logo

སྨན་རྫས་འདུལ་སྦྱོང་ལག་ལེན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-09-14 ཀློག་གྲངས།:
དང་པོ། རིན་པོ་ཆེའི་དུག་འདོན།
     ཐོག་མར་རིན་པོ་ཆེའི་དུག་འདོན་ནི། གཡུ་རྙིང་བྱུ་རུ་མུ་ཏིག་སོགས་གང་ཡིན་ཁྲོལ་ཙམ་བརྡུངས་པའི་ལྗིད་དང་མཉམ་བའི་ཚ་ལ་དང་ཟེ་ཚྭ། ཟེ་ཚྭའི་སུམ་ཆ་བེ་ལྗང་རེ་རལ་མཆོག་ཡིན་ཀྱང་མ་རྙེད་ན་ལྡུམ་བུ་རེ་རལ་དང་གངྒྰ་ཆུང་། སྟར་བུའི་ཁཎྟ་མང་ཙམ། ཨ་རུ་ར་རུས་པ་བཅས་དང་མགྲོན་བུ་སྦོ་ཅན་གྱི་ཐལ་བ་ཚྭ་འདེབས་ཙམ། གླ་རྩི་དྲི་ཐོན་ཙམ་བཅས་ལོ་བརྒྱད་དྲི་ཆུར་བཏབ་ལ་ཉི་མ་ཕྱེད་ཙམ་མམ་བྱུ་རུ་མདོག་འགྱུར་ཙམ་དུ་བཙོ། དེ་རྗེས་ཆང་བཟང་བསྣན་ནས་བཙོ། དེ་རྗེས་ཆུ་གྲང་གིས་དག་པར་བཀྲུ། དེ་རྗེས་ཆུ་གཙང་ནང་དུ་ལན་གསུམ་བཙོ་ལ་བཤལ་ལོ། །
གཉིས། དབང་རིལ་དུག་འདོན་བྱེད་ཚུལ།
     དབང་རིལ་རྣམས་ནམ་མཁའ་མི་མཐོང་ཞིང་ཁྱི་དང་བུད་མེད་མི་རྒྱུ་བའི་དབེན་པར་གཡའ་མེད་པའི་སྣོད་དུ་དབང་རིལ་དཀར་པོ་མཛོ་མོའི་འོ་མ། དམར་པོ་གཡག་རྒོད་ཤ་ཁུ། སྔོན་པོ་ཆང་གིས་དྲོད་ཕབས་ཙམ་བཙོ། སེར་པོ་བཙོས་ཟན་ནང་དུ་བཏུམས་ནས་མེར་ཅུང་ཟད་བསྲེག་པས་དུག་འདོན། ངར་འདོགས་ནི། ལེགས་པར་བཏུལ་བའི་ཕྱེ་མ་སྲང་གང་ཡོད་ན། ཁ་ཆེ། གི་ཝཾ། གླ་རྩི། ཛྰ་ཏི། ལི་ཤི་ལྔ་བོ་ཞོ་གང་རེའི་ཕྱེ་མ་དང་མཉམ་དུ་དཀར་ཡོལ་གཙང་མར་ཆུ་མིག་ཁ་ཤར་ལྷའི་ཆུ་བྱིས་པ་མགོ་གཙང་གིས་སྐྱོག་ཁ་ཐུར་གྱུས་བླངས་པ་དང་ལྷན་ཅིག་བླུག  དར་གྱིས་ཁ་བཅད་ལ་སྟེགས་གཙང་མར་འབྲུ་དཀར་གྱིས་གཡུང་དྲུང་བྲིས་པའི་སྟེང་དུ་ཞག་གཅིག་བཞག་ནས་སྨན་ལ་བསྲེ།
གསུམ། ལྕགས་རྩི་ཟླ་འོད།
     ལྕགས་རྩི་ཟླ་འོད་ནི། ཨ་རུ་གསེར་མདོག་གི་རུས་པ་དོར། ཤ་ཞིབ་པར་བཏགས་ནས་ལྕགས་སྣོད་དུ་བྱིས་པ་ལོ་བརྒྱད་པའི་ཆུའམ་ཆུ་གཙང་གིས་གར་སླ་སྐྱོ་མ་གར་བ་ཙམ་བྱས་ལ་དབྱར་ཡིན་ན་ཁེབ་རྒྱག་པ་ཙམ་དང་། དགུན་ཁ་དྲོ་སར་བཞག་པ་ཞག་གསུམ་བསྙལ་བས་ཁག་མཐིང་དུ་གྱུར་པ་དེ་རློན་ཆེ་ན་ཐོག་ཏུ་ཅུང་ཟད་སྐམ། ཕྱེ་འཕུར་ཙམ་གྱི་ནེམ་ཡོད་དེ་ལི་སྡེར་དུ་བླུག་ནས་བཅོ་ལྔའི་
