མ་བུའི་བདེ་ཐང་དང་འབྲེལ་བའི་ཤེས་བྱ་ཁག
དང་པོ། བདེ་ཐང་གི་གོ་དོན
བདེ་ཐང་ཟེར་བ་ནི་རང་རེའི་བོད་ལུགས་གསོ་རིག་གི་དགོངས་པ་ལྟར་ན་མིའི་ལུས་ཁམས་གྱི་ཤ་ཁྲག་ལ་སོགས་པ་་རང་རང་གི་ལྡང་ཚད་ཆ་སྙོམས་པོ་གནས་ཤིང་འཕེལ་ཟད་འཁྲུགས་གསུམ་མ་གྱུར་བར་ཐ་མལ་ནད་མེད་ཀྱི་སྐབས་ཞིག་ལ་ཟེར་བ་དང་མིག་སྣ་རྣ་ལ་སོགས་པའི་དབང་བོའི་ཁམས་དྭངས་ཤིང་གསལ་བ་དང་ལས་སྣ་ཚོགས་ལ་ཚུལ་བཞིན་དུ་འཇུག་པ།ཤ་ཁྲག་ལ་སོགས་པའི་ལུས་ཀྱི་ཟུངས་རྣམས་རྒྱུན་ལྡན་ལྟར་དུ་གནས་པ།དྲི་མ་བཤང་གཅིན་ལ་སོགས་པ་བདེ་བར་རྒྱུ་བ།ནད་རླུང་མཁྲིས་བད་ཀན་ལ་སོགས་པ་རང་རང་གི་ཚད་གཞི་ལས་མང་བ་མ་ཡིན་ལ་ཟད་པའམ་ཉུང་བ་ཡང་མ་ཡིན་པར་རང་རང་ལྡང་ཚད་ཆ་སྙོམས་ཤིང་པགས་མདོག་རྒྱུན་ལྡན་ལྟར་གནས་པ་སོགས་ལུས་ཀྱི་འབྱུང་ཁམས་བདེ་ཞིང་སེམས་ཁམས་སྐྱིད་པོ་ཡིན་པ་ཞིག་བྱའོ།།
གཉིས་པ། གཉེན་སྒྲིག་བདེ་ཐང་།
གཉེན་སྒྲིག་བདེ་ཐང་ཟེར་བ་ནི་ཕོ་མོ་གཉེན་སྒྲིག་མ་སྒྲིག་པའི་ཡར་སྔོན་དུ་ཕྱོགས་གཉིས་ཀ་ཕན་ཚུན་ཉེ་དུ་མ་ཡིན་པའམ་ཡང་ན་གཉེན་སྒྲིག་མཁན་ཕོ་མོ་ཕན་ཚུན་ལ་འགོས་གཅོང་དང་ཁྱིམ་རྒྱུད་རང་བཞིན་གྱི་ནད།རིགས་རུས་རང་བཞིན་གྱི་ན་ཚ་སོགས་མེད་པ་ཞིག་ལ་ཟེར་བ་དང་གཉེན་སྒྲིག་བདེ་ཐང་ཡིན་ན་རང་ཉིད་ཀྱི་རིགས་རྒྱུད་གཙང་ཞིང་ལུས་པོ་ཡང་བདེ་ཐང་ཡོད་པའི་མི་རབས་རྗེས་མ་ཞིག་སྐྱེད་བསྲིང་བྱེད་ཐུབ་པ་རེད།དེ་བས་ཕོ་མོ་ཕན་ཚུན་གཉེན་སྒྲིག་དུས་སྔོན་ལ་སྨན་ཁང་དུ་སྐྱོད་ནས་ཕྱོགས་གཉིས་ཀའི་གཉེན་ཉེ་བར་ལ་འགོས་གཅོང་དང་རིམས་གཅོང་སོགས་སོགས་ཡོད་མིན་ལ་ལྟ་བ་དང་དེ་མིན་བསེ་དུག་དང་མཛེ་ནད་ལ་སོགས་པའི་ཁྱིམ་རྒྱུད་རང་བཞིན་གྱི་ནད་ཡོད་མིན་གྱི་ལོ་རྒྱུས་ཞིབ་ཏུ་འབྲི་བ་དང་ཤ་རུས་འབྲེལ་བ་ཡོད་མིན་