logo

བུད་མེད་དང་བྱིས་པའི་རྒྱུན་མཐོང་འགོ་ནད།

རྩོམ་པ་པོ།:མིང་མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ་ལས་བཤུས། དུས་ཚོད།:2010-11-09 ཀློག་གྲངས།:

           མཐོ་སྒང་ས་ཁུལ་དུ་རྒྱུན་པར་མཐོང་བའི་འགོ་ནད་ནི།མཚན་མའི་འགོས་ཁྱབ་ནད་དང་།གྲོང་གསེབ་ཀྱི་ཆེས་རྒྱུན་མཐོང་གི་འགོ་ནད་གཉིས་ཡིན།
         གཅིག  མཚན་མའི་འགོས་ཁྱབ་ནད།
         མཚན་མའི་འགོས་ཁྱབ་ནད་ནི་མཐོ་སྒང་ས་ཁུལ་དུ་ཆེས་རྒྱུན་པར་མཐོང་ཐུབ་པའི་རེག་དུག་དང་གཅིན་ལམ་གཉན་ཚད་།རློན་འཛེར་དང་མཚན་འབྲུམ་སོགས་ཡིན།
         ཨེ་ཙི་ནད།ཨེ་ཙི་ནད་འགོ་བའི་ཐབས་ལམ་ནི་ཨ་མ་ལས་བྱིས་པར་འགོ་བ་དང་།ཁྲག་ལས་འགོ་བ།ལུས་འབྲེལ་ལས་འགོ་བ་བཅས་ཡིན།
        མཆིན་ཚད་ཁ་བ།མིག་སྔར་གྱི་ཞིབ་འཇུག་ལས་བདེན་དཔང་བྱས་པ་ལྟར་ན་མཆིན་ཚད་ཁ་བ་དེ་ཨ་མས་བྱིས་པར་འགོ་རུ་འཇུག་པ་དང་།ཁྲག་ལས་འགོ་བ།དེ་མིན་ད་རུང་ལུས་འབྲེལ་ལས་ཀྱང་འགོ་སྲིད་པ་ཡིན།
         གཉིས།ཞང་སྡེ་རུ་ཆེས་རྒྱུན་དུ་མཐོང་ཐུབ་པའི་འགོ་ནད།
        འདུས་འདྲིལ་གློ་གཅོང་ནད།རྒྱུན་མཐོང་གི་གློ་གཅོང་ནད་ནི་འདུས་འདྲིལ་འབུ་ཕྲས་བསླངས་བའི་དལ་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན།དེ་གཙོ་བོ་ནད་པ་དང་བདེ་ཐང་ཅན་གྱི་མིའི་བར་དུ་མཁའ་དབུགས་ཀྱིས་འགོ་བར་བྱེད་པ་དང་།གཞན་པའི་འགོ་སྟངས་ནི་འདུས་འདྲིལ་ནད་ཀྱིས་སླད་པའི་ཟས་རིགས་དང་།ཟས་སྣོད།གོན་པ།དཔེ་ཆ་དང་ཚགས་པར་སོགས་དངོས་རྗས་བརྒྱུད་ནས་འགོ་བར་བྱེད་པ་ཡིན།འོན་ཀྱང་བུ་རོགས་བརྒྱུད་ནས་མ་བུའི་བར་དུ་འགོ་བའང་ཡོད།
         འབུ་ཕྲ་རང་བཞིན་གྱི་རྒྱུ་གཟེར།འདི་ནི་ཆེས་རྒྱུན་དུ་མཐོང་ཐུབ་པའི་རྒྱུ་ལམ་གྱི་འགོ་ནད་ཅིག་ཡིན།ཚ་ལངས་བ་དང་གསུས་པ་གཟེར་བ།བཤལ་བ།ད་རུང་རྣག་དང་ཁྲག་བཤལ་བ་སོགས་ནི་འབུ་ཕྲ་རང་བཞིན་གྱི་རྒྱུ་གཟེར་གྱི་ནད་རྟགས་ཡིན།མྱུར་ལངས་དང་དལ་ལངས་རང་བཞིན་གྱི་ནད་པ་ནི་ནད་འདིའི་འགོ་ཁུངས་ཡིན།ནད་པའི་གཅིན་སྐྱག་གིས་ཟས་རིགས་དང་སྐོམ་ཆུ།ལག་པ་སོགས་ལ་འབག་བཙོག་བཟོས་པ་ལས་ཀྱང་ནད་འདི་འགོས་ཕོག་འབྱུང་གི་ཡོད་པ་རེད།