ཟླ་བ་ཤར་ནས་མ་འགྲིབ་བར་གྱི་ཟླ་འོད་ནང་བཞགལྕགས་རྩི་དཀྱུས་མ་བསྙལ་ལུགས་སྔོན་ལྟར་ཟླ་འོད་དུ་མ་བཞག་པའོ། ། ཨ་རུ་རྗེན་པ་ནི་ཨ་རུ་རའི་ཕྱེ་མ་ལི་སྡེར་དུ་རློན་ཅུང་ཟད་ཡོད་པར་བྱས་ནས་བཅོ་ལྔའི་ཟླ་འོད་ལ་བཞག་པའོ། །
བཞི་བ། དངུལ་ཆུ་འདུལ་ཚུལ།
     ཀ།ཟླ་ཤེལ་སོགས་སྨན་སྦྱོར་ཆེ་བ་རྣམས་ལ་གཏང་རྒྱུའི་དངུལ་ཆུ་གྲང་འདུལ་བསྡུས་པ་དཀར་འདུལ་དུ་གྲགས་པ་ལངའ། ལག་ལེན་ཅུང་ཟད་རྒྱས་པའི་ཕྱོགས་ནི་ཟླ་ཤེལ་སྦྱོར་ཐབས་སུ་བྲིས་ཟིན། འདིར་བསྡུས་པ་རྒྱུད་ཀྱི་དངོས་བསྟན་ནི། དངུལ་ཆུ་ཞོ་གང་ལ་སྒ་པི་ཕོ་གསུམ་སོ་སོའི་ཕྱེ་མ་ཐུར་མགོ་གང་ཙམ་རེ་བཏབ། རའམ་གླ་ལྤགས་སྐྱི་ནང་བསྟན་ཏུ་བླུག ཁུག་མའི་སྟོད་ནས་ཁ་དམ་པར་ བསྡམས་ལ་ཉི་མ་ཕྱེད་ཙམ་ལ་དལ་བུས་མཉེས་ལ་རྫས་རོ་ལྗང་ནག་གུད་དུ་ཕྱེ། དུག་ཡོད་པས་སར་སྦ། དེ་ནས་བ་གཅིན་ནང་དུ་ཁོལ་ཙམ་བཙོ་ཞིང་དཀྲུགས་ལ་ཆུ་ཕྱིར་དོར་ལ་ཆུ་གྲང་གིས་བཤལ། དེ་ནས་ལྕགས་སྐྱོགས་སུ་སྣུམ་ནག་ཕོར་ཆུང་གང་ཙམ་བསྐོལ། ཁོལ་བྱུང་དུས་དངུལ་ཆུ་སྣུམ་ནང་བཏབ། དེ་འཕྲལ་གཤའ་དཀར་ཞོ་ཕྱེད་བཏབ་ལ་མ་ཎི་ཕྲེང་སྐོར་ཙམ་གྱི་ཚོད་ཙམ་བཙོས་པས་ཆོགསྣོད་ཀྱི་ཁ་ནས་སྣུམ་ཕྱིར་ཕོས་ལ་དངུལ་ཆུ་གྲང་དུ་བཅུགདེ་ནས་དངུལ་སྐམ་དང་མུ་ཟི་བསླད་མེད་ལྗིད་མཉམ་པ་ལྷག་ཅིག་རྡོ་གཏུན་དྲོད་ལྡན་དུ་ལེགས་པར་བསྣུར་བས་ནག་མཐིང་དངུལ་འོད་མེད་པ་བྱུང་ཚེ་དར་རས་ནག་པོར་བཏུམས་ལ་སྨན་སྦྱོར་དུ་གཏོང་།
     ཁ། གཉན་དང་ཆུ་སེར་སོགས་ཀྱི་སྨན་སྦྱོར་ལ་གཏང་རྒྱུ་དངུལ་ཆུ་ཚ་འདུལ་ལམ་དྲག་འདུལ་རྡོ་རྗེའི་ཐིགས་པ་ནི། རྡོ་གཏུན་མེའམ་ཉི་མ་ལ་བསྲོས་ནས་ལག་པས་རེག་མི་བཟོད་པའི་ནང་དུ་དངུལ་ཆུའི་ལྗིད་མཉམ་གྱི་མུ་ཟིའི་ཕྱེ་མ་བླུགདེ་ཞུ་བ་དང་དངུལ་ཆུ་དེ་མཉམ་བླུག་ནས་རྡོ་ཚ་མོས་ཡུན་དུ་འདུར་ནས་དངུལ་འོད་ཅུང་ཟད་ཀྱང་མེད་པའི་ནག་མཐིང་དུ་སོང་ནས་བཞག  གློ་ བུར་མགྱོགས་ཐབས་དགོས་ན། ལྕགས་སྐྱོགས་མེ་ཐོག་བཙགས་ནས་མུ་ཟི་བཞུ། དེ་ནང་དངུལ་ཆུ་བླུག་ལ་ཤིང་བུས་དཀྱུག སྐྱོགས་ངོས་འབྱར་བ་རྣམས་བཀོག་ནས་རྡོ་གཞོང་དུ་ཕྱེ་མ་བྱས་པས་ཆོག་གོ
ལྔ་བ། ཨ་བར་སོགས་ལག་ལེན་བྱེད་ཚུལ།
