ། །ཡང་སྔར་གྱི་རླུང་དེས་མངལ་ན་གནས་པ་དེའི་ལུས་ལ་རྩར་རྒྱུ་བ་སྟོང་ཕྲག་བརྒྱད་ ཅུ་བསྐྱེད་ནས་རོ་རྣམས་འཇིབ་པར་བྱེད་པ་དང་། དེ་ཡང་རྩར་རྒྱུ་བ་སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་མདུན་ན་ཡོད་པ་དང་རྩར་རྒྱུ་བ་སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་རྒྱབ་ན་ཡོད་པ་དང་། རྩར་རྒྱུ་བ་སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་གཡས་ཕྱོགས་ན་ཡོད་པ་དང། རྩར་རྒྱུ་བ་སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་གཡོན་ཕྱོགས་ན་ཡོད་ཅིང་། རྩར་རྒྱུ་བ་སྟོང་ཕྲག་བརྒྱད་ཅུ་པོ་དེ་དག་ལ་བུ་ག་གཅིག་དང་གཉིས་དང་ལྡན་པ་ནས། བུ་ག་བདུན་གྱི་བར་དང་ལྡན་ཞིང། བུ་ག་དེ་དག་ཀྱང་སྤུའི་ཁུང་བུ་རེ་རེ་དང་ཕན་ཚུན་འབྲེལ་བ་དཔེར་ན། པད་མའི་རྩ་བ་ལ་བུ་ག་མང་པོ་ཡོད་པ་བཞིན་ཡིན་པའི་ཚུལ་མདོ་དེ་ཉིད་ལས། དགའ་བོ། ཞག་བདུན་ཕྲག་བཅོ་ལྔ་པ་ལ་ནི་མའི་མངལ་ནས་པད་མ་ཞེས་བྱ་བའི་རླུང་འབྱུང་སྟེ། མངལ་ན་གནས་པ་དེའི་ལུས་ལ་རྩར་རྒྱུ་བ་རྣམ་པ་ཉི་ཤུ་བསྐྱེད་ནས་རོ་རྣམས་གཞིབ་པར་བྱེད་དེ། དེ་ཡང་ལུས་ཀྱི་མདུན་ན་ལྔ་དང་། ལུས་ཀྱི་རྒྱབ་ན་ལྔ་དང་། ལུས་ཀྱི་གཡས་ན་ལྔ་དང་། ལུས་ཀྱི་གཡོན་ན་ལྔ་ཡོད་དོ། །རྩར་རྒྱུ་བ་དེ་ཡང་མིང་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་ལྡན་པས་མིང་ནི་ས་ག་ཞེས་ཀྱང་བྱ། སྟོབས་ཞེས་ཀྱང་བྱ། བརྟན་པ་ཞེས་ཀྱང་བྱ། མཐུ་དང་ལྡན་པ་ཞེས་ཀྱང་བྱའོ། །ཞེས་པ་ནས། སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་མདུན་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་རྒྱབ་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་གཡས་ཕྱོགས་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་གཡོན་ཕྱོགས་ན་ཡོད་དོ། །དགའ་བོ་རྩར་རྒྱུ་བ་སྟོང་ཕྲག་བརྒྱད་ཅུ་པོ་དེ་དག་ལ་ཡང་བུ་ག་མང་པོ་ཡོད་པས་བུ་ ག་གཅིག་དང་གཉིས་དང་ལྡན་པ་ནས་བུ་ག་བདུན་གྱི་བར་དང་ལྡན་པ་ཡོ་དོ། །དེ་དག་རེ་རེ་ལ་ཡང་སྤུའི་ཁུང་བུ་རེ་རེ་དང་སོ་སོར་ཕན་ཚུན་འབྲེལ་ཏེ། འདི་ལྟ་སྟེ། དཔེར་ན་པད་མའི་རྩ་བ་ལ་བུ་ག་མང་པོ་ཡོད་པ་ཇི་ལྟ་བ་བཞིན་ནོ། །27ཞེས་གསུངས།

     བདུན་ཕྲག་བཅུ་དྲུག་པ་ལ། མའི་མངལ་ནས་བདུད་རྩི་འགྲོ་བ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་མིག་གི་སྐྱེ་མཆེད་གཉིས་དང་། རྣ་བའི་སྐྱེ་མཆེད་གཉིས་དང་། སྣའི་སྐྱེ་མཆེད་གཉིས་དང་། ཁའི་སྒོ་དང་། མིད་པའི་བུ་ག་དང་། སྙིང་གི་ཉེ་འཁྲིས་དང་། བཟའ་བ་དང་བཏུང་བ་དང་བཅའ་བ་དང་མྱངས་པ་རྣམས་འགྲོ་སའི་གནས་རྣམས་སྐྱེད་ཅིང་། དབུགས་ཕྱི་ནང་དུ་རྒྱུ་བ་ཆད་པ་མེད་པར་བྱེད་པ། དཔེར་ན། རྫ་མཁན་ནམ་རྫ་མཁན་གྱི་སློབ་མས་འཇིམ་པའི་གོང་བུ་འཁོར་ལོའི་སྟེང་དུ་བཞག་ནས་ ཇི་ལྟར་འདོད་པ་ལྟར་སྣོད་ཀྱི་རྣམ་གྲངས་མི་འདྲ་བ་དབྱིབས་སྣ་ཚོས་པ་མང་པོ་བཟོ་ བ་བཞིན་ཡིན་པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་བཅུ་དྲུག་པ་ལ་ནི་བདུད་རྩི་འགྲོ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེའི་སྦྱོར་བས་མངལ་ན་གནས་པ་དེའི་མིག་གི་སྐྱེ་མཆེད་གཉིས་དང་། རྣ་བའི་སྐྱེ་མཆེད་གཉིས་དང་། སྣའི་སྐྱེ་མཆེད་གཉིས་དང་། ཁའི་སྒོ་དང་། མིད་པའི་བུ་ག་དང་། སྙིང་གི་ཁོ་ར་ཁོར་ཡུག་དང་། བཟའ་བ་དང་། བཏུང་བ་དང་། བཅའ་བ་དང་། མྱངས་པ་རྣམས་འཇུག་པར་འགྱུར་བའི་གནས་རྣམ་པར་འཇོག་ཅིང་དབུགས་ཕྱི་ནང་དུ་རྒྱུ་བ་ཐོགས་པ་མེད་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་རྫ་མཁན་ནམ་དེའི་སློབ་མས་འཇིམ་པའི་གོང་བུ་བླངས་ཏེ། འཁོར་ལོའི་སྟེང་དུ་བཞག་ནས་ཇི་ལྟར་མོས་པ་བཞིན་དུ་སྣོད་ཀྱི་རྣམ་པ་དབྱིབས་ཐ་དད་པ་སྤེལ་ཞིང་རྣམ་པར་འཇོག་པ་དེ་བཞིན་དུ་ལས་ཀྱི་རླུང་གི་དབང་གིས་ཀྱང་དེ་བཞིན་དུ་མིག་ལ་སོགས་པའི་སྐྱེ་མཆེད་ཇི་ལྟར་མོས་པ་དེ་བཞིན་དུ་རྣམ་པར་འཇོག་ ཅིང་དབུགས་ཕྱི་ནང་དུ་རྒྱུ་བ་ཐོགས་པ་མེད་པར་བྱེད་དོ། །”28ཞེས་གསུངས།

     བདུན་ཕྲག་བཅུ་བདུན་པ་ལ། མའི་མངལ་ནས་འབྲི་གདོང་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་མིག་དང་། རྣ་བ་དང་། སྣ་དང་། ཁའི་སྒོ་དང་། མིད་པ་དང་། སྙིང་གི་ཕྱོགས་དང་། ཟས་འགྲོ་སའི་གནས་རྣམས་རབ་ཏུ་དང་བར་བྱེད་ཅིང་། དབུགས་ཕྱི་ནང་དུ་རྒྱུ་བའི་གནས་གཙང་མར་བྱེད་པ། དཔེར་ན། མེ་ལོང་གི་དཀྱིལ་འཁོར་རྡུལ་གྱིས་གཡོགས་པ་འབྲུ་མར་སོགས་ཀྱིས་བྱི་དོར་བྱས་ཏེ་ གསལ་དུ་གཏོང་བ་བཞིན་ཡིན་པའི་ཚུལ་མདོ་དེ་ཉིད་ལས།  དགའ་བོ། ཞག་བདུན་ཕྲག་བཅུ་བདུན་པ་ལ་ནི་མའི་མངལ་ནས་འབྲི་གདོང་ཞེས་བྱ་བའི་རླུང་འབྱུང་ སྟེ། རླུང་དེས་མངལ་ན་གནས་པ་དེའི་མིག་དང་། རྣ་བ་དང། སྣ་དང་། ཁའི་སྒོ་དང་། མིད་པ་དང་། སྙིང་གི་ཕྱོགས་དང་། ཟས་འཇུག་པར་འགྱུར་པའི་གནས་རྣམས་ཀུན་ཏུ་དང་བར་བྱེད་ཅིང་དབུགས་ཕྱི་ནང་དུ་རྒྱུ་བའི་གནས་ཐོགས་པ་མེད་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ཁྱེའུའམ་བུ་མོ་མཁས་པ་ཞིག་གིས་མེ་ལོང་གི་དཀྱིལ་འཁོར་རྡུལ་གྱིས་གཡོགས་པ་བླངས་ནས་འབྲུ་མར་དང་། ཐལ་བ་དང་། སའི་ཕྱེ་མ་ཞིབ་མོ་དག་གིས་བྱི་དོར་བྱས་ནས་གསལ་བར་འགྱུར་བ་དེ་བཞིན་དུ་ལས་ཀྱི་རླུང་གི་དབང་གིས་སྐྱེ་མཆེད་རྣམས་རྣམ་པར་འཇོག་ཅིང་ཐོགས་པ་མེད་པར་བྱེད་དོ། །29ཞེས་གསུངས།