         མཆིན་ཚད།མཆིན་ཚད་ལ་རིགས་ལྔ་ཡོད།མིག་སྔས་མཐོ་སྒང་ས་ཁུལ་དུ་རྒྱུན་པར་མཐོང་ཐུབ་པ་ནི་མཆིན་ཚད་ཀ་བ་དང་ཁ་བ་གཉིས་ཡིན།མཆིན་ཚད་ཀ་བའི་འགོ་ལམ་གཙོ་བོ་ནི་གཅིན་སྐྱག་དང་ཁ་ནས་འགོ་བ་ཡིན་ལ།མཆིན་ཚད་ཀ་བ་བྱུང་རྗེས་ཀྱི་གཟའ་འཁོར་གཉིས་ནང་གཅིན་སྐྱག་བརྒྱུད་ནས་ནད་དུག་ཕྱིར་བཏང་སྟེ།ཆུ་དང་སྔོ་ཚོད།ཟས་རིགས།སྣོད་ཅ་ལག་སོགས་ལ་འབག་བཙོག་བཟོས་བ་ལས་འགོས་ཁྱབ་འབྱུང་བ་རེད།མཆིན་ཚད་ཁ་བ་ནི་འཇུ་ལམ་ནས་འགོ་བ་ལས་གཞན་ད་རུང་འགོ་ལམ་གཙོ་བོ་ནི་ཁྲག་ལས་འགོ་བ་དང་ཨ་མ་ལས་བྱིས་པར་འགོ་བ།ལུས་འབྲེལ་ལས་འགོ་བ་བཅས་ཡིན།
         གསུམ།རྒྱུན་མཐོང་གི་བུ་སྐྱེས་ཚན་ཁག་གི་མཉམ་བྱུང་ནད།
        དང་པོ།སྦྲུམ་ཆགས་སྐབས་ཀྱི་ཁྲག་ཤེད་མཐོ་བའི་རྟགས་འདུས་ནད།ནད་ཐོག་མངོན་ཚུལ་ནི་ཆུ་སྐྲངས་དང་།ཁྲག་ཤེད་མཐོ་བ་སོགས་ཡིན།རང་ཚོར་ནད་རྟགས་སུ་མགོ་བོ་ན་བ་དང་།མགོ་ཡུ་འཁོར་བ།མིག་འཁྲུལ་འབྱུང་བ།རྩ་འཁུམ་པ་དང་དབང་བོ་ཤོར་བ་བཅས་ཡིན།མང་ཤོས་མངལ་སྦྲུམ་ནས་གཟའ་འཁོར20ཡི་རྗེས་དང་མངལ་སྦྲུམ་པའི་དུས་མཇུག་ཏུ་འབྱུང་བ་ཡིན།ནད་འདི་མ་བུ་གཉིས་ལ་གནོད་འཚེ་ཤིན་ཏུ་ཆེ་བས།དུས་ལྟར་སྨན་ཁང་ལ་སོང་ནས་བརྟག་དཔྱད་དང་སྨན་ཁང་དུ་བསྡད་ནས་སྐྱེ་དགོས།
         གཉིས་པ།བྱིས་པ་བཙའ་དཀའ་བ།རྒྱུ་རྐྱེན་གཙོ་བོ་བུ་སྣོད་རྐྱོང་སྐུམ་རྒྱུན་ལྡན་མིན་པ་དང་།སྐྱེ་ལམ་རྒྱུན་ལྡན་མིན་པ།མངལ་གྱི་བྱིས་པ་རྒྱུན་ལྡན་མིན་པ་སོགས་ལྟ་བུ།གོང་གསལ་གྱི་གནད་དོན་ཡོད་ན་ངེས་པར་དུ་སྨན་ཁང་ལ་བསྡད་ནས་སྐྱེ་དགོས།
        གསུམ་པ།བུ་སྣོད་གས་རལ་བྱུང་བ།དེ་ནི་སྐྱེ་དཀའ་བ་དང་སྐྱེ་ཡུན་རིང་བ་ལས་བྱུང་བའི་ཚབས་ཆེ་བའི་མཉམ་བྱུང་ནད་ཅིག་རེད།བརྟག་བཅོས་དུས་ལྟར་མ་བྱས་ན་མ་བུ་འཆི་བའི་ཉེན་ཁ་ཡང་ཡོད།གལ་ཏེ་སྐྱེ་བསུ་པས་མ་བཙས་སྔོན་གྱི་བདེ་སྲུང་ནན་མོ་ཞིག་བྱེད་ཐུབ་པ་དང་།བཙའ་ཡུན་ལ་ཞིབ་ལྟ་ནན་མོ་བྱེད་ཐུབ་པ།ཡང་དག་པར་བཙའ་རུ་འཇུག་ཐུབ་པ་བཅས་བྱས་ན།བུ་སྣོད་གས་རལ་འབྱུང་བ་སྔོན་འགོག་བྱེད་ཐུབ།
