logo

སྨན་དང་དུག་ལ་ངོ་བོའི་ཐོག་ནས་ཁྱད་པར་མེད།

རྩོམ་པ་པོ།:རིག་གནས་རྒྱུན་ཤེས་སྐད་འཕྲིན་སྟ ཡོང་ཁུངས།:རིག་གནས་རྒྱུན་ཤེས་སྐད་འཕྲིན་སྟེགས་བུ། དུས་ཚོད།:2013-12-11 ཀློག་གྲངས།:

  སྤྱིར་བཏང་མི་མང་པོ་ཞིག་གིས་སྨན་པས་སྤྲད་པའི“སྨན”ཡིན་ཞེས་སྣང་དོགས་གང་ཡང་མེད་པར་འཐུང་རྐྱང་བྱེད་ཀྱིན་ཡོད་མོད། དོན་དངོས་སུ“སྨན”གྱི་མིང་བཏགས་ཚད་ཁྱོད་ལ་སྨན་པའམ་ཕན་པའི་ངེས་པ་མེད་པར་མ་ཟད། དེ་ལས་ལྡོག་སྟེ་གནོད་ཀྱང་སྐྱེལ་སྲིད་པ་ཡིན།
  ཆམ་ནད་དང་ཆམ་རིམས་ནི་ང་ཚོར་རྒྱུན་དུ་ཕོགས་པའི་ནད་ཅིག་ཡིན་ལ། དེ་ལ་བརྟེན་ནས“ཆམ་པའི་སྨན”ནི་སྤྱི་ཚོགས་ཐོག་བྲིན་ཆེ་ཤོས་ཀྱི་སྨན་ཞིག་ཡིན། ཡིན་ན་ཡང་།  སྤྱིར་ན“ཆམ་པའི་སྨན” ཟེར་བ་ཞིག་མེད་དེ།  ཆམ་ནད་ནི་ཕྲ་འབུས་སློང་བའི་ནད་རིགས་ཤིག་ཡིན་པ་དང་ཕྲ་འབུ་དེ་གསོད་ཐུབ་མཁན་གྱི་སྨན་ཞིག་ད་བར་དུ་སུས་ཀྱང་སྒྲུབ་ཐུབ་མེད།
  ཁྱོད་ལ་ཆམ་པ་ཕོག་ནས་ལུས་ཀྱི་ཚ་དྲོད་འཕར་བ་དང་། མགོ་བོ་ན་བ། གློ་རྒྱག་པ་སོགས་བྱས་ནས་ཕྲ་འབུས་བསླངས་པའི་ནད་ཀྱི་རྟགས་རྣམས་མངོན་ཡོང་དུས། སྨན་པས་ཁྱོད་ལ་ཚ་བ་འཇགས་བྱེད་དང་། མགོ་མི་ན་བའི་ཆེད་དུ་བཟི་སྨན། གློ་བ་གཙོ་བོར་གྱུར་བའི་དབུགས་འབྱིན་མ་ལག་གི་གཉན་ཁ་འཇོམས་པའི་གཉན་འཇོམས་སྨན་སོགས་སྤྲད་ནས་ནད་རྟགས་དེ་དག་ལ་དོ་སྣང་བྱེད་པ་རེད།
  སྨན་དེ་ལས་གཉན་འཇོམས་སྨན་ནི་ང་ཚོའི་མཆིན་པར་གནོད་སྐྱོན་བཟོ་བའི་ཞོར་སྐྱོན་ཆེ་ཤོས་ཀྱི་སྨན་ཞིག་ཡིན་ལ། ཚ་བ་འཇགས་བྱེད་དང་བཟི་སྨན་སོགས་ཀྱིས་ཀྱང་མིའི་སྙིང་དང་ཀླད་པར་ཞོར་སྐྱོན་ཐེབས་བཞིན་ཡོད། ཡིན་ན་ཡང་། ཆམ་པ་ཕོག་ཚར་བའི་མི་ཞིག་ལ་གོང་གི་ནད་རྟགས་དེ་དག་མངོན་ཡོང་དུས་སྨན་དེ་དག་མི་བསྟེན་རང་བསྟེན་ཡིན། སྨན་དེར་ཞོར་སྐྱོན་ཡོད་རུང་། ནད་རྟགས་དེ་དག་ལ་དོ་སྣང་མ་བྱས་པར་བསྡད་ན་ཚབས་ཆེར་འགྱུར་ཉེན་ཡོད་པ་རེད།
  སྔོན་འགོག་ནི་ཆེས་ལེགས་པའི་འདམ་ག་ཡིན་པ་སྟེ།
