logo

བོད་ལུགས་གསོ་རིགས་ལས་བསྟན་པའི་དུས་བཞིའི་ཟས་སྤྱོད་བསྟེན་ཚུལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཁམས་པའི་གསར་འགྱུར་དྲ་བ། དུས་ཚོད།:2013-11-27 ཀློག་གྲངས།:
  དགུན་གྱི་དུས་སུ་གྲང་ཞིང་བསིལ་བའི་རང་བཞིན་གྱིས་ལུས་ཀྱི་སྟོབས་རབ་ཏུ་འཕེལ་ཏེ་བ་སྤུའི་སྒོ་རྣམས་ཟུམས་ནས་བཀག་པས་ནད་གྱི་མེ་དྲོད་ཕྱིར་མ་ཤོར་བ་དང་། ལྷག་པར་དུ་རླུང་མེ་མཉམ་གྱིས་ཀྱང་མེ་དྲོད་དེ་ཉིད་ཆེས་ཆེར་སྦར་བས་ཟས་སྐོམ་རྣམས་མྱུར་དུ་ཞུ་ཞིང་འཇུ་བས་ཟས་སྐོམ་ཉུང་བར་གྱུར་ན་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་སྐེམ་ཞིང་བྲི་བར་གྱུར། རྒྱུ་མཚན་དེའི་ཕྱིར་རོ་མངར་སྐྱུར་ལན་ཚྭ་གསུམ་ཤ་ཆེར་བསྟེན་དགོས་ཏེ་ཟས་ལ་ལུག་ཤ་བཟང་པོའི་ཁུ་བ་དང་མར་གསར་ཞུན་མར། བུ་རམ། ཆང་དང་འོ་མ་སོགས་ཁ་ཟས་སྣུམ་བཅུད་རིགས་བཟའ་བ་དང་གྲང་ངད་འགོག་ཕྱིར་སྤྱོད་ལམ་དུ་གཅན་གཟན་རི་དྭགས་དང་ལུག་སོགས་ཀྱི་པགས་པ་ལས་བཟོས་པའི་གོས་གྱོན་པ། ཏིལ་མར་སོགས་འབྲུ་མར་རིགས་ལུས་ཁམས་ལ་བྱུག་ཅིང་མཉེ་ལ་དྲིལ་ཕྱིས་བྱས་པ། མེ་ཉི་སོགས་ལུས་ཁམས་ཚད་རན་པར་བསྲོ་དགོས་སོ།།
  དཔྱིད་ཀྱི་དུས་སུ་ནི་ཉི་འོད་ཚ་མོས་དྲོས་པའི་སྟོབས་ཀྱིས་བ་སྤུའི་བུ་ག་རྣམས་ཀྱང་ཕྱེ་ནས་ནང་གི་མེ་དྲོད་ཕྱིར་ཤོར་ཏེ་ཕོ་བའི་མེ་དྲོད་ཉམས་པས་ན་བད་ཀན་གྱི་ནད་དེ་ཉིད་ལྡང་བར་བྱེད་པའི་དུས་ཡིན་པས། དེ་གནོན་པར་བྱེད་པའི་ཕྱིར་རོ་ཁ་ཚྭ་བསྐ་གསུམ་ཤས་ཆེ་བའི་ཤས་སྐོམ་བསྟེན་དགོས་པ་སྟེ། བྱ་རི་དྭགས་སྐམ་སར་གནས་པའི་སྲོག་ཆགས་ཀྱི་ཤ    སྦྲང་རྩི་དང་། ཆུ་སྐོལ་ཚ་མོ། ཐང་སོགས་ནུས་པ་ཡང་ལ་རྩུབ་པ་གཙོ་བོར་བསྟེན་ལ་སྤྱོད་ལམ་དུ་དྲོ་བའི་གནས་སུ་སྡོད་པ་དང་མེ་ཏོག་དང་ལྗོན་ཤིང་སྣ་ཚོགས་ཀྱིས་གང་བའི་སྐྱེད་ཚལ་གྱི་ཉི་གྲིབ་ལ་འདུག་དགོས་སོ། །
  དབྱར་དུས་ནི་ནམ་མཁའ་ལ་སྤྲིན་ནམ་ཆུའི་རྡུལ་ཆེན་པོ་འདུས་ནས་ཉི་འོད་མི་གསལ་ཞིང་ཆར་པ་བབས་པའི་ཆུ་ཡིས་ས་གཞི་རྣམས་བརླན་པར་གྱུར་བ་དང་། ཆུ་ཐིག་ཕྲ་མོའི་རྡུལ་དང་། ས་གཞི་རྣམས་ལས་རླངས་པ་ཐོན་པ། ཆུ་ཀླུང་སོགས་རྙོག་མ་ཅན་དུ་གྱུར་པས་ཕོ་བའི་མེ་དྲོད་ལ་གནོད་ཅིང་རླུང་ནང་ལྡང་བའི་དུས་ཡིན་པས་རོ་མངར་སྐྱུར་ལན་ཚྭ་སོགས་ཁ་ཟས་བསྟེན་ཞིང་ནུས་པ་ཡང་ལ་དྲོ་ཞིང་སྣུམ་གྱི་རིགས་བཟའ་དགོས་ཏེ་དཔེར་ན་སྐམ་སའི་འབྲུ་རྙིང་གི་ཟན་ཆང་ངམ་སྦྲང་ཆང་། ཤ་ཁུ་སོགས་དང་གནས་སའི་ཁང་པ་ཡང་བརླན་གཤེར་བསིལ་བའི་རེག་བྱ་དང་བྲལ་ཏེ་དྲོ་ཞིང་སྐམ་སའི་སར་གནས་པར་བྱ་དགོས་སོ།།
  སྟོན་དུས་ནི་ཉི་མའི་འོད་ཟེར་ཚ་བས་ལུས་ཡོངས་སུ་གདུངས་ཏེ་དབྱར་དུས་བསིལ་བས་མགོ་མནན་པའི་མཁྲིས་ནད་ལྡང་བར་གྱུར་པའི་དུས་ཡིན་པས་དེ་གསལ་བར་བྱེད་པའི་ཕྱིར་སྟོན་དུས་ཀྱི་སྐབས་སུ་རོ་མངར་བ་དང་། ཁ་བ། བསྐ་བ་བཅས་དང་ལྡན་པའི་ཟས་སྐམ་རིགས་བཟའ་དགོས་པ་སྟེ་དཔེན་བ་རའི་ཞོ་དང་། དར་བ། མར་གསར་། རི་དྭགས་དང་ར་ཤ་གསར་བ། དེ་བཞིན་གངས་དང་རྫས་ལས་བྱུང་བའི་ཆུ་བསིལ་བསྐོལ་གྲངས་བསྟེན་པ། ཤིང་གྲིབ་དང་ཆུ་འགྲམ་ལྟ་བུའི་བསིལ་སར་སྡོད་པ། ལུས་ཁམས་མི་འཁྲུག་པར་དལ་བར་གནས་དགོས་པ་བཅས་སོ། །

 


འབྲེལ་ཡོད་འོས་སྦྱོར།