         བཞི་བ།བང་ནང་དུ་མཚན་ལམ་ལ་འགོས་བཙོག་བྱུང་བ།དེ་ནི་བུ་རོགས་ཐོན་པ་ནས་སྐྱེས་རྗེས་ཀྱི་ཉིན42ཡི་ནང་དུ་སྐྱེ་ལམ་ལ་འགོས་བཙོག་བྱུང་བར་ཟེར།དེའི་རྒྱུ་རྐྱེན་ནི་ཁྲག་ཞན་པ་དང་།འཚོ་བཅུད་མི་འདང་བ།དལ་ལངས་ནད་ཀྱིས་སྐྱེས་མའི་རིམས་འགོག་ནུས་ཤུགས་ཉམས་ཞན་དུ་བཏང་བ།བཙའ་རན་པའི་དུས་སུ་ལུས་འབྲེལ་བྱུང་བ།སྐྱེ་ལམ་ཚ་ནད་བྱུང་བ།སྦྲུམ་སྐྱི་སྔ་གས་བྱུང་ནས་འགོ་ཆུའི་སྐྱི་ཁོག་ལ་འགོས་བཙོག་བྱུང་བ།ལག་པས་བུ་རོགས་བཙན་གྱིས་ལེན་པ།སྐྱེ་ལམ་ལ་རྨས་སྐྱོན་བྱུང་བ།བཙས་རྗེས་ཁྲག་བརྡོལ་བ་དང་བང་ནང་དུ་མཚན་མར་གཙང་སྦྲ་མ་བྱས་པ་སོགས་ཡིན།
        ལྔ།མངལ་སྦྲུམ་དུས་ཀྱི་མཉམ་བྱུང་སྙིང་ནད།དེ་ནི་བུ་སྐྱེས་ཚན་ཁག་གི་མཉམ་བྱུང་ནད་ཚབས་ཆེན་ཞིག་དང་།སྦྲུམ་མ་འཆི་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས།སྦྲུམ་དུས་ཀྱི་བདེ་སྲུང་ལ་ཤུགས་སྣོན་བྱེད་དགོས།སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་སྨན་བཅོས་བྱས་ཏེ།སྦྲུམ་དུས་ཀྱི་བདེ་སྲུང་དང་བྱིས་པ་སྐྱེ་བའི་གནས་བཀོད་སྒྲིག་འོས་འཚམ་བྱེད་དགོས།གལ་ཏེ་སྦྲུམ་མར་དབུགས་འཚང་བ་དང་།སྨིག་ཐིག་འབྱུང་བ།དབུགས་ཐུང་ལེན།ལུད་པར་ཁྲག་འདྲེས་པ་སོགས་བྱུང་ན་དུས་ལྟར་སྨན་པར་སྟོན་དགོས།
        དྲུག  བྱིས་པ་བཙས་རྗེས་ཁྲག་བརྡོལ་བ།དེ་ནི་བྱིས་པ་བཙས་རྗེས་ཀྱི་དུས་ཚོད24ཡི་ནང་དུ་ཁྲག་བརྡོལ་ཚད་ཧོ་ཧྲིན400ལས་བརྒལ་བ་ལ་ཟེར།དེ་ཡང་བཙས་རྗེས་ཀྱི་དུས་ཚོད་གཉིས་ནང་དུ་འབྱུང་བ་མང་ལ་སྦྲུམ་མ་འཆི་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།བཙས་རྗེས་ཁྲག་བརྡོལ་བའི་རྒྱུ་རྐྱེན་གཙོ་བོ་ནི།བུ་སྣོད་རྐྱོང་སྐུམ་ཞན་པ་དང་།སྐྱེ་ལམ་གྱི་སྐྱི་མོ་གས་སྐྱོན་བྱུང་བ།བུ་རོགས་ཀྱི་རྒྱུ་རྐྱེན་དང་ཁྲག་དཀག་བྱེད་ལས་ལ་གེགས་རྐྱེན་བྱུང་བ།བྱིས་པ་བཙས་ནས་དུས་ཚོད་སྐར་མ་སུམ་ཅུའི་ནང་དུ་བུ་རོགས་ད་རུང་མ་ཐོན་པར་ཁྲག་བརྡོལ་བ་བཅས་ཡིན་པས་དུས་ལྟར་སྨན་པར་བསྟེན་ནས་ཐག་གཅོད་དགོས།
        བཞི །ཆེས་རྒྱུན་མཐོང་གི་བྱིས་པའི་ནད།
         གཅིགགསར་སྐྱེས་བྱིས་པའི་དབུགས་སུབ་པ།དེ་ནི་མངལ་གནས་བྱིས་པར་དབྱང་རླུང་དཀོན་པའི་རྐྱེན་གྱིས་མངལ་ནང་དུ་དབུགས་འབྱིན་རྔུབ་ཉམས་པའི་མངོན་རྟགས་ཤིག་ཡིན།གསར་སྐྱེས་བྱིས་པའི་དབུགས་སུབ་པ་ནི་ཛ་དྲག་གི་སྣང་ཚུལ་ཞིག་ཡིན་པས།མྱུར་དུ་སྨན་བཅོས་དང་ཐག་གཅོད་ཡང་དག་བྱེད་དགོས།