  ཀ།   ཆམ་ནད་དང་ཆམ་རིམས་མ་ཕོག་པའི་སྔོན་ལ་འགོག་སྲུང་བྱེད་རྒྱུ་ནི་ཆེས་ལེགས་པའི་འདམ་ག་དེ་ཡིན་པས། ལོ་རེའི་དགུན་ཚེས་ནས་ཡོང་དུས་སམ། རྒྱུན་དུ་གཙང་སྦྲ་ལ་དོ་སྣང་བྱེད་ན་ཆམ་རིམས་སྔོན་འགོག་བྱེད་ཐུབ། རང་གི་ཁོར་ཡུག་ན་གད་སྙིགས་སོགས་མི་གཙང་བའི་རིགས་གཙང་ཕྱགས་བྱེད་པ། ཁྱིམ་གྱི་ཁ་དབུགས་དྭངས་མོ་དང་། དགུན་དུས་ཡིན་ན་ཁ་དབུགས་དྭངས་མོ་དང་དྲོད་ཚད་རན་པོར་ཉར་བ།  (ཁྱིམ་ནང་དུ་ཐ་མག་འཐེན་པ་ནི་རང་གཞན་ཀུན་ལ་གནོད་པ་ཆེས་ཆེ་བའི་བྱ་བ་ཞིག་ཡིན།) ལག་པ་ཡང་ཡང་གཙང་མར་བཀྲུ་བ།(ང་ཚོ་ཕྱི་ལ་ཐོན་ནས་མི་དང་ལག་འཇུ་བྱེད་པ་དང་། ཅ་དངོས་ལ་ལག་པས་འཆང་བ། སྤྱི་སྤྱོད་རླངས་འཁོར་དང་མེ་འཁོར་སོགས་སུ་བསྡད་དུས་ལག་པས་འཆང་བ། གསང་སྤྱོད་དུ་སོང་ནས་ཕྱིར་ཡོང་མ་ཐག་ལག་པ་གཙང་མར་བཀྲུ་བ་སོགས་བྱེད་དགོས། ཆམ་ནད་བསྐྱེད་མཁན་གྱི་ཕྲ་འབུ་དེ་མིའི་ཁ་དབུགས་བརྒྱུད་ནས་འགོ་བར་མ་ཟད། གཞན་ད་དུང་ང་ཚོའི་ལག་འགོར་འགོས་པ་རྣམས་གཙང་མར་མ་འཁྲུས་པ་ལ་བརྟེན་ནས་ཁ་དང་སྣ་མིག་བཅས་སུ་འཛུལ་ནས་ང་ཚོར་ཆམ་ནད་ཕོག་གིན་ཡོད། )
  ཁ།     ལུས་ཟུངས་རྒྱུད་འཛིན་བྱེད་རྒྱུ་ནི་ཆམ་ནད་སྔོན་འགོག་གི་ཐབས་ལམ་ཡག་ཤོས་དེ་ཡིན། རྒྱུན་དུ་སྔོ་ཚལ་དང་ཤིང་ཏོག་རིགས་བཟའ་བ་དང་།(དགོས་ངེས་ཀྱི་འཚོ་བཅུདvitaminཐམས་ཅད་འདི་དག་ལས་ཐོབ་པ་ཤས་ཆེ ) རྒྱུན་དུ་ཆུ་འཁོལ་འཐུང་བ་དང་། སྔོ་ཇ་དུས་ལྟར་འཐུང་བ།
སེམས་ཁམས་དྭངས་མོ་དང་། སྣང་བ་སྐྱིད་པོར་སྡོད་པ། གཉིད་དུས་ལྟར་ཁུགས་པ་དང་། ཞོགས་པར་དུས་ལྟར་ལངས་པ། ལུས་ལ་དགོས་ངེས་ཀྱི་རྩལ་སྦྱོང་ཐོབ་པར་བྱེད་པ། ར་བཟི་བའི་བར་དུ་ཆང་རག་འཐུང་བ་དང་། ཐ་མག་འཐེན་པ། སྐོམ་ཆུའི་རིགས་རྒྱུན་དུ་འཐུང་བ། སྟབས་བདེའི་ཐུག་པ་དང་ཟ་མ་སོགས་རྒྱུན་དུ་བཟའ་བ་སོགས་ཀྱིས་ལུས་ཀྱི་ཟུངས་ཉམས་པར་བྱེད་པ་དང་། མཆིན་པ་དང་གློ་བ། མཁལ་མ་བཅས་པར་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད་པས་དེ་དག་ལ་དུག་ལྟར་འཛེམ་པ། སྣུམ་ནང་དུ་བརྔོས་པའི་ཟ་མ་དང་། ཚིལ་ཞགས་ཆེ་བའི་ཟ་མའི་རིགས་ཉུང་ཉུང་བཟའ་བ། རབ་ཡིན་ན་ཉིན་ལྟར་ཞོགས་པ་སྔ་མོར་ལངས་ནས་དུས་ཡུན་སྐར་མ་སུམ་ཅུའི་རིང་ཙམ་ལ་སྒོམ་རྒྱག་པའམ། ཡོ་གཱ་སྦྱོང་བ་ཡིན་ན་ལུས་སེམས་སྙོམས་སྒྲིག་གི་ནུས་པ་ཆེན་པོ་ཐོན་པ་ཡིན།