     ཨ་རུ་ར་དང་བ་རུ་ར་གཉིས་རུས་པ་གཏོང་དགོས་པ་དམིགས་བསལ་རིགས་མ་གཏོགས་སྤྱི་ལ་རུས་པ་མེད་པའི་ཤ་ཁོ་ན་གཏོང་བ་ལེགས། དུག་སྨན་ལ་ཁྱད་པར་རུས་པ་གཏོང་མི་རུང་། སྐྱུ་རུ་རའང་དེ་དང་འདྲ་ཞིང་ཆུ་གཞིའི་སྨན་ལ་རུས་པ་གཏན་ནས་མི་འགྲོ་བ་གལ་ཆེ། སུག་སྨེལ་ཀོ་ལ་གཉིས་ཀྱང་བྱུང་ན་སྐོགས་པ་ཕྲལ་ནས་སྙིང་པོ་གཏོང་།
དྲུག་པ། ཀོ་བྱི་དུག་འདོན་བྱེད་ཚུལ།
     ཀོ་བྱི་ལ་མེ་མུར་ནང་དུ་བསྲོས་ནས་སྤྭ་བཞར། ཀོ་བྱི་རྡོག་པོ་བདུན་ལ་མཛོ་མོ་ན་གཞོན་གྱི་འོ་མ་ཕུལ་དོའི་ཚད་སྦྱར་ནང་དུ་བཙོས་ནས་འོ་མ་ཆ་གསུམ་འཐག་པ་དང་། འོ་མ་དུག་ལྡན་སར་སྦས། ཀོ་བྱི་ཆུ་གཙང་གིས་བཤལ། འོ་མས་བྱ་དང་ཁྱི་བརྒྱལ་ན་དུག་ཐོན་རྟགས་ཡིན་པར་བཤད། ཁྲག་རླུང་སྨན་གྱི་རིགས་ལ་ཀོ་བྱི་དུག་མ་བྲལ་བ་གཏོང་།
བདུན་པ། འཇམ་འབྲས་ནུས་འདོན་བྱེད་ཚུལ། འཇམ་འབྲས་མེ་མུར་དུ་སེར་ཙམ་བསྲེག
བརྒྱད་པ། བསེ་རུ་ཤ་རུ་སོགས་ནུས་འདོན་བྱེད་ཚུལ།
     བསེ་རུ་ཐལ་ཚན་དུ་རྩི་ཧྲོག་ཙམ་བསྲེགས་ནས་ཆུ་བརྡར་བྱེད་པ་ཡིན་ཀྱང་། དུམ་བུ་ཆུང་ངུ་ལས་མེད་ན་ཞིབ་པར་བཏག་ནས་ཆུ་འདུར་ཡུན་རིང་བྱེད། ཤ་རུ་སོགས་རྭ་ཅོ་གཏོང་དགོས་རིགས་ཐལ་ཚན་ནང་དུ་རྩི་ཧྲོག་བསྲེགས་ལ་གཏོང་།
དགུ་བ། ལྕགས་སྦྲུལ་སོགས་དུག་འདོན་བྱེད་ཚུལ།
     ལྕགས་སྦྲུལ་ནི་གླ་རྩི་ཅུང་ཟད་ཆང་ནང་དུ་བཏབ་པའི་ཞག་གཅིག་སྦངས་མེ་མདག་ཏུ་སྐམ།
བཅུ་བ། ཤ་རིགས་དུག་འདོན་བྱེད་ཚུལ།
     བྱ་རིགས་དང་ཆུ་གནས་ཤ་རུས་གཏོང་དགོས་རིགས་རྒྱས་པར་བྱེད་ན། གོ་བོའི་ཤའི་ཕྱེ་མ་ཐུན་བཟང་དང་། གླ་རྩི་ཐུན་བཟང་། འབྲས་བུ་གསུམ་ཕྱེ་མ་སོ་སོ་ནས་ཐུན་བཟང་རེ་བཅས་ཆུར་བཏབ་པའི་ནང་དུ་བཅུག་སྟེ་བཏོན་ལ་ཚག་ཤའི་བར་དུ་བཅུགཁ་བཙེམ་ནས་མེ་ནང་དུ་ཚག་ཤ་སེར་ཙམ་བསྲེགབསྡུ་ན་བྱ་ཤ་རྣམས་ཚག་ཤའི་ནང་སྲེག་ལུགས་དེ་ལྟར་ལ་གོ་བོའི་ཤ་ཕྱེ་སྨན་ནང་ལྷན་ ཅིག་བཏང་། ཡང་ན་དུག་འབྱིན་ཏིལ་དཀར་ངར་འདོགས་དབང་ལགརྣོ་འདོན་རྒྱ་ཚྭ་དང་ལྕམ་འབྲུ་ཐུན་རེ་གཏོང་། ཀླུ་ནོར་ཤ་ཐམས་ཅད་ལ་དུག་འདོན་ཨ་རུ་ར་གླ་རྩི་གོ་བོའི་ཤ། ངར་འདོགས་ཐལ་རྡོར། རྣོ་འདོན་རྩང་གཡེར་ཚྭ་འདེབས་ཙམ་བསྲེ།
བཅུ་གཅིག བཤལ་སྨན་དུག་འདོན་བྱེད་ཚུལ།