         གཉིས།བྱིས་པའི་གློ་ཚད།ནད་འདི་ནི་ལོ་ཆུང་བྱིས་པའི་དུས་ཀྱི་རྒྱུན་མཐོང་དང་མང་དུ་འབྱུང་བའི་ནད་ཅིག་ཡིན།དུས་ཚིགས་ལ་ཁྱད་པར་མེད་པར་དབྱར་དགུན་སྟོན་དཔྱིད་གང་རུང་ལ་འབྱུང་བ་ཡིན།ནད་འདིའི་ནད་ཐོག་གི་མངོན་རྟགས་གཙོ་བོ་ནི་ཚ་ལངས་བ་དང་གློ་ལུ་བ།དབུགས་ལེན་དཀའ་བ་དང་ཁ་ཤ་སྔོ་ནག་ཏུ་འགྱུར་བ་སོགས་ཡིན།
        གསུམ།བྱིས་པའི་བཤལ་ནད།རྒྱུ་རྐྱེན་མི་འདྲ་བས་བསླངས་ཤིང་གསུས་པ་བཤལ་བ་གཙོ་བོ་ཡིན་པའི་ཕོ་བ་དང་རྒྱུ་མའི་བྱེད་ནུས་འཁྲུགས་པར་གྱུར་བའི་རྟགས་འདུས་ནད་ཅིག་ཡིན།ནད་འདི་བྱིས་པ་རློན་ནུ་དང་གསར་སྐྱེས་བྱིས་པའི་དུས་ཀྱི་རྒྱུན་མཐོང་ནད་ཅིག་ཀྱང་ཡིན།ནད་འདི་འབྱུང་བའི་ལོ་ཚོད་ནི་མང་ཤོས་ལོ2མན་ཡིན་ལ་ལོ་གཅིག་མན་གྱིས་ཕྱེད་ཀ་ཟིན་ཡོད།དེ་ཡང་ནད་འདི་བྱིས་པའི་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་བཟོ་བ་ཡིན་པས་ངེས་པར་དུ་མཐོང་ཆེན་བྱེད་དགོས།
         བཞི། འཚོ་བཅུད་མི་འདང་བ།དེ་ནི་དལ་བའི་རང་བཞིན་གྱི་འཚོ་བཅུད་མི་འདང་བའི་ནད་ཅིག་ཡིན།མང་ཆེ་བ་ལོ་གསུམ་མན་གྱི་བྱིས་པར་འབྱུང་བ་མང་ཞིང་།དེའི་མངོན་རྟགས་གཙོ་བོ་ནི་རིམ་བཞིན་ལུས་པོ་ཇེ་སྐམ་ཏུ་འགྲོ་བ་དང་།པགས་འོག་གི་ཤ་ཚིལ་ཉུང་དུ་སོང་ནས་ཆུ་སྐྲངས་འབྱུང་བ་ཡིན།རྒྱུན་དུ་དབང་བོ་སོ་སོ་ཚད་མི་འདྲ་བའི་བྱེད་ལས་འཁྲུགས་པར་འགྱུར་བ་ཞིག་ཡིན།དེ་མིན་ཟས་རིགས་གདམ་ག་བྱས་པ་འོས་འཚམ་མིན་པ་སོགས་ལས་གཞན་པའི་ནད་རིགས་ཀྱང་བསྐྱེད་སྲིད།
         ལྔ། རྒྱུ་གཟེར།དེ་ནི་རྒྱུན་མཐོང་གི་རྒྱུ་མའི་འགོ་ནད་ཅིག་ཡིན།ནད་འབྱུང་བ་མྱུར་ཞིང་།ཇེ་སྡུག་ལ་འགྲོ་ཚད་མགྱོགས་པ།ནད་གཞི་ལྕི་བ།འཆི་ཚད་མཐོ་བའི་ནད་ཅིག་ཀྱང་ཡིན།སྔ་མོ་ནས་ནད་ངོས་འཛིན་དང་དུས་ལྟར་མྱུར་སྐྱོབ་སྨན་བཅོས་བྱས་ན།འཆི་ཚད་མངོན་གསལ་དུ་ཇེ་དམར་གཏོང་ཐུབ།གཉོམ་ལག་རྒྱས་པའི་བྱིས་པ་ལོ2ནས་7བར་ལ་འབྱུང་བ་མང་།
        དྲུག  མྱུར་བའི་རང་བཞིན་གྱི་དུག་ཕོག་པ།མྱུར་བའི་རང་བཞིན་གྱི་དུག་ཕོག་པ་ནི་བྱིས་པའི་ཚན་ཁག་གི་རྒྱུན་མཐོང་གི་ནད་ཅིག་ཡིན།དུག་དངོས་མི་ལུས་ལ་ཞུགས་པའི་ལམ་གཙོ་བོ་ནི་འཇུ་བྱེད་མ་ལག་ཡིན།དུག་རྫས་འགའ་ཞིག་ཤ་པགས་ལ་བརྟེན་ནས་བསྡུ་ལེན་བྱེད་པའང་ཡོད།དུག་རྫས་ཉུང་ཤས་ཤིག་དབུགས་ལམ་བརྒྱུད་ནས་རྔུབ་པའང་ཡོད།