  ག   སྔོན་འགོག་སྨན་ཁབ།
  སྔོན་འགོག་སྨན་ཁབ་ཅི་ཞིག་ཡིན་རུང་། དེར་ནད་གཞི་སློང་མཁན་གྱི་ནད་འབུ་བླུག་ཡོད། དཔེར་ན་ཆམ་རིམས་སྔོན་འགོག་གི་ཁབ་ཡིན་ན་དེར་ལོ་དེའི་ཆམ་རིམས་བསྐྱེད་མཁན་གྱི་ནད་འབུ་བླུག་ཡོད་པ་རེད། ཚན་རིག་པ་དང་སྨན་པ་ཚོས་ཞིབ་འཇུག་བྱས་ནས་ད་ལོའི་ཆམ་རིམས་བསྐྱེད་མཁན་གྱི་ནད་འབུ་དེ་དཔེར་ན “ཁྱི”ཡིན་པར་སྔོན་དཔག་བྱས་པ་ཡིན་ན། ཁོ་ཚོས་ནད་འབུ“ཁྱི”ཁ་ཤས་ཤིག་གི་རྐང་ལག་གང་རུང་བཅག་ནས་སྔོན་འགོག་སྨན་ཁབ་དེར་བླུག་ནས་ཁྱོད་ཀྱི་ལུས་པོར་གཏོང་གི་ཡོད། དེ་ལྟར་བྱེད་དུས་ནད་འབུ“ཁྱི”དེ་དག་ལུས་པོའི་ནང་དུ་འབྱོར་དུས་ཁྱོད་ཀྱི་ལུས་པོའི་ཡམས་འགོག་མ་ལག་གམ་དབྱིན་ཡིག་ཏུ(immune system)ཟེར་བ་དེས་ནད་འབུ“ཁྱི”དེ་དག་ནད་འབུ་ཡིན་པ་ངོས་ཟིན་ནས་དེར་འཐབ་འཛིང་བྱེད་པ་དང་། ལུས་པའི་ཕྱིར་ཕུད་པ་རེད། ཡམས་འགོག་མ་ལག་ལ་སྦྱོང་བརྡར་དེ་སྤྲད་ཟིན་པས། རྗེས་སུ་ནད་འབུ“ཁྱི”ཡི་རིགས་འདི་ཕྱིའི་ཁོར་ཡུག་ནས་ཁྱོད་ལ་འགོ་དུས་ལམ་སེང་ལུས་ཀྱི་ཡམས་འགོག་མ་ལག་གིས་དེ་དག་ཕྱིར་བསྐྲད་པ་རེད། སྐབས་རེར་སྔོན་འགོག་ཁབ་བརྒྱབ་པ་དང་། ཚ་བ་འཕར་བ་དང་། ཐང་ཆད་པ་སོགས་ཀྱི་ཉམས་སྣང་འབྱུང་དོན་ནི། ཁྱོད་ཀྱི་ལུས་ཟུངས་སྐྱོ་དྲགས་པས། རྐང་ལག་བཅག་ནས་བཞག་ཡོད་པའི་ནད་འབུ“ཁྱི”དེ་དག་ལ་འཐབ་ན་ཡང་དཀའ་མོ་ཞིག་ཆགས་ཡོད་པ་མཚོན་པ་རེད།
  སྔོན་འགོག་སྨན་ཁབ་བརྒྱབས་ཀྱང་། དེས་ཁྱེད་རང་ལོ་དེའི་ཆམ་རིམས་ལས་ཐར་ཐུབ་པའི་ངེས་པ་མེད། དེ་ནི་སྔོན་དཔག་བྱས་ནས་བཟོས་པའི་སྔོན་འགོག་ཁབ་ནང་གི་ནད་འབུ“ཁྱི”དེ་དག་ལོ་དེར་འབྱུང་ངེས་པའི་རང་བྱུང་ཁོར་ཡུག་ནང་གི་ཆམ་རིམས་བསྐྱེད་མཁན་གྱི་ནད་འབུ“ཁྱི” དེ་དག་དང་ཡོངས་སུ་མཚུངས་པ་ཞིག་ཡོང་དཀའ་བས་རེད། དེ་བས། ལུས་སེམས་སྙོམས་སྒྲིག་གི་བདེ་ཐང་ལ་བསྟེན་ནས་སྔོན་འགོག་བྱ་རྒྱུ་ནི་སྨན་བཅོས་ལས་ཀྱང་ལྷག་པ་ཡིན་ནོ། །

 


འབྲེལ་ཡོད་འོས་སྦྱོར།