     བདུན་ཕྲག་བཅོ་བརྒྱད་པ་ལ། མའི་མངལ་ནས་དྲི་མ་མེད་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་སྐྱེ་མཆེད་དྲུག་པོ་ཡོངས་སུ་དག་པར་བྱེད་པ། དཔེར་ན། ཉི་ཟླའི་དཀྱིལ་འཁོར་སྤྲིན་ཆེན་པོས་ཁེབས་པ་རླུང་དྲག་པོས་གཏོར་ན་རང་འོད་མངོན་ ཞིང་ཡོངས་སུ་དག་པར་འགྱུར་བ་བཞིན་ཡིན་པའི་ཚུལ་མདོ་དེ་ཉིད་ལས། དགའ་བོ། ཞག་བདུན་ཕྲག་བཅོ་བརྒྱད་པ་ལ་ནི་མའི་མངལ་ནས་དྲི་མ་མེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། མངལ་ན་གནས་པ་དེའི་སྐྱེ་མཆེད་དྲུག་པོ་དག་ཡོངས་སུ་དག་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་སྤྲིན་ཆེན་པོས་ཁེབས་པ་རླུང་དྲག་པོ་ལངས་ ནས་བུས་ཏེ་ཕྱོགས་བཞིར་གཏོར་བར་གྱུར་ན་འོད་དང་ལྡན་ཞིང་ཡོངས་སུ་དག་པར་འགྱུར་ བ་དེ་བཞིན་དུ་དགའ་བོ། ལས་ཀྱི་རླུང་དེའི་སྟོབས་ཀྱིས་མངལ་ན་གནས་པ་དེའི་དབང་པོ་དྲུག་ཡོངས་སུ་དག་པར་བྱེད་པ་ཡང་དེ་བཞིན་དུ་རིག་པར་བྱའོ།།30ཞེས་གསུངས།

     བདུན་ཕྲག་བཅུ་དགུ་པ་ལ། མངལ་དུ་གནས་པ་དེ་ཐོག་མར་མའི་མངལ་དུ་ཞུགས་པ་དང་དུས་མཉམ་དུ་ཐོབ་པའི་ལུས་ཀྱི་ དབང་པོ་དང་སྲོག་གི་དབང་པོ་དང་ཡིད་ཀྱི་དབང་པོ་གསུམ་གྱི་སྟེངདུ། མིག་སོགས་དབང་པོ་ལྷག་མ་བཞི་མངོན་པར་འགྲུབ་པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་བཅུ་དགུ་པ་ལ་ནི། མའི་མངལ་ན་གནས་པ་དེའི་དབང་པོ་བཞི་པོ་མིག་དང་། རྣ་བ་དང་། སྣ་དང་། ལྕེའི་དབང་པོ་དག་མངོན་པར་འགྲུབ་པར་བྱེད་དོ། །དང་པོ་མའི་མངལ་དུ་འཇུག་པའི་ཚེ་ཐོག་མ་ཁོ་ནར་དབང་པོ་གསུམ་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། ལུས་དང་། སྲོག་དང། ཡིད་ཀྱི་དབང་པོ་གང་ཡིན་པའོ། །”31ཞེས་གསུངས།

     བདུན་ཕྲག་ཉི་ཤུ་པ་ལ། མའི་མངལ་ནས་ཤིན་ཏུ་བརྟན་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་རྐང་པ་གཡོན་པ་ལ་བརྟེན་ཏེ་སོར་མོའི་རུས་པ་ཉི་ཤུ་ དང་། རྐང་པ་གཡས་པ་ལ་བརྟེན་ཏེ་སོར་མོའི་རུས་པ་ཉི་ཤུ་དང་། རྐང་པའི་རྟིང་པའི་རུས་པ་བཞི་དང་། རྗེ་ངར་གྱི་རུས་པ་གཉིས་དང་། པུས་མོའི་རུས་པ་གཉིས་དང་། བརླའི་རུས་པ་གཉིས་དང་། རྐེད་པའི་རུས་པ་གསུམ་དང་། ལོང་བུའི་རུས་པ་གསུམ་དང་། སྒལ་ཚིགས་ཀྱི་རུས་པ་བཅོ་བརྒྱད་དང་། རྩིབ་མའི་རུས་པ་ཉི་ཤུ་རྩ་བཞི་དང་། ཡང་ལག་པ་གཡོན་པ་ལ་བརྟེན་ཏེ་སོར་མོའི་ཚིགས་ཀྱི་རུས་པ་ཉི་ཤུ་དང་། ལག་པ་གཡས་པ་ལ་བརྟེན་ཏེ་སོར་མོའི་ཚིགས་ཀྱི་རུས་པ་ཉི་ཤུ་དང། ཡང་ལག་ངར་གྱི་རུས་པ་བཞི་དང་། དཔུང་པའི་རུས་པ་གཉིས་དང་། བྲང་གི་རུས་པ་བདུན་དང་། ཕྲག་པའི་རུས་པ་བདུན་དང་། གཉའ་བའི་རུས་པ་བཞི་དང་། འགྲམ་པའི་རུས་པ་གཉིས་དང་། སོའི་རུས་པ་སུམ་ཅུ་རྩ་གཉིས་དང་། མགོའི་རུས་པ་བཞི་སྐྱེད་པ། དཔེར་ན། གཟུགས་མཁན་ནམ་གཟུགས་མཁན་གྱི་སློབ་མས་དང་པོར་ཤིང་མཁྲེགས་པོས་བཟོ་བྱའི་ལྷའམ་མིའི་དབྱིབས་བཟོས་རྗེས་སྲད་བུས་དཀྲིས་ཤིང་། དེའི་སྟེང་དུ་འཇིམ་པ་བྱུགས་ནས་གཟུགས་བརྙན་མངོན་པར་འགྲུབ་པར་བྱེད་པ་བཞིན་ཡིན་ཞིང་། དེ་ཡང་རུས་པ་ཕྲ་མོ་མ་གཏོགས་པའི་དེའི་ཚེ་བསྐྱེད་བྱའི་རུས་པ་ཆེན་པོ་སྐྱེ་བའི་གྲངས་ཉིས་བརྒྱ་ཡོད་པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་ཉི་ཤུ་པ་ལ་ནི་མའི་མངལ་ནས་ཤིན་ཏུ་བརྟན་པ་ཞེས་བྱ་བའི་རླུང་འབྱུང་སྟེ། ”ཞེས་པ་ནས། “དགའ་བོ། དེ་ལྟར་ཞག་བདུན་ཕྲག་ཉི་ཤུ་པ་ལ་ནི་རུས་པ་ཕྲ་མོ་མ་གཏོགས་པར་རུས་པ་ཆེན་པོ་སྐྱེ་བའི་གྲངས་ནི་ཉིས་བརྒྱ་ཡོད་པར་རིག་པར་བྱའོ། །”32ཞེས་པའི་བར་གསུངས།

     བདུན་ཕྲག་ཉེར་གཅིག་པ་ལ། མའི་མངལ་ནས་ཡང་དག་སྐྱེད་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་ལུས་ལ་ཤ་སྐྱེད་པར་བྱེད་པ། དཔེར་ན། འཇིམ་པ་ལེགས་པར་སྦྱར་ནས་རྩིག་ངོས་ལ་ཞལ་ཞལ་བྱེད་པ་བཞིན་ཡིན་པའི་ཚུལ་མདོ་དེ་ ཉིད་ལས། “དགའ་བོ། ཞག་བདུན་ཕྲག་ཉི་ཤུ་གཅིག་པ་ལ་མའི་མངལ་ནས་ཡང་དག་སྐྱེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། མངལ་ན་གནས་པ་དེའི་ལུས་ལ་ཤ་སྐྱེད་པར་བྱེད་པ་འདི་ལྟ་སྟེ། དཔེར་ན། ཞལ་ཞལ་མཁན་ནམ་ཞལ་ཞལ་མཁན་གྱི་སློབ་མས་འཇིམ་པ་ལེགས་པར་སྦྱར་ནས་རྩིག་ངོས་ལ་ཞལ་ཞལ་བྱེད་པ་བཞིན་དུ་ལས་ཀྱི་རླུང་དེས་ཤ་སྐྱེད་པར་བྱེད་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །”33ཞེས་གསུངས།