        བདུན། འགྲམ་རྨེན་གཉན་ཚད།འགྲམ་རྨེན་གཉན་ཚད་ཀྱི་ནད་ཐོག་མངོན་ཚུལ་ནི་འགྲམ་རྨེན་རྣག་པ་མ་ཡིན་པར་སྐྲངས་བ་དང་།ན་ཟུག་འབྱུང་བ་དེ་ཡིན།ནད་འདི་བྱིས་པར་འབྱུང་བ་མང་ཞིང་།འགོ་ལམ་གཙོ་བོ་ནི་ནད་དུག་ཡོད་མཁན་གྱིས་ཧབ་སྦྲིད་རྒྱག་པ་དང་གློ་ལུ་བ།མཆིལ་མས་བསླད་པའི་ཟས་རིགས་དང་ཟས་སྣོད་སོགས་དང་ཡང་ན་ཁ་ནང་ནས་འགོས་ཁྱབ་བྱུང་བ་ཡིན།
          བརྒྱད།བྱིས་པའི་ཁྲག་ཞན་པ།རྒྱུ་རྐྱེན་གཙོ་བོ་ནི་ཁྲག་གི་མ་ལག་གི་ནད་རིགས་དང་།འཚོ་བཅུད་མི་འདང་བའི་ཁྲག་ཞན་པ།ཁྲག་ཤོར་རང་བཞིན་གྱི་ཁྲག་ཞན་པ་བཅས་གསུམ་ཡོད།མངོན་རྟགས་གཙོ་བོ་འཚར་སྐྱེ་དལ་བ་དང་།ངོ་མདངས་དང་སོ།སེན་མོ་བཅས་སྐྱ་བོར་འགྱུར་བ་དང་།ཐང་ཆད་པ།ཟས་ཀྱི་ཡི་ག་ཞན་པ།རིག་སྟོབས་ཇེ་ཞན་ཏུ་འགྱུར་བ་སོགས་ཀྱི་ནད་རྟགས་ཡོད།
         དགུ།སིབ་ནད།དེ་ནི་སིབ་བུའི་ནད་དུག་གིས་བསླངས་བའི་མྱུར་ལངས་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན།ནད་ཐོག་མངོན་ཚུལ་ནི་ཚ་ལངས་བ་དང་དབུགས་ལམ་གྱི་འབྱར་སྐྱི་དང་རྒྱུ་མའི་འབྱར་སྐྱི།འགྲམ་པའི་ནང་སྐྱི་བཅས་ལ་ཚབས་ཆེ་བའི་འབྲུམ་ཐིག་འབྱུང་ཞིང་།ལུས་ཡོངས་ཀྱི་ཤ་པགས་ལ་དམར་འབྲུམ་འབྱུང་བ་དང་།འབྲུམ་ཐིག་ཡལ་རྗེས་སྨུག་མདོག་གི་རྨ་ཤུལ་དང་པགས་ཤུ་ལུས་ཤིང་།རྒྱུན་དུ་གློ་བའི་ཚ་ནད་མཉམ་དུ་འབྱུང་བ་དེ་འདྲ་ཞིག་ཡིན།ནད་འདི་བྱིས་པའི་བདེ་ཐང་ལ་གནོད་འཚེ་ཧ་ཅང་ཆེ་ཞིང་ཟླ་བརྒྱད་ཡན་གྱི་བྱིས་པར་འབྱུང་བ་མང་།
        ལྔ། རྒྱུན་མཐོང་མོ་ནད།
         གཅིག  མཚན་ཕྱི་ཚ་ནད།དེ་ནི་བུད་མེད་ཀྱི་ཕྱིའི་མཚན་མར་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བསྐྱེད་པའི་ཚ་ནད་ཅིག་སྟེ།གྲང་བ་དཀར་པོ་ཇེ་མང་དུ་སོང་བ་དང་།གཅིན་པའི་ཕོག་ཐུག་བྱུང་བ།ཟླ་མཚན་སྐབས་སུ་འཕྲོད་བསྟེན་ཤོག་བུས་ཕོག་ཐུག་གཏོང་བ།འབུ་ཕྲས་འགོས་བཙོག་བྱུང་བ།གཅིན་སྙི་ཟ་ཁུའི་ནད་པ་བཅས་ལ་མཚན་ཕྱི་ཚ་ནད་འབྱུང་སྲིད།