     བཤལ་སྨན་དུག་ལྡན་གྱི་རིགས་ལས། དོང་གྲའི་བར་ཚིགས་ཀྱི་འཁོར་ལོ་རྐྱང་པ་གཏོང་། ཤུག་པ་དོར། དུར་བྱིད་རྐང་ཤུན་ཕྲལ་ནས་ཡོས་ཚན་ནང་དུ་རྒྱང་ཙམ་བཅུགདན་རོག་ལྕེ་དང་ཤུན་པ་ཕྲལ་ལ་ལྕགས་སླང་དུ་རྩམ་པ་བྟབ་པའི་སྟེང་དུ་བཞགདེ་སྟེང་ཡང་རྩམ་པ་བླུག་ནས་མེ་ཐོག་བརྔོས་པས་རྩམ་པ་སེར་ཧྲོག་སོང་དུས་ཕོག་ལ་དན་རོག་ཚུར་ལེན། ཤྲི་ཁཎྟ་རང་མཉམ་གྱི་མར་དཀར་བཞུས་ཏེ་སྙིགས་མ་དོར་བའི་དྭངས་ལ་ཤྲི་ཁཎྟ་ཁྲོལ་བུ་བཏང་ཅིང་བཙོ། མར་ཁུ་རང་ཐིམ་སོང་ནས་འདོན། པོ་སོ་ཆ་སྐོགས་པ་གཏོང་།
བཅུ་གཉིས། ཅོང་ཞི་འདུལ་ཚུལ།
     ཅོང་ཞི་རྣམས་ཁྲམ་ཕྲུམ་བརྡུངས་ལ་ཆུར་བཙོས་པའི་ཁུ་བ་སེར་ཤས་ཅན་ཕྱིར་ཕོ། སླར་ཆུ་གྲང་གིས་ཡང་ཡང་བཤལ་བས་ཆུ་མདོག་སྔོ་ཁྲོང་བྱུང་ན་དུག་ཐོན་པས་དེ་གཏང་། འདམ་འཐག་དགོས་སྐབས་ཞིབ་པར་བཏུལ་བ་ལ་མཛོ་མོ་ཡང་མའི་འོ་མས་སྐྱོས་ནས་འདམ་འཐག་ལེགས་པར་ཟིན་ནས་འཕང་ལོ་བཅོས་ཏེ་གྲིབ་སྐམ་བྱ།
བཅུ་གསུམ། མུ་ཟི་དུག་འདོན།
     མུ་ཟི་དུག་འདོན་ནི། མུ་ཟི་བསླད་མེད་ཁྲམ་ཕྲུམ་བརྡུང་། རྙེད་ན་ཤུ་དག་དཀར་བོ་དང་མ་རྙེད་ན་རམ་པའི་རྩ་བ་ཁྲོབ་བརྡུངས་བྱས་ལ་ཆུར་བཙོས་པའི་ཁུ་བའི་ནང་དུ་བླུག་ལ་ལྷོག་ཙམ་བསྐོལ་ནས་ཞག་གཅིག་བསྙལ། ཕྱི་ཉིན་ཅུང་ཟད་བསྐོལ་ལ་ཁུ་བ་ཕྱིར་ཕོ། ཆུ་གྲང་གིས་ཡང་ཡང་བཤལ་བས་དྲི་མ་མེད་ན་དུག་ཐོན་པ་ཡིན།
བཅུ་བཞི། ཟེ་ཚྭ་དུག་འདོན་བྱེད་ཚུལ།
     ཟེ་ཚྭ་ལྕགས་སྐྱོགས་སུ་བརྔོས་ནས་ཚག་སྒྲ་འོང་དུས་ཕོག
བཙོ་ལྔ། རྡོ་སྨན་ནུས་འདོན་བྱེད་ཚུལ།
     སྦལ་མདུང་སོགས་རྡོ་སྨན་གང་འགྲོ་ལ་འཇུ་རྩི་དར་སྨན་ཞེས་ཟེ་ཚྭ་དུག་འདོན་བྱས་པ་ཐུན་གཅིགཚ་ལ་ཆུ་བཅད་ཐུན་གཅིག་གཏོང་།
བཅུ་དྲུག བྱ་ཐལ་ནུས་བསྲེག
     གོ་ཐལ་དང་རྒོད་ཐལ་ཞིབ་ཏུ་བྱས་ལ་སྐྱོགས་ནང་དུ་མེ་ལ་ཡུད་ཙམ་བརྔོས་ནས་གཏང་། གོ་ཐལ་དང་། ཁྱད་པར་རྡོ་དྲེག་གླ་རྩིའི་ཆུ་བཏབ་ནས་བརྔོ།
བཅུ་བདུན། ཐར་དུ་དག་འདོན་བྱེད་ཚུལ།
     ཐར་ནུ་རློན་པ་སྐོག་པ་བཤུ། ནང་ཤ་ལ་རྨ་རེད་ན་ནུས་པ་འཆོར་བས་རྨ་མ་དོད་པར་བྱས་ལ་བ་གཅིག་དུ་ར་ཤ་ཅུང་ཤད་འཕངས་པ་ལ་བཙོས་ནས་ཁཎྟ་བྱ། རྒྱས་པར་འདུར་དྲུག་བྱེད་ན་ཐར་ནུ་གང་ཡོད་སྐོག་ཕྲལ་ཆ་དྲུག་ཏུ་བགོས་ལ། ཆང་། ཨ་རག  བ་གཅིན། ར་ཤ་རྣམས་སུ་སོ་སོར་བཙོས་ནས་ཁཎྟ་ཕྱོགས་གཅིག་བསྡུ་བ་ཡིན་ཀྱང་ད་ལྟའི་ལག་ལེན་སྔ་མ་བྱེད་པ་ལྟར་ལེགས།