སོགས་རྩད་བཅད་མཐར་གཉེན་སྒྲིག་དགོས་པ་དང་དེ་མིན་པར་གང་བྱུང་དུ་གཉེན་སྒྲིག་པ་འམ་སྨན་ཁང་ནས་བརྟག་དཔྱད་མ་བྱས་པར་འགོས་གཅོང་ཅན་ཡང་བསེ་དུག་སོགས་ཡོད་པའི་མི་ལ་གཉེན་སྒྲིག་ན་རང་ཉིད་ཀྱི་མི་རབས་རྗེས་མ་རིགས་རྒྱུད་མི་གཙང་པ་བཙོག་པོར་བཟོ་བ་ཡིན་པས་ཡིད་གཟབ་བྱ་རྒྱུ་ཤལ་ཆེ།གོང་བཤད་ལྟར་རིགས་རྒྱུད་གཙང་བ་དང་རིམས་གཅོང་དང་ཁྱིམ་རྒྱུད་རང་བཞིན་གྱི་ནད་མེད་པ།རིགས་རུས་ཉེ་འབྲེལ་མ་ཡིན་པའི་ཕོ་མོ་ཕན་ཚུན་གཉེན་སྒྲིག་པ་ཡིན་ན་རིགས་རུས་གཙང་བའི་ཤེས་རིག་གསལ་བའི་རང་ཉིད་མི་རབས་རྗེས་མ་ཞིག་བསྐྱེད་བསྲིང་ཐུབ་པ་ཡིན།དེ་བས་གཉེན་སྒྲིག་སྟངས་ཡང་དག་པ་ནི་ཤ་གཙང་རུས་གཙང་གི་སྔོན་འགྲོ་ཞིག་ཡིན།ཞེས་བརྗོད་ཆོག་གོ།
གསུམ་པ། མངལ་སྦྲུམ་བདེ་ཐང་།
མངལ་སྦྲུམ་བདེ་ཐང་ཟེར་བ་ནི་ཕྲུ་གུ་མངལ་སྦྲུམ་པའི་དུས་རིམ་ནང་ཟས་སྤྱོད་དང་སྨན་དཔྱད་ལ་སོགས་འཛེམ་ནས་མ་བུའི་བདེ་ཐང་ལ་སྲུང་སྐྱོབ་བྱས་ནས་བདེ་ཐང་གི་ཕྲུ་གུ་ཞིག་སྐྱེས་ཐུབ་པ་བྱ་རྒྱུ་དེ་ལ་བྱ་བ་དང་མངལ་སྦྲུམ་བདེ་ཐང་མེད་ན་སྦྲུམ་མའི་ཚེ་སྲོག་ལ་འགན་ལེན་མི་ཐུབ་པ་རེད།དེ་བས་མངལ་སྦྲུམ་བདེ་ཐང་ནི་བདེ་ཐང་ཡོད་ཚད་ཀྱི་རྩ་བ་ཞིག་ཡིན་པ་རེད།མངལ་སྦྲུམ་པ་ནི་དགའ་འོས་དོན་བཟང་ཡིན་པ་ཟད།མི་ཚེ་ཡི་ལམ་བུ་ཀྱོག་ཀྱོག་སྟེང་རང་ཉིད་མངོན་ཆོག་པའི་ལག་རྗེས་ཆུང་ཆུང་ཞིག་ཀྱང་ཡིན།དེ་དུས་བཟུང་ཁྱོ་ཤུག་གང་རུང་ཕ་མ་གྱུར་བའི་མགོ་བརྩམས་པ་དང་བུ་ཕྲུག་ཡོད་པའི་ཁྱིམ་གཞི་གསར་བ་ཞིག་བཟུང་བ་ཡིན།མིའི་གཟུགས་བཟང་བ་དང་ཤེས་པ་གསལ་བ།ལུས་སྟོབས་བཟང་བ་ལ་སོགས་ཡོད་ཚད་སྦྲུམ་མའི་བདེ་ཐང་ལ་ཐུག་ཡོད་པ་རེད།དེ་བས་མངལ་སྦྲུམ་དུས་ཡུན་ནང་ཟས་སྤྱོད་ལ་ཡིད་གཟབ་དང་དོ་སྣང་བྱེད་དགོས་པ་དང་ལྷག་པར་