         གཉིས། སྐྱེ་ལམ་ཚ་ནད།དེ་ནི་ཕྱི་རོལ་གྱི་ནད་འབུ་ཕྲ་མོ་སྐྱེ་ལམ་ལ་ཞུགས་ཤིང་།མི་ལུས་ནང་གི་མོ་རྩིའི་ཟགས་ཚད་ཇེ་དམར་སོང་དུས།སྐྱེ་ལམ་གྱི་རང་འགོག་ནུས་པར་གཏོར་བརླག་ཐེབས་པ་ལ་བརྟེན་ནས་བྱུང་བའི་སྐྱེ་ལམ་ཚ་ནད་ཅིག་རེད།རྒྱུན་མཐོང་གི་སྐྱེ་ལམ་ཚ་ནད་ནི།འབུ་ཕྲའི་རང་བཞིན་གྱི་སྐྱེ་ལམ་ཚ་ནད་དང་།རྒས་པའི་རང་བཞིན་གྱི་སྐྱེ་ལམ་ཚ་ནད་སོགས་ཡིན།
        གསུམ། མངལ་སྐེའི་ཚ་ནད།མངལ་སྐེ་ནི་སྐྱེ་འཕེལ་དབང་བོར་འགོས་བཙོག་འབྱུང་བ་འགོག་པའི་འགོག་མཚམས་གལ་ཆེན་ཞིག་ཡིན།འོན་ཀྱང་མངལ་སྐེར་གནོད་སྐྱོན་དང་ཕོག་ཐུག་གཏོང་སྐབས་གཉན་ཚད་རྒྱས་སྲིད།མངལ་སྐེའི་ཚ་ནད་ལ་དལ་ལངས་དང་མྱུར་ལངས་རང་བཞིན་གྱི་རྟགས་གཉིས་ཡོད།
         བཞི། དལ་ལངས་རང་བཞིན་གྱི་ཚང་སྒམ་ཚ་ནད།དེ་ནི་འབུ་ཕྲ་སྣ་ཚོགས་ཀྱིས་བསྐྱེད་པ་ཡིན་ཞིང་།བྱིས་པ་བཙས་རྗེས་དང་མངལ་ཤོར་རྗེས།མངལ་ནང་གཤག་བཅོས་བྱས་རྗེས།ཟླ་མཚན་དུས་སུ་གཙང་སྦྲ་མི་ལེགས་པ།ཚང་སྒམ་གྱི་ཉེ་འཁོར་ལ་འགོས་བཙོག་བྱུང་བ།དལ་ལངས་རང་བཞིན་གྱི་ཚང་སྒམ་ཚ་ནད་གློ་བུར་དུ་འཕར་བ་སོགས་ཀྱིས་བསླངས་སྲིད།
        ལྔ། མངལ་ཤོར་བ།དེ་ནི་མངལ་སྦྲུམ་ནས་གཟའ་འཁོར་28སྔོན་དུ་བཙས་བ་དང་།བྱིས་པའི་ལྗིད་ཚད་ཁེ1000མི་ལོངས་བ་ལ་ཟེར་ཞིང་།གཟའ་འཁོར་12སྔོན་དུ་མངལ་ཤོར་བ་ལ་མངལ་སྔ་ཤོར་ཟེར་བ་དང་།གཟའ་འཁོར་12ནས་28ནང་མངལ་ཤོར་བ་ལ་མངལ་འཕྱི་ཤོར་ཟེར།མངལ་ཤོར་བར་རང་ཤུགས་སུ་ཤོར་བ་དང་མིའི་ཐབས་ཀྱིས་ཤོར་དུ་བཅུག་པ་གཉིས་ཡོད།
        དྲུག  མངལ་སྐེའི་འབྲས་སྐྲན།དེ་ནི་བུད་མེད་ཀྱི་རྒྱུན་མཐོང་གི་འབྲས་སྐྲན་ཅིག་ཡིན་ཞིང་།ལོ་བཞི་བཅུ་ཡན་གྱི་བུད་མེད་ལ་འབྱུང་བ་མང་།ཉེ་ལམ་མངལ་སྐེའི་འབྲས་སྐྲན་བྱུང་བའི་ལོ་ཚོད་དེ་ལོ་ཆུང་བའི་ཕྱོགས་སུ་འཕེལ་བཞིན་ཡོད།རང་རྒྱལ་ནི་མངལ་སྐེའི་འབྲས་སྐྲན་བྱུང་ཚད་མཐོ་བའི་ས་ཁུལ་ཞིག་ཡིན་ལ།རྒྱུ་རྐྱེན་གང་ཡིན་མི་གསལ་བ་རེད།ཕྱི་ཚུལ་གྱི་མངོན་རྟགས་ལྟར་ན།ནད་དེ་བྱུང་བ་ཕལ་ཆེར་བྱིས་པ་སྔ་སྐྱེས་དང་།སྔ་སྨིན།མང་སྐྱེས།མངལ་སྐེ་རུལ་སླད་དང་གས་སྐྱོན་བྱུང་བ།དལ་ལངས་རང་བཞིན་གྱི་ཚ་ནད་གྱིས་ཡུན་རིང་ལ་ཕོག་ཐུག་བཏང་བ་སོགས་དང་འབྲེལ་བ་ཡོད།