བཅོ་བརྒྱད། སྔོ་སྨན་ལག་ལེན།
     སྔོ་སྨན་རྐྱང་པ་སྦྱོར་སྐབས། ཨ་རུ་ར། སེ་འབྲུ། པི་པི་ལིང་། ཤ་ཆེན(བུ་རོགས)ཐུན་རེ་གཏོང་། དོན་སྣོད་སོ་སོའི་ཁ་འཛིན་གྱི་བཟང་དྲུག་ཀྱང་སྦྱར་དགོས། ཡང་ན་སྔོ་ཐམས་ཅད་ཁཎྟ་བྱས་ནས་བསྡེབས་ན་ལེགས་པར་གསུངས།
བཅུ་དགུ དབང་ལག་བཅུད་འདུལ་སོགས།
     དབང་ལག་བརྐོས་མ་ཐག་དྲེག་པ་བཤལ། ཆུ་གཙང་ཉིས་འགྱུར་དུ་ཁུ་བ་རང་ཐིམ་བཙོས་པས་དྲོད་དུ་འགྲོ། བརྐོས་མ་ཐག་ར་འོ་ཉིས་འགྱུར་ཁུ་བ་རང་ཐིམ་བཙོས་པས་བཅུད་དུ་འགུག  ར་མཉེ་ལའང་དེ་ལྟར་བྱེད། ཉེ་ཤིང་ཕྱི་ལྤགས་དང་ནང་གི་རྒྱུས་པ་དོར་ནས་ཆུ་ལ་བཙོས་ནས་དྲོད་དུ་འགུགགཟེ་མ་སྲིད་པའི་བྱེ་མའི་ནང་དུ་ར་མགོ་ཚིག་ཙམ་བརྔོ། བ་སྤྲུའང་ཆུ་བཅད་ན་ལེགས་པར་བཤད།
ཉི་ཤུ། སྨན་སྡེབ་ཚད་ལག་ལེན།
     སྨན་གྱི་སྦྱོར་བ་རྒྱུད་སོགས་ནས་ཚད་བཤད་པ་ཐམས་ཅད་དེ་ལྟར་མ་ནོར་བ་གལ་ཆེ། ཚད་མེད་པ་ཐམས་ཅད་གཙོ་བོ་བོངས་བསྐྱེད། འཁོར་རྣམས་མ་མཉམ། གཙོ་བོ་མེད་དུ་མི་རུང་ཞིང་སྨན་སྣ་མང་རིགས་ལ་འཁོར་སྨན་རེ་རེ་ཙམ་ཆད་ཀྱང་སྐྱོན་ཏུ་མི་འགྱུར། འོན་ཀྱང་ནད་གཞི་ལ་གཉེན་པོ་དམིགས་སུ་འགྲོ་བའི་རིགས་འཁོར་སྨན་ཡིན་ཀྱང་ཆད་དུ་མི་རུང་ཞིང་ཆ་བསྐྱེད་པ་ལེགས། སྔོ་སོགས་འབྱོར་སླ་བའི་རིགས་ཀྱིས་བོངས་བསྐྱེད་ནས་གཙོ་བོ་ཡིན་ཀྱང་འཛོམས་དཀའ་ན་ཉུང་ངུར་སྦྱར་བའི་སྨན་གྱིས་ནད་ལ་ཕན་པ་དཀའོ། །
ཉེར་གཅིག སྨན་ཉིས་སྡེབ་ལག་ལེན།
     སྨན་གཉིས་སྡེབ་དགོས་རིགས་ལ། བསིལ་བཅུད་བཅོ་ལྔ། སྤྲིན་བྲལ་ཟླ་ཟེར། བདུད་ཏིག གི་ཏིག གསེར་ཞི། ཀ་རུ་སོགས་རྒྱུད་དང་མན་ངག་བར་མ་ཆད་པ་ལས་བྱུང་བ་རྣམས་ལས་རིགས་བཟོས་གང་འདོད་དུ་བསྡེབ་མི་རུང་། ཕྱོགས་བསྡེབ་སྐབས་སུའམ་སྨན་ཁྲོལ་བུ་ཕྱོགས་གཅིག་བསྡུ་བརྡུང་བྱེད་པ་དེ་ཕྱག་ལེན་ལེགས་པའི་ཕྱོགས་ཡིན། སྨན་ཕྱེ་ཚོ་གཉིས་ཕྱོགས་བསྲེ་བྱེད་པ་དེ་ཅུང་མི་
ལེགས་པར་གསུངས།
ཉེར་གཉིས། ཁྱུང་ལྔ་མདོག་བཞིའི་ལག་ལེན།