དུ་ཉལ་བོ་མི་སྤྱོད་པ་དང་ཉིན་པར་གཉིད་མི་ལོག་པ་དང་བཤང་གཅིན་སོགས་ཤུགས་ཆེན་པོའི་མི་བཙིར་བ་དང་དཀའ་ལས་མང་པོ་མི་བྱེད་པ་དང་ངལ་གསོ་མང་པོ་བྱེད་པ་དང་བཟི་ཤས་ཆེ་བའི་སྨན་རིགས་མི་བཏུང་བ།མེ་བཙའ་འཇོག་པ།ཁྲག་གཏར་བ་ལ་སོགས་པའི་རྩུབ་དཔྱད་ཀྱི་རིགས་གང་ཡང་མི་བྱེད་པ།ཐ་མག་དང་ཆང་རིགས་སོགས་སྤང་ནས་སྦྲུམ་མའི་ལུས་ཟུངས་དང་ཕྲུ་གུ་གནོད་པའི་ལས་གང་ཡང་མི་བྱེད་པར་སྒོ་གསུམ་གྱི་བྱ་བ་ཡང་དག་བསྟེན་པ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་དང་དེ་མིན་ད་ལྟ་བོད་ཁུལ་དུ་གློ་གཅོང་གི་ནད་དང་མཆིན་ཚད་ཁ་བ་ལ་སོགས་པའི་རིམས་ནད་ཀྱི་སྐོར་ཅུང་མང་བས་ནད་དེ་རིགས་མི་འཕོག་པའི་ཆེད་གཙང་སྦྲ་ལ་དོ་སྣང་ཡང་ཡང་བྱེད་པ་དང་གསང་སྤྱོད་དུ་སོང་ཚེ་ལག་པ་བཀྲུ་བ་དང་ཤིང་ཏོག་དང་སྔོ་ཚལ་རིགས་ལེགས་པར་བཀྲུ་བ།ཇ་ཕོར་དང་ཆང་ཕོར་སོགས་རྟག་པར་བཀྲུས་ནས་འགོས་ནད་སྔོན་འགོག་བྱ་རྒྱུ་ཡང་ཤིན་ཏུ་གལ་ཆེ་བ་ཡིན།དེ་ལྟར་གོང་བཤད་དག་ལ་དོ་སྣང་ཡང་ཡང་བྱས་ཏེ་ལུས་ངག་ཡིད་གསུམ་སྤྱོད་པ་ཚུལ་དང་མཐུན་པ་དང་གཙང་སྦྲ་དང་འཕྲོད་བསྟེན་སོགས་ལ་ཡིད་གཟབ་དང་དོ་སྣང་བྱས་ན་ལུས་སེམས་དབང་གསུམ་བདེ་པའི་ཕྲུ་གུ་སྟོབས་དང་ལྡན་པ་ཞིག་འབྱུང་བ་ཡིན་ལ།ཕྲུ་གུ་སྟོབས་ལྡན་ནི་མ་འོངས་བའི་རེ་བ་དང་ཁྱིམ་ཚང་གི་བདེ་སྐྱིད།རྒྱལ་ཁབ་སྟོབས་འབྱོར་དང་ཁེ་ཕན་སོགས་ལའང་འབྲེལ་བ་ཡོད།དེ་བས་ནད་མེད་བདེ་ཐང་གི་ཕྲུ་གུ་ཞིག་སྐྱེས་རྒྱུ་ནི་ཕ་མ་མ་ཚད་རྒྱལ་ཁབ་དང་འཛམ་གླིང་གི་རེ་བ་ཡང་ཡིན་ཞེས་བརྗོད་ཆོག་གོ།།
བཞི་བ། ལེགས་བཙའ་བདེ་ཐང་།