        བདུན།བུ་སྣོད་ཤ་སྐྲན།དེ་ནི་བུ་སྣོད་དུ་བྱུང་བའི་ཤ་སྐྲན་ཞིག་ཡིན་ཞིང་།བུད་མེད་ལ་རྒྱུན་དུ་མཐོང་བའི་སྐྲན་རིགས་ཞིག་ཡིན།ལོ་30ནས50བར་གྱི་བུད་མེད་ལ་འབྱུང་བ་མང་།ནད་པའི་བརྒྱ་ཆའི20ནས་25ལ་བུ་སྣོད་ཤ་སྐྲན་ཡོད་པ་རེད།ནད་པ་མང་ཆེ་བར་ནད་རྟགས་མེད་ལ་དེའི་ནང་གི་ཁག་ཅིག་ལ་ནད་རྟགས་ཡོད་པས་སྨན་བཅོས་བྱེད་དགོས།
        བརྒྱད།མངལ་མི་ཆགས་པའི་ནད།གཉེན་སྒྲིག་བྱས་ནས་ལོ་གཉིས་ཡན་འགོར་ཞིང་།སྦྲུམ་འགོག་གི་བྱེད་ཐབས་གང་ཡང་མ་སྤྱད་པར་མངལ་མི་ཆགས་པ་དེ་ལ་མངལ་མི་ཆགས་པའི་ནད་ཟེར།མངལ་མི་ཆགས་པའི་རྒྱུ་རྐྱེན་ལྟར་དེ་ལ་བལྟོས་བཅས་ཀྱི་མངལ་མི་ཆགས་པ་དང་བལྟོས་མེད་ཀྱི་མངལ་མི་ཆགས་པ་གཉིས་སུ་དབྱེ་ཆོག
        བུད་མེད་ཚོས་རྒྱུན་དུ་དོ་སྣང་བྱེད་དགོས་པའི་དོན་ཚན་འགའ།
        གཅིག རྐེད་པ་ན་བ།ཚིགས་འཆུས་པའམ་ཡང་ན་མཁལ་གཅོང་སོགས་ལས་གཞན།རྐེད་པ་ན་བ་དེ་ནི་ལྒང་བུའི་གཉན་ཚད་དམ་ཡང་ན་མོ་ནད་གཞན་པ་དག་དང་འབྲེལ་བ་ཡོད་པ་ཡིན་པས།གལ་ཏེ་རྐེད་པ་ན་བའི་སྣང་ཚུལ་བྱུང་རྗེས།དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་ཁྲག་དང་གཅིན་ལ་ཞིབ་བཤེར་བྱེད་པ་ལས་གཞན།ད་རུང་ཕྲ་མཐོང་ཆེ་ཤེལ་འོག་ནས་ལྒང་བུར་ཞིབ་བཤེར་བྱེད་དགོས།རྐེད་པ་ན་བའི་དུས་སྐབས་སུ་ཆུ་ཁོལ་མང་པོ་འཐུང་བ་དང་།ཁ་ཚ་བ་དང་མངར་རྒྱུ་འདུས་བའི་བཟའ་བཏུང་གི་རིགས་གཏན་ནས་ཟ་མི་རུང་ཞིང་།རབ་ཡིན་ན་གཉན་འཇོམས་གསོ་བཅོས་བྱེད་ཐབས་སྤྱད་ནས་གསོ་བཅོས་བྱས་ན་བཟང་།
         གཉིས། མགོ་ཡུ་འཁོར་བ།མགོ་ཡུ་འཁོར་བའི་སྣང་ཚུལ་བྱུང་ཚེ་ཐོག་མར་ཁྲག་ཤེད་རྒྱུན་ལྡན་ཡིན་མིན་ལ་ཞིབ་བཤེར་བྱེད་དགོས།དེ་ཡང་མི་རྒན་གཞོན་དར་གསུམ་གང་རུང་ལ་ཁྲག་ཤེད་མཐོ་བའི་ནད་ཕོག་སླ་ཞིང་།བུད་མེད་རྣམས་ལ་ལོ་35ནས་40ཡས་མས་སུ་ཁྲག་ཤེད་མཐོ་བའི་ནད་ཕོག་སླ་བས།བཟའ་བཏུང་གི་སྤྱོད་སྟངས་ལ་སྙོམ་སྒྲིག་བྱེད་རྒྱུ་ནི་ནམ་རྒྱུན་བདེ་སྲུང་གི་བྱ་བ་གལ་ཆེན་ཞིག་ཡིན་པར་མ་ཟད།ད་རུང་ཚད་དང་མཐུན་པའི་སྒོ་ནས་ལུས་རྩལ་སྦྱོང་བརྡར་བྱས་ན།ལུས་ཕུང་གི་བདེ་ཐང་ལ་ཕན་ནུས་ཆེན་པོ་ཐོན་ཐུབ།