     ཁྱུང་ལྔ་མདོག་བཞི་ཅན་ཤིན་ཏུ་གལ་ཆེ་ཞིང་དེའི་ཕྱག་ལེན་འབྲི་གུང་གཅེས་བསྡུས་སོགས་སུ་གསལ་བ་ལྟར་བྱ། ཁྱུང་ལྔ་སྤྱིའི་སྦྱོར་ཚད་རྒྱུད་ལས། བཞི་གཅིག་གསུམ་གཉིས་ཕྱེད་དང་སུམ་ཆ་སྦྱར། ཞེས་གསུངས་པ་ལྟར། ཨ་རུ་ར་བཞི་འགྱུར། དེའི་ཆ་གཅིག་བཙན་དུག ཨ་རུའི་སུམ་ཆ་གཉིས་རུ་རྟ། ཨ་རུའི་ཕྱེད་ཤུ་དག་ནག་པོ། ཨ་རུའི་སུམ་ཆ་གླ་རྩི་སྦྱར་བའི་ཚད་འདི་ཕྱེ་མ་རིལ་བུ་ཐམས་ཅད་ལ་མ་ནོར་བ་བྱེད་དགོས། གཉན་རིགས་དང་རྟ་སྨན་སོགས་ལ་ཤིན་ཏུ་ཟབ་པའི་མཉམ་སྦྱོར་ཁྱུང་རྒོད་དྲག་པོ་ནི། ཨ་རུ་ར་དང་བཙན་དུག་ཆ་མཉམ་བྱེད། སྤོས་ཁྱུང་ལ་མདོག་བཞིའི་ཞལ་གདམས་ཅན་བསྡེབ། གུར་ཁྱུང་དང་བྲག་ཁྱུང་ཨར་ཁྱུང་སོགས་ལ་སྨན་ཕྱེ་མཉམ་སྡུད་ལས་མདོག་བཞི་ཅན་བསྡེབ་སྲོལ་མེད། གི་ཁྱུང་གཙོ་ཁྱུང་སོགས་ལ་ཁྱུང་རྒོད་དང་བསྡེབ་དགོས་པའང་ཤེས་པར་བྱའོ། །
ཉེར་གསུམ། སྨན་བསྟེན་ངག་རྒྱུན།
     སྤྱིར་ནད་ཆེན་གྱི་རིགས་ལ་རྒྱུད་སྨན་གཙོ་བོར་གྱུར་པའི་རྩི་སྨན་འགྲོ་རིགས་དང་སྨན་སྣ་མང་བའི་རིགས་རྣམས་འཇམ་ཞིང་ཁེ་ཉེན་ཆུང་བས་ལེགས་ཤིང་། ནད་གཞི་ཆུང་ངུ་དང་གློ་བུར་ནད་རིགས་ལ་སྔོ་སྨན་གྱི་སྦྱོར་སྡེ་དང་། སྨན་སྣ་ཉུང་ངུའི་རིགས་རྣམས་རྣོ་ཞིང་མྱུར་ལ་ཟུར་ལུགས་སུམ་འགྲོལ་གྱི་རིགས་ལྟ་བུ་རྣོ་མྱུར་ཆེ་ཡང་ཅུང་ཟབ་རྩུའི་པའི་ངག་རྒྱུན་སྣང་ངོ། །
ཉེར་བཞི། ལྡེ་གུ་སྦྱོར་ཚུལ།
     ཕྱི་རྒྱུད་ལྡེ་གུའི་སྨན་གང་ཡིན་ཞིབ་པར་བཏགས་ཏེ་ཆུ་ནང་དུ་བཏབ་ནས་བསྐོལ་བས་ཐུག་པ་ཙམ་དུ་སོང་བ་དང་། ཚ་སེལ་ལ་ཤེལ་ཀ་ར། གྲང་སེལ་ལ་བུ་རམ་མང་བར་བྱས་པ་སོགས་རིག་པར་འཕྲུལ་བའི་སྨན་རྟ་རྣམས་སྨན་ལས་དྲུག་འགྱུར་རམ་བརྒྱད་འགྱུར་ཙམ་ཞིབ་པར་བཏགས་པ་དང་། དེ་དང་བོངས་མཉམ་པའི་མར་བཅས་བཏབ་ནས་སྐྱ་བས་མ་འདྲེད་པར་དཀྲུག  མར་ཁུ་མ་ཕྱེ་ཙམ་ནས་ཕོག་སྟེ་གརྔ་དུ་བཅུག་ལ་རིལ་བུ་མཐོ་བོང་ཙམ་དྲིལ། གསལ་བྱེད་ལྡེ་གུར་མིག་གི་ཁོང་སྨན་རྣམས་ཞིབ་པར་བཏགས། སྨན་གྱི་བརྒྱད་འགྱུར་བུར་སྦྲང་ཤེལ་ཀར་རྣམས་དང་དེ་དང་མཉམ་པའི་མར་དཀར་རྣམས་ཟངས་འཁར་མིན་པའི་ཁྲོ་ལྕགས་ཀྱི་སྣོད་གཙང་མར་ཆུ་ཅུང་ཟད་བཅས་བླུག་ལ་བསྐོལ་མར་ཁུ་མ་ཕྱེ་ཙམ་ནས་སྨན་ཕྱེ་བཏབ་ལ་དཀྲུག་ཏེ་ཕོགགྲང་ནས་རིལ་བུ་དྲིལ་ལ་བསྟེན་ནོ། །
ཉེར་ལྔ། སྨན་མར་སྦྱོར་ཚུལ།