     བདུན་ཕྲག་ཉེར་གཉིས་པ་ལ། མའི་མངལ་ནས་ཀུན་ཏུ་རྒྱལ་བ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་ལུས་ལ་ཁྲག་སྐྱེད་པར་བྱེད་པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་ཉི་ཤུ་གཉིས་པ་ལ་ནི་མའི་མངལ་ནས་ཀུན་ཏུ་རྒྱལ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་ཁྲག་སྐྱེད་པར་བྱེད་དོ། །”34ཞེས་གསུངས།

     བདུན་ཕྲག་ཉེར་གསུམ་པ་ལ། མའི་མངལ་ནས་ཡོངས་སུ་དག་པར་འཛིན་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་ལུས་ལ་པགས་པ་སྐྱེད་པར་བྱེད་པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་ཉི་ཤུ་གསུམ་པ་ལ་ནི་མའི་མངལ་ནས་ཡོངས་སུ་དག་པར་འཛིན་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་པགས་པ་སྐྱེད་པར་བྱེད་དོ། །”35ཞེས་གསུངས།

     བདུན་ཕྲག་ཉེར་བཞི་པ་ལ། མའི་མངལ་ནས་ཀུན་ཏུ་འཕྱོ་བ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་ལུས་ཀྱི་པགས་པ་རྐྱོང་ཞིང་མདོག་དང་ལྡན་པར་བྱེད་ པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་ཉི་ཤུ་བཞི་པ་ལ་ནི་མའི་མངལ་ནས་ཀུན་ཏུ་འཕྱོ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་པགས་པ་རྐྱོང་ཞིང་མདོག་དང་ལྡན་པར་བྱེད་དོ། །”36ཞེས་གསུངས།

     བདུན་ཕྲག་ཉེར་ལྔ་པ་ལ། མའི་མངལ་ནས་གྲོང་ཁྱེར་འཛིན་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་ལུས་ཀྱི་ཤ་དང་ཁྲག་རབ་ཏུ་དང་བར་བྱེད་པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་ཉི་ཤུ་ལྔ་པ་ལ་ནི་མའི་མངལ་ནས་གྲོང་ཁྱེར་འཛིན་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་ཤ་དང་ཁྲག་རབ་ཏུ་དང་བར་བྱེད་དོ། །”37ཞེས་གསུངས།

     བདུན་ཕྲག་ཉེར་དྲུག་པ་ལ། མའི་མངལ་ནས་སྐྱེ་བ་མངོན་པར་འགྲུབ་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་ལུས་ཀྱི་སྐྲ་དང་སྤུ་དང་སེན་མོ་རྣམས་སྐྱེད་ཅིང་ དེ་དག་ཐམས་ཅད་རྩ་རྒྱུས་རྣམས་དང་ཕན་ཚུན་འབྲེལ་བའི་ཚུལ་མདོ་དེཉིད་ལས། “དགའ་བོ། ཞག་བདུན་ཕྲག་ཉི་ཤུ་དྲུག་པ་ལ་ནི་མའི་མངལ་ནས་སྐྱེ་བ་མངོན་པར་འགྲུབ་པ་ཞེས་བྱ་ བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་ལུས་ཀྱི་སྐྲ་དང་། སྤུ་དང་། སེན་མོ་རྣམས་སྐྱེད་པར་བྱེད་དེ། དེ་དག་ཐམས་ཅད་རྩ་རྒྱུས་རྣམས་དང་ཕན་ཚུན་འབྲེལ་བར་བལྟ་བར་བྱའོ། །”38ཞེས་གསུངས།

     བདུན་ཕྲག་ཉེར་བདུན་པ་ལ། མའི་མངལ་ནས་སྨན་ཡོན་ཆེན་པོ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་ན་གནས་པ་དེའི་སྐྲ་དང་སྤུ་དང་སེན་མོ་རྣམས་མངོན་པར་འགྲུབ་པར་ བྱེད་པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་ཉི་ཤུ་བདུན་པ་ལ་ནི་མའི་མངལ་ནས་སྨན་ཡོན་ཆེན་པོ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་སྐྲ་དང་། སྤུ་དང་། སེན་མོ་རྣམས་མངོན་པར་འགྲུབ་པར་བྱེད་དོ། །”39ཞེས་གསུངས།

     བདུན་ཕྲག་ཉེར་བརྒྱད་པ་ལ། མངལ་དུ་གནས་པ་དེར་འཛིན་སྟངས་དོན་ལ་མི་གནས་པའི་ཕྱིན་ཅི་ལོག་གི་བློ་ཁྱིམ་གྱི་འདུ་ཤེས་དང་བཞོན་པའི་འདུ་ཤེས་དང་ཀུན་དགའ་ར་བའི་འདུ་ཤེས་སོགས་བརྒྱད་སྐྱེ་བར་འགྱུར་བའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་ཉི་ཤུ་རྩ་བརྒྱད་པ་ལ་ནི་མའི་མངལ་ན་གནས་པ་དེ་ཕྱིན་ཅི་ལོག་གི་འདུ་ ཤེས་རྣམ་པ་བརྒྱད་སྐྱེ་བར་འགྱུར་རོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་གྱི་འདུ་ཤེས་དང་། བཞོན་པའི་འདུ་ཤེས་དང། ཀུན་དགའ་ར་བའི་འདུ་ཤེས་དང་། ཁང་པ་བརྩེགས་པའི་འདུ་ཤེས་དང་། སྐྱེད་མོས་ཚལ་གྱི་འདུ་ཤེས་དང་། ཁྲི་ལ་འདུག་པའི་འདུ་ཤེས་དང་། ཆུ་བོའི་འདུ་ཤེས་དང་། རྫིང་གི་འདུ་ཤེས་ཏེ། ཡང་དག་པར་འདི་དག་ཡོད་པ་མ་ཡིན་ཡང་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་སྐྱེད་པར་ བྱེད་དོ། །”40ཞེས་གསུངས།

     བདུན་ཕྲག་ཉེར་དགུ་པ་ལ། མའི་མངལ་ནས་མེ་ཏོག་ཕྲེང་བ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མའི་མངལ་ན་གནས་པ་དེའི་ལུས་ཀྱི་པགས་པའི་མདོག་ཀུན་ཏུ་གསལ་ཞིང་ཡོངས་ སུ་དཀར་བ་དང་ཡོངས་སུ་དག་ཅིང་དང་བ་སོགས་སུ་བྱེད་པའི་ཚུལ་མདོདེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་ཉི་ཤུ་དགུ་པ་ལ་ནི་མའི་མངལ་ནས་མེ་ཏོག་ཕྲེང་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མའི་མངལ་ན་གནས་པ་དེའི་པགས་པའི་མདོག་ཀུན་ཏུ་གསལ་ཞིང་ཡོངས་སུ་དཀར་བ་དང་། ཡོངས་སུ་དག་ཅིང་དང་བར་བྱེད་དོ། །ལས་ཀྱི་སྟོབས་ཀྱིས་ཁ་ཅིག་ནི། ཁ་དོག་ནག་པོར་འགྱུར། ཁ་ཅིག་ནི། ཁ་དོག་སྔོན་པོར་འགྱུར་ཏེ། གཞན་ཡང་ཁ་དོག་རྣམ་པ་སྣ་ཚོགས་དང་ལྡན་པ་དང༌། ཁ་ཅིག་ནི། རྩུབ་ལ་སྣུམ་པ་མེད་པ་དང༌། ཁ་དོག་དཀར་བ་དང༌། ཁ་དོག་ནག་པ་དག་ཀྱང་ཅི་རིགས་པར་འབྱུང་བར་འགྱུར་རོ། །”41ཞེས་གསུངས།

     བདུན་ཕྲག་སུམ་ཅུ་པ་ལ། མའི་མངལ་ནས་ལྕགས་ཀྱི་སྒོ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་དུ་གནས་པ་དེ་བུས་པས་སྐྲ་དང་སྤུ་དང་སེན་མོ་རྣམས་སྐྱེ་ཞིང་འཕེལ་ བར་བྱེད་ཅིང་། སྔོན་གྱི་ལས་ཀྱི་དབང་གིས་ཁ་དོག་དཀར་གནག་ཅི་རིགས་པ་འབྱུང་བའི་ཚུལ་མདོ་དེ་ ཉིད་ལས། “དགའ་བོ། ཞག་བདུན་ཕྲག་སུམ་ཅུ་པ་ལ་ནི་མའི་མངལ་ནས་ལྕགས་ཀྱི་སྒོ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེ་བུས་པས་སྐྲ་དང་། སྤུ་དང་། སེན་མོ་རྣམས་སྐྱེ་ཞིང་འཕེལ་བར་བྱེད་དེ། སྔོན་གྱི་ལས་ཀྱི་དབང་གིས་ཁ་དོག་དཀར་གནག་ལ་སོགས་པ་ཅི་རིགས་པར་སྣང་བར་འགྱུར་བ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །”42ཞེས་གསུངས།