        གསུམ། མིག་ཟུང་སྐྲངས་ཞིང་མིག་མཐའ་ནག་པོར་གྱུར་བ།མིག་ཟུང་སྐྲངས་ཞིང་མིག་མཐའ་ནག་པོར་གྱུར་བ་ནི་ཡུན་རིང་ལ་ངལ་དུབ་བྱུང་བ་ལས་བསླངས་བ་ཡིན་པར་འདོད་མོད།འོན་ཀྱང་གལ་ཏེ་དུས་རྒྱུན་དུ་ཆུ་སྐྲངས་གི་སྣང་ཚུལ་སོགས་བྱུང་ཚེ།ངེས་པར་དུ་སྨན་ཁང་ལ་སོང་ནས་མཁལ་མར་ཞིབ་བཤེར་ནན་མོ་བྱེད་དགོས།སྡོམ་རྩིས་བྱས་པ་ལྟར་ན།བུད་མེད་རྣམས་ལ་མཁལ་མའི་རྡོ་སྐྲན་ཕོག་ཚད་དེ་སྐྱེས་པ་ལས་ལྡབ་གཅིག་ལྷག་གིས་མཐོ་བ་རེད།
        བཞི། རྔུལ་ཆུ་སྔོན་ཆད་ལས་ཇེ་མང་དུ་འགྲོ་བ།གལ་ཏེ་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་རྔུལ་ཆུའི་བཞུར་ཚད་ནམ་རྒྱུན་ལས་མང་ཚེ།དེ་ནི་ཁྲག་རྩར་སྐྱོན་བྱུང་བ་ལས་བསླངས་བ་ཡིན་པས།གལ་ཏེ་སྤྱིར་བཏང་གི་ལྷོད་འཇགས་སྨན་འཐུང་ན་ཡང་གསོ་བཅོས་ཀྱི་ནུས་པ་མ་ཐོན་ཚེ།ངེས་པར་དུ་སྨན་ཁང་ལ་སོང་ནས་གསོ་བཅོས་བཟང་བོ་བྱེད་དགོས།
        ལྔ། རྐང་བ་སྐྲངས་བ།དུས་རྒྱུན་དུ་རྐང་བ་སྐྲངས་ཤིང་སྐབས་རེར་ཚོར་བ་ཉམས་ཚེ།དེ་ནི་དལ་ལངས་རང་བཞིན་གྱི་སྡོད་རྩ་ཉམས་པའི་རྟགས་ཡིན་པས།ནམ་རྒྱུན་དུ་སྔོ་ཚོད་མང་པོ་ཟ་བ་དང་ཞོར་དུ་རྐང་བར་གནོན་འཕུར་བྱས་ཏེ་བདེ་སྲུང་བྱེད་དགོས།
         དྲུག  རྐང་ལག་ལ་རྩ་འཐེན་འབྱུང་བ།དུས་རྒྱུན་དུ་རྐང་ལག་ལ་རྩ་འཐེན་བྱུང་ཚེ།མི་ལུས་ལ་འཚོ་བཅུད་ཀལ་སོགས་དཀོན་ཏེ་རུས་པའི་སྲ་ཚད་དང་ཤ་གནད་ཀྱི་སྐུམ་འཐེན་ལ་གནོད་སྐྱོན་ཐེབས་པའི་རྟགས་ཡིན་པས།ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ང་ཚོས་ངེས་པར་དུ་འོ་ཟས་དང་སྲོག་ཆགས་ཀྱི་མཆིན་པ།མཚོ་ཐོན་དངོས་རྫས་གསར་བ་སོགས་མང་དུ་ཟ་དགོས།
         བདུན། དུས་རྒྱུན་དུ་ཁ་སྐོམ་ཞིང་གཅིན་མང་བ།དུས་རྒྱུན་དུ་ཁ་སྐོམ་ཞིང་གཅིན་མང་བར་མ་ཟད།ད་རུང་ལུས་ཀྱི་ལྗིད་ཚད་ཀྱང་ཉིན་རེ་ནས་ཉིན་རེར་ཇེ་ཡང་ཡིན་ཚེ།ངེས་པར་དུ་སྨན་ཁང་ལ་སོང་ནས་གཅིན་སྙི་ཟ་ཁུའི་ནད་ཕོག་ཡོད་མེད་ལ་ཞིབ་བཤེར་ནན་མོ་བྱེད་དགོས།
         བརྒྱད། སྐྲ་མང་བོར་ལྷུང་བ།སྤྱིར་བཏང་གི་གནས་ཚུལ་འོག་ཏུ་འདི་ནི་སེམས་ཁམས་ཀྱི་གནོན་ཤུགས་ཆེ་བའམ།ཡང་ན་ཚད་ལྡན་མིན་པའི་བཟའ་བཏུང་གི་སྤྱོད་སྟངས་དང་ནད་རིགས་གཞན་ཞིག་ལས་བསླངས་པ་ཡིན་པར་འདོད་པས།ངེས་པར་དུ་རྒྱུ་རྐྱེན་ངོ་མ་བཙལ་ནས་གསོ་བཅོས་བྱེད་པ་ལས་གང་འདོད་ལྟར་གསོ་བཅོས་བྱེད་མི་རུང་།།


འབྲེལ་ཡོད་འོས་སྦྱོར།