     སྨན་མར་སྐབས། ཀུན་ལ་འགྲོ་བའི་འབའ་སམ་སྨན་མར་ནི། འབྲས་བུ་གསུམ་དང་རྩ་བ་ལྔ་སྦྱོར་བ་སྟེ། ཚ་ཤས་ཆེ་ན་འབྲས་བུ་གསུམ་མང་། མིག་ལ་འབྲས་གསུམ་ལྷག་པར་གལ་ཆེ། གྲང་ཤས་ཆེ་བ་ལ་རྩ་བ་ལྔ་མང་བར་བྱ། སྤྱི་ཙམ་ལ་ཆ་མཉམ་བྱས་ལ་ཁྲོལ་བུར་བརྡུང་། ཁྲོ་དཀར་སོགས་གཡའ་མེད་སྣོད་དུ་ཆུ་ལ་བཏབ་ནས་བསྐོལ་བའི་ཁུ་བ་གུད་དུ་ཕྱེ། ཡང་ཆུ་བསྣན་ནས་ཁུ་བ་བཏོན་པ་བཅས་ལན་གསུམ་ཙམ་བྱས་ཏེ་སྨན་རོ་ལ་སྨན་གྱིས་རོ་མེད་པ་བཅུད་ལོན་ངེས་བྱ། ཁུ་བ་བྲེ་བཞི་ཙམ་གྱིས་ཚད་བྲེ་གསུམ་དུ་གདུ། དེའང་བྲེ་གང་ཙམ་དུ་གདུས་པའི་ཁར་བཞོས་ཐོག་འོ་མ་བྲེ་བཞི་བླུག དེའང་འབྲི་འོ་བཅུད་ཆེའང་ཁྲག་མཁྲིས་ཅན་སོགས་ལ་རྩུབ། མཛོ་མོའི་འོ་མ་སྤྱི་སྙོམས་ལེགས། འོ་མ་བླུག་མ་ཐག་ནས་སྐྱ་བས་བར་མེད་དུ་དཀྲུག མི་འཕྱུར་བ་དང་མི་ཚིག་པའི་ཕྱིར་དང་པོ་མར་དཀར་ཅུང་ཟད་བཏབ་ནས་རིམ་བསྣོན་བྱེད། སྔ་མའི་སྨན་ཆུའི་ཚོད་ཙམ་དུ་གདུས་ནས་སྨན་ཕྱེ་ཁྱོར་གང་ལ་མར་དཀར་རྒྱ་མ་གཉིས་ཙམ། མཁྲིས་ཤས་ཆེ་བ་དེའི་ཕྱེད་ལྷག་ཙམ་བཏབ་སྟེ་དྲག་ཏུ་དཀྲུགམར་ཁུ་ཆུ་ཐག་ཆོད་པའི་རྟགས་མེད་གཏིག་པས་ཚག་སྒྲ་མེད་ན་དྭགས་སྙིགས་ཕྱེད་པའི་དྭངས་མ་ཚན་མོའི་ནང་དུ་ཁ་ཚར་གང་སྦྱོར་གྱི་སྨན་བཏབ་ནས་འདྲེས་པར་དཀྲུག མཐའ་ནས་སྐྱ་ཧར་སོང་སྐབས་སྨན་རྟ་སྦྲང་བུར་ཀ་ར་སོགས་ཀྱི་ཕྱེ་མ་མར་གྱི་ཕྱེད་ཆ་ཙམ་བཏབ་ལ་མར་དུ་མ་ལོག་བར་དཀྲུག་ནས་དཀར་ཡོལ་པར་བུ་སོགས་སུ་རླུང་མི་འགྲོ་བར་བཞག་ལ། ཐོ་རངས་སྔ་བར་མཐེ་བོང་ངམ་བྱ་སྒོང་ཙམ་ཆུ་བསྐོལ་ཚན་མོས་ཕུལ། སྲོག་རླུང་ལ་ཕན་པའི་བཙན་དུག་སྨན་མར་ནི། བཙན་དུག་བཟང་པོ་ཆ་གཅིགཨ་རུ་ར་ཆ་བཞི་གཉིས་སོ་སོར་ ཞིབ་པར་བཏགས། བཙན་དུག་ཆང་ནང་ཞག་གཅིག་སྦང་། དེ་དང་ཨ་རུ་ར་གཉིས་ཆང་ནང་ལྷག་ཅིག་འདམ་འཐག་ཉིན་གཅིག་བྱེད། སྤོས་ཟན་ཙམ་དུ་སོང་ནས་ཆུ་བྲེ་གང་ལ་བཏབ་ནས་བསྐོལ་བ་ལ་འོ་མ་བྲེ་བཞི་བླུག་པ་དང་གདུ་ལུགས་མར་མངར་གསུམ་སྦྱོར་ཚུལ་སོགས་གོང་ལྟར་བྱ།
ཉེར་དྲུག སྨན་ཆང་སྤྱོར་ཚུལ།