     བདུན་ཕྲག་སུམ་ཅུ་སོ་གཅིག་པ་ནས་སོ་བཞི་པའི་བར་ལ། མའི་མངལ་དུ་གནས་པ་དེ་རིམ་གྱིས་ཆེར་སྐྱེ་བ་དང་རྒྱ་ཆེར་སྐྱེ་བར་བྱེད་པའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་སུམ་ཅུ་གཅིག་པ་ལ་ནི་མའི་མངལ་ན་གནས་པ་དེ་མཐར་གྱིས་ཆེར་སྐྱེ་བར་ བྱེད་དེ། དེ་བཞིན་དུ་ཞག་བདུན་ཕྲག་སུམ་ཅུ་གཉིས་པ་དང་། གསུམ་པ་དང་། བཞི་པའི་བར་དུ་ཡང་རྒྱ་ཆེར་སྐྱེ་ཞིང་འཕེལ་བར་བྱེད་དོ།།”43ཞེས་སོ།།

     བདུན་ཕྲག་སོ་ལྔ་པ་ལ། མངལ་དུ་གནས་པ་དེར་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་སུམ་ཅུ་ལྔ་པ་ལ་ནི་མངལ་ན་གནས་པ་དེ་མའི་མངལ་དུ་ཡན་ལག་དང་། ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །”44ཞེས་སོ།།

     བདུན་ཕྲག་སོ་དྲུག་པ་ལ། མངལ་དུ་གནས་པ་དེ་མའི་མངལ་དུ་འདུག་མི་འདོད་པར་འགྱུར་བའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་སུམ་ཅུ་དྲུག་པ་ལ་ནི་མངལ་ན་གནས་པ་དེ་མའི་མངལ་ན་འདུག་མི་འདོད་པར་འགྱུར་རོ། །”45ཞེས་སོ།།

     བདུན་ཕྲག་སོ་བདུན་པ་ལ། མངལ་དུ་གནས་པ་དེར་འཛིན་སྟངས་དོན་ལ་གནས་པའི་ཕྱིན་ཅི་མ་ལོག་པའི་བློ་མངལ་མི་ གཙང་བའི་འདུ་ཤེས་སོགས་སྐྱེ་བར་འགྱུར་བའི་ཚུལ་མདོ་དེ་ཉིད་ལས། “དགའ་བོ། ཞག་བདུན་ཕྲག་སུམ་ཅུ་བདུན་པ་ལ་ནི་མངལ་ན་གནས་པ་དེ་ཕྱིན་ཅི་ལོག་མ་ཡིན་པའི་འདུ་ཤེས་རྣམ་པ་གསུམ་པོ་འདི་ལྟ་སྟེ། མི་གཙང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས་དང་། མུན་ནག་གི་འདུ་ཤེས་སྐྱེ་བར་འགྱུར་ཏེ། འདི་ནི་ཕྱོགས་གཅིག་གི་དབང་དུ་བྱས་ཏེ་བསྟན་ཏོ། །”46ཞེས་སོ།།

     བདུན་ཕྲག་སོ་བརྒྱད་པ་ལ། མའི་མངལ་ནས་ཡན་ལག་སྡུད་པ་ཞེས་བྱ་བའི་རླུང་བྱུང་ནས། རླུང་དེས་མངལ་དུ་གནས་པ་དེའི་ལུས་ཀྱི་འདུག་སྟངས་བསྒྱུར་ནས་མགོ་ཐུར་དུ་སྟོན་ པ་དང་ལག་པ་གཉིས་བཅུམ་ནས་མའི་སྐྱེ་གནས་ཀྱི་སྒོར་འཇོག་པར་བྱེ་པ་དང་ཡང་དེའི་ ཚེ་ཁ་ཐུར་དུ་ལྟ་བ་ཞེས་བྱ་བའི་རླུང་བྱུང་སྟེ་རླུང་དེས་མངལ་དུ་གནས་པ་དེ་བུས་ པས་མགོ་ཐུར་དུ་ལྟ་ཞིང་རྐང་པ་གཉིས་གྱེན་དུ་བསྟན་ནས་མའི་སྐྱེ་གནས་ཀྱི་སྒོ་ནས་ ཕྱིར་འབྱུང་བར་འགྱུར་བའི་ཚུལ་མདོ་དེ་ཉིད་ལས།དགའ་བོ། ཞག་བདུན་ཕྲག་སུམ་ཅུ་བརྒྱད་པ་ལ་ནི་མའི་མངལ་ནས་ཡན་ལག་སྡུད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེ་ལུས་བསྒྱུར་ནས་ཐུར་དུ་ཕྱོགས་ཤིང་ལག་པ་གཉིས་བཅུམ་ ནས་སྐྱེ་བའི་གནས་ཀྱི་སྒོ་ལོགས་སུ་ཕྱོགས་པར་བྱེད་དོ། །གཞན་ཡང་དེའི་ཚེ་ཁ་ཐུར་དུ་ལྟ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། ལས་ཀྱི་སྟོབས་ཀྱིས་རླུང་དེས་མངལ་ན་གནས་པ་དེ་བུས་པས་མགོ་ནི་ཐུར་དུ་ལྟ་ཞིང་ རྐང་པ་གཉིས་ནི་གྱེན་དུ་ཕྱོགས་པར་བྱས་ནས་སྐྱེ་བའི་གནས་ཀྱི་སྒོ་ནས་འབྱུང་བར་ འགྱུར་རོ། །47ཞེས་གསུངས། དེ་ལྟར་དགའ་བོ་མངལ་ན་གནས་པའི་མདོ་འདིའི་ནང་དུ། མངལ་གྱི་གནས་སྐབས་སུ་གཟུགས་ཕྲ་རིམ་ནས་རིམ་གྱིས་རགས་པར་འགྱུར་ཚུལ་དང། དེ་བཞིན་དུ་ལུས་ཀྱི་ཆ་ཤས་རྣམས་གྲུབ་ཚུལ། དབང་པོ་དོད་ཚུལ་སོགས་ཞིབ་ཅིང་རྒྱས་པར་གཏན་ལ་ཕབ་ཡོད་དོ། །

བཞི། དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་ཚུལ།

     མངལ་དུ་ལུས་ཀྱི་ཆགས་རིམ་དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་ཚུལ་ནི། ཕ་མ་གཉིས་ཉལ་པོ་བྱས་པའི་ཁུ་ཁྲག་དཀར་དམར་གྱི་དབུས་སུ་བར་དོ་བའི་ཡིད་ཀྱི་རྣམ་ཤེས་ཤིན་ཏུ་ཕྲ་བ་དེ་ཞུགས་ནས། ཁུ་ཁྲག་རྣམ་ཤེས་གསུམ་མའི་མངལ་དུ་འདྲེས་པ་ལས། སེམས་ཅན་གྱི་ལུས་རགས་པ་འགྲུབ་པ་ཡིན་ལ། དེ་ཡང་ཁུ་ཁྲག་རྣམ་ཤེས་གསུམ་འདྲེས་པའི་ས་བོན་ནམ་ཁུ་བའི་གོང་བུ་དེ་མའི་པདྨའམ་མངལ་དུ་འབྱུང་བ་ལྔ་ལས་སའི་ཁམས་ཀྱིས་འཛིན་པར་བྱེད། ཆུའི་ཁམས་ཀྱིས་སྡུད་པར་བྱེད། མེའི་ཁམས་ཀྱིས་སྨིན་པར་བྱེད། རླུང་གི་ཁམས་ཀྱིས་འཕེལ་བར་བྱེད། ནམ་མཁའི་ཁམས་སམ་མངལ་གྱི་སྟོང་པའི་ཆ་དེས་འཕེལ་བའི་གོ་སྐབས་འབྱེད་པར་བྱེད་པར་གསུངས་ཏེ། དཔེར་ན་དུས་འཁོར་བསྡུས་རྒྱུད་ལས། “ས་བོན་པདྨར་གནས་པ་དག་ནི་འཛིན་མས་འཛིན་ཏེ་དེ་ལས་ཆུ་ཡིས་སྡུད་དོ་ཕྱི་ནས་ནི། །མེ་ཡིས་སྨིན་པར་བྱེད་ཅིང་རོ་དང་རོ་ནི་ཟ་བར་བྱེད་དེ་འདི་ཡི་འཕེལ་བ་རླུང་གིས་སོ། །ནམ་མཁའ་དག་ཀྱང་འཕེལ་བའི་གོ་སྐབས་སྦྱིན་བྱེད།”48ཅེས་གསུངས་སོ། །