ལེགས་བཙའ་བདེ་ཐང་ནི་མ་བུ་བདེ་སྲུང་ངང་ལེགས་པར་བཙའ་བ་ཞིག་ལ་ཟེར་བ་དང་ལེགས་བཙའ་བདེ་ཐང་མེད་ན་མ་བུའི་ཚེ་སྲོག་འགན་ལེན་དང་མྱུར་སྐྱོབ་བྱེད་མི་ཐུབ།དེ་བས་ལེགས་བཙའ་བདེ་ཐང་ནི་མིའི་བདེ་ཐང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད།རང་ཞིང་འབྲོག་ཁུལ་ས་ཁུལ་འགྲིལ་འགྲུལ་སྟབས་བདེ་མིན་པ་དང་འབྲོག་མིའི་དུད་ཁྱིམ་ཐ་ཐོར་ཡིན་པའི་དབང་གིས་སྦྲུམ་མར་བདེ་སྲུང་བྱེད་རྒྱུ་ཧ་ཅང་སྟབས་མི་བདེ་བ་དང་ཁྱད་པར་དུ་སྦྲུམ་མར་བདེ་སྲུང་གི་འགན་ཁུར་ཆུང་བའི་རྐྱེན་གྱིས་མྱུར་སྐྱོབ་བྱེད་མ་ཐུབ་པར་ཚེ་ལས་འདས་པའང་ཡོད་པ་རེད།དེ་བས་སྣང་ཚུལ་དེ་རིགས་མི་འབྱུང་བའི་ཕྱིར་དུ་སྐྱེས་ཟླ་མ་ཤར་བའི་ཉིན་བདུན་དང་བཅུ་ཚུན་ནས་ཆ་རྐྱེན་ཡོད་སའི་སྨན་ཁང་དུ་སྤོ་བ་འམ་ཡང་ན་དེའི་ཉེ་འགྲམ་དུ་སྤོས་ནས་ཕྲུ་གུའི་སྡོད་སྟངས་སོགས་ལ་བརྟག་དཔྱད་ཡག་པོ་བྱེད་དགོས་དང་དེ་མིན་འཚོ་བཅུད་ལྡན་པའི་འོ་མ་དང་ལུག་ཤ་དང་གཡག་ཤ་གསར་སོགས་ཀྱང་གྲལ་སྒྲིག་བྱེད་རྒྱུ་དེ་ཡང་ཤིན་ཏུ་གལ་ཆེ།ད་ལྟ་རྒྱལ་ཁབ་ཀྱིས་ཀྱང་རིན་མེད་ངང་ལེགས་བཅའ་ལེགས་གསོ་ཡི་སྲིད་ཇུས་ལག་བསྟེར་བྱས་ཡོད་པས་འགྲོ་སྒོ་ཡང་ཤིན་ཏུ་ཆུང་བ་རེད།དེའི་ཕྱིར་རང་ཁྱིམ་ནས་ཕྲུ་གུ་མི་སྐྱེས་པར་སྨན་ཁང་ནས་སྐྱེས་བསུ་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད།ཕྲུ་གུ་སྐྱེས་རྗེས་སྦྲུམ་མའི་ལུས་ཟུངས་ཟད་པ་དང་འཚོ་བཅུད་འདང་གི་མེད་པས་རླུང་ཁ་གནོན་པ་དང་ལུས་ཟུངས་གསོ་བའི་ཕྱིར་དུ་འོ་མ་དང་ལུག་ཤ་ལ་སོགས་པའི་བཅུད་ལྡན་གྱིས་ཁ་ཟས་རིགས་བསྟེན་རྒྱུ་ནི་ཤིན་གལ་ཆེ་དང་དེ་མིན་སྨན་པའི་ངག་བཞིན་བྱ་རྒྱུ་་ཡིན་ཡང་གལ་ཆེའོ།།ཕྲུ་གུ་སྐྱེས་རྗེས་དུས་ལྟར་འགོག་ཁབ་རྒྱུ་དེ་ཡང་གཙོ་བོར་འཛིན་དགོས་ལ་གལ་སྲིད་ཕྲུ་གུ་ལ་ན་ཚ་བྱུང་ན་དུས་ལྟར་སྨན་པ་སྟོན་རྒྱུ་དེ་ཡང་ཤིན་ཏུ་གལ་ཆེ་བ་ཞིག་རེད།།