     བད་མཁྲིས་རླུང་གསུང་ལྡན་པ་ལ་སྨན་ཆང་མཆོག་ཏུ་གྱུར་པ་སྟེ། ཟན་ཆང་ནི། ར་མཉེ། ལྕ་བ། གཟེ་མ། ལྕམ་པའི་འབྲས་བུ་རྣམས་སོ་སོར་ཁྱོར་གང་རེ་ཞིབ་ཏུ་བཏགས། ནས་སྔོན་རྗེན་འཐག་ཕུལ་དོ་དང་འདྲེས་པར་བསྲེས་ལ་ཆུ་བླུགས་ནས་ཟན་ལྟར་བརྫིས། མཐེབ་ཀྱུང་མང་དུ་བཟོས་ནས་ཆུ་དྲོན་རང་ནུབ་ཙམ་གྱི་དྲོད་ཕབ། ཆང་ཕབས་ཅུང་ཟད་བཏབ་ནས་རྫ་མའི་ནང་དུ་དྲོ་སར་ཞག་གསུམ་བསྙལ། ཆང་དྲི་བསྣམ་དུས་ལངས་པའི་ཚད་ཡིན་པས་བླངས་ལ་མར་ཁུའི་དྭངས་མ་བྲེ་གསུམ་ནང་དུ་སྦྱར་ལ་བཙའ་སྒ་ཞིབ་བཏགས་ཁྱོར་གང་། བུ་རམ་སྲང་བཅུ་བཅས་བཏབ་ཅིང་དཀྲུག ཞོ་ལྟར་འདྲེས་པར་བྱས་ལ་ལོངས་སྤྱོད་དོ། །
ཉེར་བདུན། པུཥྤའི་སྦྲང་ཆང་།
     པུཥྤའི་སྦྲང་ཆང་ནི་མེ་ཏོག་གཡར་མོ་ཐང་མང་དུ་བཏུས་ལ་གྲིབ་སྐམ་བྱས་པ་རྫ་བུམ་དུ་བླུག་ནས་ཆུ་དྲོན་གྱིས་བསྙལ། རིམ་གྱིས་བསྲིངས་པའི་ཁུ་བ་བཞུར། དེ་ནང་སྦྲང་ཕུལ་གང་དང་ཕབས་ ཅུང་ཟད་བཏབ། དྲོ་སར་ཞག་གསུམ་བསྙལ་བས་སྐྱུར་དྲི་མནམ་ཞིང་ལྦུ་བ་ཆིར་གྱིས་བྱུང་བ་ན་བླངས་ཏེ་བསྟེན།
ཉེར་བརྒྱད། གཟེ་ཆང་།
     གཟེ་ཆང་ནི་ནས་ནང་གཟེ་མ་ཅུང་ཟད་བསྲེས་ནས་བཙོས་ཏེ་སྤྱི་ལྟར་བསྙལ། གཟེ་མ་བྲེ་གང་ཁྲོལ་ཙམ་བརྡུངས་པ་ཆུ་མང་པོའི་ནང་བསྐོལ་བའི་ཁུ་བས་བསིང་ངོ། །
ཉེར་དགུ། སྲེག་ཐལ་སྦྱོར་ཚུལ།
     སྲེག་ཐལ་གྲས། སྐྲན་ནད་ཐམས་ཅད་ལ་འགྲོ་བའི་ཚྭ་སྲེག་ནི། རྫ་སྣོད་དུ་བ་ཞོ་བྲེ་གང་བླུགདེ་ནང་ལན་ཚྭ་བསླད་མེད་ཁྱོར་དོ་དང་གཡག་རྒོད་ཤ་མཐེ་བོང་ཙམ་བཅས་ཐང་ཞིབ་པ་ཙམ་དུ་བརྡུང་ལ་བཏབ། མེ་ཐོག་ཏུ་བསྐོལ་ནས་བར་མེད་དུ་དཀྲུག ཟན་ཙམ་སོང་ནས་རྫ་བུམ་དུ་བླུགས་པའི་ཁ་ཚྭ་འདམ་གྱིས་བཅད་ནས་སྐམ། དེ་ནས་བོང་མེར་ཉི་མ་གཅིག་གི་བཞི་ཆ་ཙམ་བསྲེག་ནས་གྲང་དུ་གཞུག ཚྭ་སྲེག་སྲང་གང་ལ་ལྷན་ཐབས་ནས་བཤད་པའི་ཁ་ཚར་སྨན་རྣམས་ལས། བསྲེག་འོས་རྣམས་ནུས་བསྲེག་བྱས་ལ་ཞོ་༠༣༣རེ་ཆ་སྙོམས་པ་བསྣན་ནས་ཞིབ་པར་བཏགས། མོ་ནད་ཁྲག་སྐྲན་ལ་ཆེས་ཟབ་ཅིང་བཙས་རྗེས་ལའང་ཕན་པར་བཤད་དོ། །
སུམ་ཅུ། རྒྱ་ཚྭའི་ཐལ་བ་སྲེག་ཚུལ།
     མིག་གི་ལོང་ཏོག་སོགས་ལ་འདེབས་དགོས་པའི་རྒྱ་ཚྭའི་ཐལ་བ་གལ་ཆེ་བས་ལྕགས་ལེབ་བསྲེགས་པའི་སྟེང་རྒྱ་ཚྭའི་ཕྱེ་མ་བླུག་ལ་ལིའི་ཏིང་ཕོར་བཀབ། སྟེང་ནས་ཕྱེ་མ་རློན་པས་ནུས་པར་ བཀབ་ནས་དུ་རླངས་མ་ཤོར་བ་བྱ། གྲང་ནས་ལི་ཏིང་དུད་པ་ཕུག་རོན་དོང་རུས་བསྡུའོ། །


འབྲེལ་ཡོད་འོས་སྦྱོར།