     དེ་ལྟར་ཕ་མ་གཉིས་ཉལ་པོ་བྱས་པའི་མའི་མངལ་གྱི་ཁུ་ཁྲག་དཀར་དམར་གྱི་དབུས་སུ་བར་དོ་ བའི་རྣམ་ཤེས་ཞུགས་པ་ནས། སྐྱེ་བའི་བར་གྱི་གནས་སྐབས་བཞི་ཉ་ལ་སོགས་པའི་གནས་སྐབས་བཞི་དང་སྦྱར་ནས་གསུངས་ཏེ། རིགས་ལྡན་པདྨ་དཀར་པོའི་འགྲེལ་ཆེན་དྲི་མེད་འོད་ལས། “འདིར་དང་པོ་ཉའི་གནས་སྐབས་ཀྱི་ཉིན་ཞག་འདས་པར་གྱུར་པ་རུས་སྦལ་གྱི་གནས་སྐབས་ལ་གདོང་དང་རྐང་པ་དང་ལག་པའི་གནས་རྣམས་སུ་འབུར་པོ་ལྔར་འགྱུར་ར། །”ཞེས་དང་། “ཟླ་བ་ལྔ་པ་ལ་ནི་ཕག་གི་དངོས་པོ་ལ་ཤ་དང་ཁྲག་དང་རུས་པ་མཁའ་རོ་བསྲེག་ཟ་ཞེས་པ་ ནི་རུས་པ་སུམ་བརྒྱ་དྲུག་ཅུ་སྟེ་ཚིགས་རྣམས་ཀྱང་དེ་སྙེད་དོ། །”ཞེས་སོགས་དང། “ཟླ་བ་དགུ་པ་རྫོགས་པར་གྱུར་པའམ། ཁ་ཅིག་ཏུ་བཅུ་པ་དང། བཅུ་གཅིག་པ་དང་། བཅུ་གཉིས་པ་ལ་ཕག་གི་དངོས་པོའི་མཇུག་ཏུ་སྡུག་བསྔལ་དྲག་པོར་འགྱུར་ཏེ། བཙའ་བའི་དུས་སུ་སྐྱེ་གནས་ཀྱིས་ནི་བཙིར་བ་དག་གིས་ཏེ། མིའི་སེང་གེའི་དངོས་པོ་ལ་མངལ་ནས་སྐྱེ་བ་དག་གིའོ་ཞེས་པ་ནི་མངལ་ནས་སྐྱེ་བའི་ངེས་པའོ། །”49ཞེས་སོ། །

     དེ་ཡང་མངལ་གྱི་ནང་གི་ཁུ་ཁྲག་རྣམ་ཤེས་གསུམ་འདྲེས་པ་དེ་མངལ་ཆགས་པའི་ཟླ་བ་དང་པོའི་ནང་དུ་རྩ་མེད་པའི་ཁུ་ཁྲག་གི་གོང་བུ་ཙམ་དང་། ཕྱི་ནས་ཏེ་ཟླ་བ་གཉིས་པ་ལ་མ་འོངས་པར་སྙིང་ག་འཆགས་པའི་གནས་སུ་སྲོག་འཛིན་ལ་སོགས་པའི་རླུང་རྣམ་པ་བཅུའི་རྟེན་དུ་འགྱུར་རྒྱུའི་སྙིང་གའི་རྩ་བཅུ་ཤིན་ཏུ་ཕྲ་བ་སྐྲ་རྩེའི་ཚད་ལྟ་བུ་དང་། ལྟེ་བ་འཆགས་པའི་གནས་སུ་ལྟེ་བའི་རྩ་འཁོར་གྱི་རྩ་བརྒྱད་པ་བརྒྱད་དེ་དྲུག་ཅུ་རྩ་བཞིའི་རྟེན་དུ་འགྱུར་རྒྱུའི་རྩ་ཤིན་ཏུ་ཕྲ་བ་བཅུ་གཉིས་གྱེན་དུ་རྒྱུ་ཞིང་། རྐང་ལག་གཉིས་དང་གདོང་འཆགས་པའི་གནས་སུ་དེ་དག་གི་རྟེན་དུ་འགྱུར་རྒྱུའི་རྩ་ ཕྲན་རྣམས་གྱེས་ཏེ། དེ་རྣམས་ཀྱི་མཚོན་བྱེད་ཙམ་མངལ་ཆགས་པའི་ཟླ་བ་གཉིས་པ་འདིའི་ནང་དུ་འཆགས་པར་གསུངས། དེ་ལྟར་ཡང་དུས་འཁོར་བསྡུས་རྒྱུད་ལས། “མངལ་གྱི་ནང་དུ་ཟླ་བ་གཅིག་ནི་ཁྲག་དང་ས་བོན་བདུད་རྩིའི་རོར་གྱུར་རབ་ཏུ་སྐྱེ་བ་སྟེ།། ཕྱི་ནས་ས་བོན་མྱུ་གུ་རང་གི་སྙིང་ཁར་རྣམ་པ་བཅུ་ཡི་རྩ་ནི་ཤིན་ཏུ་ཕྲ་བ་འོ།། ལྟེ་བ་ལ་ཡང་བརྒྱད་པ་བརྒྱད་ནི་གཞན་ཏེ་རྐང་ལག་གདོང་རྣམས་ལ་ནི་གྱེན་དུ་སྐྱོད་པར་བྱེད།།”50ཅེས་སོ། །

     མངལ་ཆགས་པའི་ཟླ་བ་དང་པོ་དང་གཉིས་པའི་བར་ཉའི་གནས་སྐབས་དང་སྦྱར་བ་ནི། ཉ་རོ་ཧི་ཏའི་དབྱིབས་ནར་མོ་དང་ཁ་དོག་དམར་པོ་ཡིན་པ་ལྟར། ཟླ་བ་གཉིས་པོ་དེའི་གནས་སྐབས་ཀྱི་མངལ་དུ་ཆགས་པ་དེའི་ལུས་ཀྱི་དབྱིབས་ཀྱང་ནར་མོ་དང་ཁུ་ཁྲག་གི་རང་བཞིན་དུ་གྲུབ་ཅིང་། ཁ་དོག་དམར་པོ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་ནས་ཟླ་བ་གཉིས་པ་རྫོགས་པ་སྟེ་ཟླ་བ་གསུམ་པའི་ངོ་ཤར་བ་ནས་བཟུང་མངལ་དུ་ཆགས་པ་དེའི་ལུས་ལ་རྐང་པ་དང་ལག་པ་མགྲིན་པ་རྣམས་ཀྱི་མགོ་བོ་མཉམ་པར་ཅུང་ཟད་འབུར་པོར་འབྱུང་ལ། ཟླ་བ་གསུམ་པ་རྫོགས་པ་སྟེ་ཟླ་བ་བཞི་པའི་ངོ་མཐོང་བ་ནས་བཟུང་རྐང་པ་དང་ལག་པ་མགྲིན་པ་རྣམས་ཀྱི་མགོ་བོ་མཉམ་པར་རགས་པར་འགྱུར་རོ། །ཡང་ཟླ་བ་བཞི་པའི་མགོ་ཚུགས་པ་ནས་རྫོགས་པའི་བར་ལ་རྐང་པ་དང་ལག་པ་མགྲིན་པར་འགྱུར་རྒྱུའི་འབུར་པོ་ལྔ་རིམ་གྱིས་འཕེལ་ཏེ་རྐང་ལག་གི་ཚིགས་ཆེན་དྲུག་གི་ ཕྱོགས་སུ་ལྷན་ཅིག་སྐྱེས་པའི་རྩ་ཕྲ་བ་དང་གདོང་གི་མགྲིན་པའི་ཕྱོགས་སུ་ལོངས་སྤྱོད་རྫོགས་པའི་རྩ་ཤིན་ཏུ་ཕྲ་མོ་རྣམས་འཆགས་པར་གསུངས། དེ་ཡང་དུས་འཁོར་བསྡུས་རྒྱུད་ལས། “ཟླ་བ་གཉིས་པོ་རྫོགས་པར་གྱུར་པ་དག་ལ་འདིར་ནི་རྐང་ལག་གདོང་གི་མཚོན་པ་ཅུང་ཟད་དོ། །ཟླ་བ་གསུམ་པ་རྫོགས་པ་ན་ནི་ལག་པ་རྐང་པ་མགྲིན་པ་དག་གི་མགོ་བོ་མཉམ་པར་འགྱུར། །ཕྲ་མོའི་རྩ་རྣམས་ཟླ་བ་བཞི་པ་ལ་ནི་རྐང་ལག་གདོང་དང་མགྲིན་པ་དག་གི་ཕྱོགས་སུ་སྟེ།།”51ཞེས་སོ།།

     མངལ་ཆགས་པའི་ཟླ་བ་གསུམ་པ་དང་བཞི་པའི་བར་རུས་སྦལ་གྱི་གནས་སྐབས་དང་སྦྱར་བ་ནི། རུས་སྦལ་ལ་རྐང་པ་གཉིས་དང་ལག་པ་གཉིས་མགོ་སྟེ་འབུར་པོ་ལྔ་ཡོད་པ་ལྟར། ཟླ་བ་གཉིས་པོ་དེའི་གནས་སྐབས་ཀྱི་མངལ་དུ་ཆགས་པ་དེའི་ལུས་ལ་ཡང་རྐང་ལག་བཞི་དང་མགོ་བཅས་འབུར་པོ་ལྔ་ཡོད་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་ནས་ཟླ་བ་ལྔ་པར་ཤ་ལ་བརྟེན་ནས་རུས་པ་མཁའ་རོ་བསྲེག་ཟ་སྟེ་སུམ་བརྒྱ་དྲུག་ཅུ་དང༌དེའི་གྲངས་དེ་སྙེད་ཀྱི་ཚིགས་ཆུང་རྣམས་འཆགས་པའི་འགོ་རྩམ་པ་དང་། ཟླ་བ་དྲུག་པར་ཤ་དང་ཁྲག་སོ་སོར་ཕྱེད་པར་འགྱུར་ཞིང༌ཚོར་བ་བདེ་བ་དང་སྡུག་བསྔལ་ཡང་ཉམས་སུ་མྱོང་ངོ་། །

     ཟླ་བ་བདུན་པ་རྫོགས་པ་ན་སྨིན་མ་དང་སྐྲ་དང་སྤུ་དང་བུག་པ་དང་མིག་སོགས་ཀྱི་སྐྱེ་ མཆེད་སྔར་ཟླ་བ་ལྔ་པ་ནས་སྐྱེ་འགོ་བརྩམས་པ་རྣམས་ཡོངས་སུ་རྗོགས་ཤིང་། མངལ་གྱི་ཟླ་བ་སྟེ་མངལ་དུ་ཞུགས་པའི་ཐོག་མའི་ཟླ་བ་དེའི་རིང་ལ་རྩ་ལྷག་མར་གྱུར་པ་སྟེ་རྩ་ཅུང་ཟད་ཀྱང་མི་སྐྱེ་ཞིང་། མངལ་གྱི་ཟླ་བ་དེའི་མཇུག་གམ་ཟླ་བ་གཉིས་པའི་ཐོག་མ་ནས་ཟླ་བ་བཅུ་གཉིས་ཀྱི་བར་ལ་ཉིན་ཞག་རེ་རེ་ལ་རྩ་སྟོང་པ་སྟོང་པ་མིག་གི་གྲངས་ཏེ་ཉིས་བརྒྱ་རེ་སྐྱེ་བས་བསྡོམས་པས་རྩ་བདུན་ཁྲི་ཉིས་སྟོང་སྐྱེའོ།།

     ཟླ་བ་བརྒྱད་པར་རུས་པ་སུམ་བརྒྱ་དྲུག་ཅུའི་གནད་དང་རུས་པ་རྣམས་ཀྱི་ནང་དུ་རྐང་འཆགས་ཤིང༌། རོ་འཛིན་ནམ་ལྕེ་དབང་བསྐྱེད་པའི་ཆེད་དུ་སྔར་ཆགས་པའི་མིག་སོགས་སྐྱེ་མཆེད་རྣམས་འཕེལ་བར་འགྱུར་ཞིང་ལྕེའི་དབང་པོས་རོ་འཛིན་ནུས་ཤིང་བཤང་གཅི་ཡང་འབྱུང་བར་གསུངས། དེ་ཡང་དུས་འཁོར་བསྡུས་རྒྱུད་ལས།

    ལྔ་པ་ལ་ནི་ཤ་དང་ཁྲག་དང་རུས་པ་མཁའ་རོ་བསྲེག་ཟ་དག་སྟེ་ཚིགས་རྣམས་དག་ཀྱང་ངོ་། །

    ཟླ་བ་དྲུག་པ་ལ་ཡང་ཤ་དང་ཁྲག་ཏུ་འགྱུར་ཏེ་ཚོར་བ་བདེ་བ་དང་ནི་སྡུག་བསྔལ་ཡང་། །

    སྨིན་མ་སྐྲ་དང་སྤུ་དང་བུག་པ་རྣམས་ཀྱང་ཐུབ་མཆོག་ལ་སྟེ་རྩ་ནི་ལྷག་མར་གྱུར་པ་རྣམས། །

    ཟླ་བའི་མཇུག་ཏུ་ཉིན་ཞག་སོ་སོའི་དབང་གིས་སྟོང་པ་སྟོང་པ་མིག་གི་གྲངས་ནི་སྐྱེ་བ་སྟེ། །

    གནད་དང་རུས་པ་རྐང་དུ་འགྱུར་ཏེ་རོ་འཛིན་དང་ནི་གཅི་བ་བཤང་བ་བརྒྱད་པ་དག་ལ་ཡང་། །52ཞེས་སོ། །

    མངལ་ཆགས་པའི་ཟླ་བ་ལྔ་པ་ནས་སྐྱེ་བའི་སྔ་རོལ་གྱི་བར་ཕག་གི་གནས་སྐབས་དང་སྦྱར་བ་ནི། ཕག་མི་གཙང་བ་བཤང་བ་སོགས་ཀྱིས་འཚོ་བ་བཞིན་དུ། ཟླ་བ་ལྔ་པ་ནས་སྐྱེ་བའི་སྔ་རོལ་གྱི་གནས་སྐབས་ཀྱི་མངལ་དུ་ཆགས་པ་དེ་ཡང་མའི་བཟའ་བཏུང་གི་དྭངས་མའི་མི་གཙང་བ་ཙམ་ཀྱིས་འཚོ་བའམ་དེའི་ལུས་ཀྱི་དབྱིབས་སྒུར་པོ་ཕག་གི་རྣམ་པར་ཡོད་པའི་རྒྱུ་མཚན་གྱིས་ཡིན་པར་གསུངས། མངལ་དུ་ཆགས་པ་འགའ་ཞིག་བུག་པ་སྟེ་ཟླ་བ་དགུ་པ་རྫོགས་མ་ཐག་ཏུ་དང༌། ལ་ལ་བཅུ་པ་ལ་དང༌ཁ་ཅིག་བཅུ་གཅིག་པ་ལ་དང༌གཞན་དག་བཅུ་གཉིས་པ་ལ་མངལ་ནས་འབྱུང་ལ། དེའི་ཚེ་བཟོད་གླགས་བྲལ་བའི་སྡུག་བསྔལ་ཆེ་སྟེ། མར་འཇུར་མིག་ལ་དྲངས་པ་ལྟར་སྐྱེ་གནས་དང་དཔྱི་རུས་ཀྱི་ལྷུ་ཚིགས་ཀྱིས་བཙིར་ནས་སྐྱེ་བར་གསུངས་སོ། །དེ་ཡང་དུས་འཁོར་བསྡུས་རྒྱུད་ལས། “བུག་པ་ཞེས་ལ་བཙའ་བའི་དུས་སུ་སྐྱེ་གནས་ཀྱིས་ནི་བཙིར་བ་དག་གིས་སྡུག་བསྔལ་དྲག་པོ་འོ། །”53ཞེས་སོགས་འབྱུང་ངོ་། །

     མངལ་དུ་ཆགས་པ་དེ་ཟླ་བ་དགུ་པ་རྫོགས་མ་ཐག་པ་སོགས་སུ་སྐྱེ་བ་སེང་གེའི་གནས་སྐབས་ལ་སྦྱར་བ་ནི། ཁྱབ་འཇུག་རོ་སྨད་མི་དང་རོ་སྟོད་སེང་གེའི་རྣམ་པར་སྤྲུལ་པ་དེས་སྡེར་མོས་ལྷ་མིན་རྒྱལ་པོ་འགྲོ་སྐྱོབ་གསེར་ཅན་གྱི་ལྟོ་བ་དྲལ་བ་ལྟར། མངལ་དུ་ཆགས་པ་དེ་ཟླ་བ་དགུ་པ་རྫོགས་མ་ཐག་པ་སོགས་སུ་སྐྱེ་སྐབས། དེའི་ལག་པ་གཉིས་ཀྱིས་མའི་སྐྱེ་གནས་རབ་ཏུ་འབྱེད་པའི་རྒྱུ་མཚན་གྱིས་ཡིན་པར་ བཤད་པ་སོགས། མདོར་ན་དུས་འཁོར་གྱི་གཞུང་དུ་ནི། མངལ་གྱི་གནས་སྐབས་སུ་ཁུ་ཁྲག་འདུས་པའི་ས་བོན་ལྟ་བུ་དེ་རིམ་གྱིས་རྒྱས་ཏེ། རྩ་དང་རླུང་རྣམས་རིམ་གྱིས་གྲུབ་པ་དང་། ལུས་ཀྱི་ཡན་ལག་གྲུབ་པ་དང་། དབང་པོ་དོད་པ་སོགས། ༡ ཟླ་བ་དང་པོ་ནས་གཉིས་པ་རྫོགས་པའི་དུས་དང་། ༢ གསུམ་པ་ནས་བཞི་པ་རྫོགས་ཀྱི་བར་དང་། ༣ ལྔ་པ་ནས་སྐྱེ་བའི་སྔ་རོལ་གྱི་བར་དང་། ༤ མཐར་སྐྱེ་བའི་གནས་སྐབས་བཅས་བཞིར་ཕྱེ་ཞིང་། དེ་རྣམས་རིམ་པ་བཞིན། ཉ་དང་། རུས་སྦལ་དང་། ཕག་རྒོད་དང་། མིའི་སེང་གེ་དང་ཆོས་མཐུན་སྦྱར་ནས་གསུངས་ཤིང་།54ནང་གསེས་ཟླ་བ་སོ་སོའི་ནང་དུའང་མངལ་གྱི་གནས་སྐབས་སུ་འགྱུར་བ་ཇི་ལྟར་འགྲོ་ཚུལ་གསལ་བར་གསུངས་སོ། །

ལྔ། མངལ་དུ་ལུས་ཀྱི་ཆགས་རིམ་ནང་པའི་སྨན་གྱི་གཞུང་ལས་གསུངས་ཚུལ། 

     འཕགས་ཡུལ་གྱི་ནང་པའི་མཁས་པས་མཛད་པའི་སྨན་གྱི་གཞུང་ནས་ཀྱང་མངལ་གྱི་གནས་སྐབས་ཀྱི་བཤད་པ་འབྱུང་སྟེ། དཔེར་ན། སློབ་དཔོན་ཕ་ཁོལ་གྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ས་བོན་བདག་ཉིད་འབྱུང་བ་ཆེ། །ཕྲ་མོ་སེམས་ཀྱི་རྗེས་འགྲོ་དང༌།། མ་ཡི་ཁ་ཟས་དྭངས་མ་ལས། །རིམ་གྱིས་མངལ་དུ་རྣམ་པར་འཕེལ།།55ཞེས་ཕ་མ་གཉིས་ཀྱིས་སྦྱོར་བ་བྱས་པའི་ས་བོན་ནམ་ཁུ་བ་དཀར་དམར་དང་། འབྱུང་བ་ཆེན་པོ་ནམ་མཁའ་སོགས་དང༌། ཕལ་པའི་དབང་པོའི་སྤྱོད་ཡུལ་ལས་འདས་པས་ཕྲ་ཞིང་རང་གི་ཉེར་ལེན་སེམས་སྔ་མའི་རྗེས་སུ་འགྲོ་ཞིང་འབྲང་བའི་རྣམ་ཤེས་དང༌། མའི་ཁ་ཟས་ཀྱི་དྭངས་མའི་བཅུད་བཅས་ལ་བརྟེན་ནས། མངལ་དུ་གནས་པ་དེ་རིམ་གྱིས་མངལ་དུ་འཕེལ་ནས་ནུར་ནུར་པོ་སོགས་ཀྱི་གནས་སྐབས་རྣམས་འབྱུང་བར་གསུངས་སོ། །

     ༡ དེ་དག་ལས་ནུར་ནུར་པོའི་གནས་སྐབས་ནི། སྨན་གཞུང་དེ་ཉིད་ལས། ཟླ་བ་དང་པོར་མི་གསལ་ཞག །བདུན་ནས་ནུར་ནུར་པོ་རུ་འགྱུར། །56ཞེས་མངལ་ཆགས་པའི་ཟླ་བ་དང་པོའི་ཞག་བདུན་ཕྲག་དང་པོའི་རིང་མངལ་དུ་གནས་པ་དེ་ནུར་ནུར་པོ་སོགས་སུ་མངོན་པར་མི་གསལ་ཞིང་། ཞག་བདུན་ཕྲག་དང་པོ་དེ་འདས་ནས་བསྐ་སླ་འདྲེས་པའི་ཚུལ་དུ་ནུར་ནུར་པོ་རུ་ཟླ་བ་གཅིག་གི་བར་དུ་གནས་པར་གསུངས་སོ།།

     ༢ དེ་ནས་གོར་གོར་པོ་སོགས་ཀྱི་གནས་སྐབས་ནི། དེ་ཉིད་ལས།ནུར་ནུར་པོ་ལས་ཟླ་གཉིས་བར། །གོར་གོར་མེར་མེར་ནར་ནར་པོའོ།།དེ་ལས་ཕོ་མོ་མ་ནིང་རིམ།།57ཞེས་སྔར་གྱི་ནུར་ནུར་པོ་དེ་ཟླ་བ་གཉིས་པའི་ནང་དུ་གོར་གོར་པོའམ་མེར་མེར་པོའམ་ནར་ནར་པོར་འགྱུར་ཞིང་། དེ་ཡང་སྔར་གྱི་ནུར་ནུར་པོ་དེ་གོར་གོར་པོར་གྱུར་པ་ལས་ཕོ་དང་། མེར་མེར་པོར་གྱུར་པ་ལས་མོ་དང་། ནར་ནར་པོར་གྱུར་པ་ལས་མ་ནིང་དུ་འགྱུར་བར་བཤད།

     ༣ དེ་ནས་ཡན་ལག་དོད་པ་སོགས་ཀྱི་གནས་སྐབས་ནི། དེ་ཉིད་ལས། ཟླ་བ་གསུམ་པར་དེ་ཡི་ལུས། །མགོ་བོ་དཔྱི་གཉིས་དཔུང་པ་གཉིས། ། ཡན་ལག་ལྔ་ནི་གསལ་དོད་འགྱུར། །ཡན་ལག་ཕྲ་མོ་རྣམས་ཀྱང་འབྱུང༌། ། མགོ་བོ་སོགས་དང་ཆ་མཉམ་དུ། །བདེ་དང་སྡུག་བསྔལ་ཤེས་པ་འབྱུང༌། །58ཞེས་མངལ་ཆགས་པའི་ཟླ་བ་གསུམ་པའི་ནང་དུ་མངལ་དུ་གནས་པ་དེའི་ལུས་ཀྱི་མགོ་བོ་དང་དཔྱི་གཉིས་དང་དཔུང་པ་གཉིས་ཏེ། ཡན་ལག་ལྔ་གསལ་བར་དོད་པར་འགྱུར་བ་དང་ཉིང་ལག་རྣམས་ཀྱང་རིམ་གྱིས་འབྱུང་བར་འགྱུར་ཞིང༌། མགོ་བོ་སོགས་བྱུང་བ་དང་མཉམ་དུ། བདེ་བ་ཤེས་པ་དང༌སྡུག་བསྔལ་ཤེས་པ་ཡང་འབྱུང་བར་གསུངས། ཡང་དེ་ཉིད་ལས། མངལ་གནས་ལྟེ་བ་མ་ཡི་ནི། །སྙིང་གི་རྩ་དང་འབྲེལ་བའི་ཕྱིར།།

     དེ་ཡིས་དེ་ནི་འཕེལ་འགྱུར་ཏེ། །ཞིང་གི་ཡུར་བ་དག་དང་མཚུངས།།ཞེས་མངལ་དུ་གནས་པའི་ཕྲུ་གུའི་ལྟེ་བ་དང༌མའི་སྙིང་གི་རྩ་གཉིས་ལས་དབང་གིས་འབྲེལ་བས། རྩའི་བརྒྱུད་ལམ་དེ་ནས་མས་ཟ་འཐུང་བྱས་པའི་ཟས་ཀྱི་བཅུད་རྣམས་དྲངས་ནས་མངལ་དུ་ གནས་པ་དེའི་ལུས་འཕེལ་བར་འགྱུར་བ། དཔེར་ན། ཡུར་བའི་ལམ་ནས་ཆུ་དྲངས་ཏེ་ཞིང་གི་ལོ་ཏོག་འཕེལ་བར་འགྱུར་བ་བཞིན་ཡིན་པར་གསུངས།

     ༤ དེ་ནས་ཡན་ལག་ཐམས་ཅད་གསལ་བར་དོད་པ་སོགས་ཀྱི་གནས་སྐབས་ནི། གཞུང་དེ་ཉིད་ལས། བཞི་པར་ཡན་ལག་གསལ་དོད་འགྱུར། །60ཞེས་མངལ་ཆགས་པའི་ཟླ་བ་བཞི་པའི་ནང་དུ་མངལ་ན་གནས་པ་དེའི་ཡན་ལག་ཐམས་ཅད་སྔར་མི་གསལ་བ་ལས་གསལ་བར་དོད་པར་འགྱུར་བར་གསུངས།

     ༥ དེ་ནས་སེམས་ཆེས་གསལ་བར་འགྱུར་བ་སོགས་ཀྱི་གནས་སྐབས་ནི། སྨན་གཞུང་དེ་ཉིད་ལས། ལྔ་པར་སེམས་ནི་གསལ་བར་འགྱུར།།61ཞེས་མངལ་ཆགས་པའི་ཟླ་བ་ལྔ་པའི་ནང་དུ་མངལ་ན་གནས་པ་དེའི་སེམས་སྔར་ཆེས་གསལ་བ་མ་ཡིན་པ་དེ་སྔར་ལས་ཀྱང་ཆེས་གསལ་བར་འགྱུར་བར་གསུངས།

     ༦ དེ་ནས་ཉིང་ལག་སྐྱེས་ཤིང་འཕེལ་བ་སོགས་ཀྱི་གནས་སྐབས་ནི། དེ་ཉིད་ལས། དྲུག་པར་ཆུ་བ་རྩ་དང་སྤུ། །སེན་མོ་པགས་པ་མདོག་སྟོབས་འགྱུར།།62ཞེས་མངལ་ཆགས་པའི་ཟླ་བ་དྲུག་པའི་ནང་དུ་མངལ་དུ་གནས་པ་དེའི་ལུས་ལ་ཆུ་བ་སྟེ་རྒྱུས་པ་དང༌རྩ་དང༌བ་སྤུ་དང༌སེན་མོ་དང༌པགས་པ་དང་མདོག་དང༌སྟོབསརྣམས་སྐྱེ་བར་གསུངས།

      ༧ དེ་ནས་ཡན་ལག་ཐམས་ཅད་རྫོགས་ཤིང་འཕེལ་བ་སོགས་ཀྱི་གནས་སྐབས་ནི། དེ་ཉིད་ལས། བདུན་པར་དངོས་པོ་ཐམས་ཅད་ཀྱི། །ཡན་ལག་ཀུན་ནི་རྫོགས་པར་འགྱུར། །63ཞེས་མངལ་ཆགས་པའི་ཟླ་བ་བདུན་པའི་ནང་དུ་མངལ་དུ་གནས་པ་དེའི་ལུས་ཀྱི་ཡན་ལག་དང་ཉིང་ལག་གི་དབྱིབས་ཐམས་ཅད་ཀུན་ནས་རྫོགས་ཤིང་འཕེལ་བར་གསུངས།

     ༨ དེ་ནས་ལུས་ཟུངས་ཐམས་ཅད་ཀྱི་དྭངས་མའི་བཅུད་ཕན་ཚུན་འཕོ་བ་སོགས་ཀྱི་གནས་སྐབས་ནི། དེ་ཉིད་ལས། ཟླ་བ་བརྒྱད་པར་མ་དང་བུ། །ཐང་རེ་རིམ་གྱིས་གཟི་མདངས་འཕོ། །

     དེ་ཡིས་དེ་གཉིས་ཞུམ་དགར་འགྱུར། །བྱིས་མདངས་མ་ལ་མི་གནས་པས། །

     དེ་ཚེ་བཙས་ན་མི་འཚོ་ལ། །བུད་མེད་ཐེ་ཚོམ་བཅས་སྐབས་འགྱུར། །64ཞེས་མངལ་ཆགས་པའི་ཟླ་བ་བརྒྱད་པའི་ནང་དུ་སྐབས་རེར་མ་དང་མངལ་གྱི་ཕྲུ་གུ་གཉིས་ཀྱི་ ལུས་ཟུངས་ཐམས་ཅད་ཀྱི་དྭངས་མའི་བཅུད་ཕན་ཚུན་འཕོ་ཞིང། དེ་ཡང་བཅུད་དེ་མངལ་གྱི་ཕྲུ་གུ་ལ་འཕོས་ན་ཕྲུ་གུ་དགའ་ཞིང་ལུས་མདངས་ཅན་དུ་འགྱུར་ལ་མའི་ལུས་ཞུམ་པར་འགྱུར་བ་དང་། ཡང་བཅུད་དེ་མ་ལ་འཕོས་ན་མ་དགའ་ཞིང་ལུས་ལ་མདངས་འབྱུང་ལ་ཕྲུ་གུའི་ལུས་ཞུམ་པར་འགྱུར་བར་བཤད། ཡང་བཅུད་མ་ལ་འཕོ་བ་དེའི་ཚེ་ཕྲུ་གུ་བཙས་ན་ཕྲུ་གུ་མི་འཚོ་ཞིང་། ཡང་ཕྲུ་གུ་ལ་བཅུད་འཕོ་བའི་ཚེ་ཕྲུ་གུ་བཙས་ན་མའི་སྲོག་འཚོ་མི་འཚོ་ཐེ་ཚོམ་གྱི་གནས་སུ་འགྱུར་བར་ཡང་བཤད།

     ༩ དེ་ནས་ཕྲུ་གུ་བཙས་པ་སོགས་ཀྱི་གནས་སྐབས་ནི། དེ་ཉིད་ལས། དགུ་པའི་དང་པོ་ནས་བརྩམས་ཏེ། །ས་ཕྱོགས་ཤིས་ཤིང་ཡོ་བྱད་ནི། ། ཕུན་ཚོགས་ལྡན་པའི་དགེ་བའི་ཞག །དེ་ནི་བཙས་ཁྱིམ་ཞུགས་པར་བྱ། །ཞེས་མངལ་ཆགས་པའི་ཟླ་བ་དགུ་པའི་ངོ་ཤར་བ་ནས་བཟུང་། གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཞག་གམ། ཉིན་ཞིག་ལ་སྦྲུམ་མ་དེ། ས་ཕྱོགས་བཀྲ་ཤིས་པ་དང་མཐུན་རྐྱེན་ཕུན་སུམ་ཚོགས་ཤིང་ཕྲུ་གུ་བཙའ་བའི་ཁྱིམ་དུ་ཞུགས་དགོས་པ་སོགས་བཤད་དོ། །

     མདོར་ན་སྔོན་གྱི་འཕགས་ཡུལ་གྱི་ནང་པའི་གཞུང་དུ་མངལ་གྱི་གནས་སྐབས་ཀྱི་སྐོར་ལ་བཤད་པ་ཤིན་ཏུ་རྒྱས་པར་བཞུགས་པ་གོང་དུ་བཀོད་པ་ལས་རགས་ཙམ་ཤེ་ནུས་ལ། བཤད་པ་དེ་རྣམས་གང་དུ་བྱུང་བའི་གཞུང་གི་རིགས་གསུམ་ལྟ་བུར་འགྱུར་ཏེ། ༡ དགའ་བོ་མངལ་གནས་ཀྱི་མདོ་ལྟ་བུ་དང་། མདོ་དེ་དག་གཞིར་བྱས་པའི་མངོན་པའི་བསྟན་བཅོས་རྣམས་དང་། ༢ སྔགས་བླ་མེད་ཀྱི་གཞུང་སྤྱི་དང་ལྷག་པར་དཔལ་དུས་ཀྱི་འཁོར་ལོའི་གཞུང་རྣམས་དང་། ༣ སྨན་གྱི་གཞུང་སློབ་དཔོན་དཔའ་བོའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལྟ་བུ་ གོང་དུ་དྲངས་པ་བཅས་སོ། །

     གཞུང་དེ་དག་ཏུ་མངལ་གྱི་གནས་སྐབས་སོ་སོར་འབྱེད་ཚུལ་ཡང་ཅུང་མི་འདྲ་སྟེ། དཔེར་ན། དགའ་བོ་མངལ་གནས་ཀྱི་མདོ་ལྟ་བུར་ནི་གཙོ་བོར་བདུན་ཕྲག་རེའི་དུས་ལ་ཚད་བཟུང་ སྟེ། དེ་དག་གི་གནས་སྐབས་སུ་མངལ་དུ་འགྱུར་བ་འགྲོ་ཚུལ་བཤད་པ་གོང་དུ་བཀོད་པ་ལྟར་ལ། དེ་ལས་ལྡོག་སྟེ་དུས་འཁོར་གྱི་གཞུང་དུ་ནི་སྤྱིར་ཟླ་བ་སོ་སོར་འགྱུར་བ་ཇི་ལྟར་འགྲོ་བའི་བཤད་པ་མཛད་མོད། ༡ གཙོ་བོར་ཟླ་བ་དང་པོ་དང་གཉིས་པ་གཉིས། ༢ གསུམ་པ་དང་བཞི་པ་གཉིས། ༣ ལྔ་པ་ནས་སྐྱེ་བའི་སྔ་རོལ་བར་དང་། ༤ མཐར་སྐྱེ་བའི་གནས་སྐབས་བཅས་བཞིར་མཛད་དེ། དེ་རྣམས་རིམ་པ་བཞིན། ཉ་དང་། རུས་སྦལ། ཕག་རྒོད། མིའི་སེང་གེ་སོགས་དང་ཆོས་མཐུན་སྦྱར་ཏེ་གསུངས། སྨན་གྱི་གཞུང་དུ་ནི། གོང་དུ་ཞིབ་པར་བཀོད་པ་བཞིན་གཙོ་བོར་ཟླ་བ་རེ་ལ་གནས་སྐབས་རེར་བཞག་སྟེ་དེ་དག་ སོ་སོའི་སྐབས་སུ་མངལ་དུ་འགྱུར་བ་འགྲོ་ཚུལ་གསལ་བར་གསུངས་པ་སོགས་ཀྱི་ཁྱད་པར་ཡོད། དེ་ལྟ་ནའང་འདོད་ཚུལ་དེ་གསུམ་ཀའི་རྩ་བའི་ལྟ་སྟངས་ལ། མངལ་དུ་ཐོག་མར་ཕ་མའི་ཁུ་ཁྲག་འདྲེས་པའི་དྭངས་མ་ཙམ་ཞིག་ལས་མེད་པ་དེ། རིམ་གྱིས་རྒྱས་ཏེ་ལུས་ཀྱི་ཡན་ལག་དང། དབང་པོ་དོད་པ་སོགས་བྱུང་བར་སྨྲ་བ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ།།


འབྲེལ་ཡོད་འོས་སྦྱོར།