དུས་རྐྱེན་སྤང་ཞིང་བསྲུང་ན་ནད་མི་འབྱུང་བའི་ཚུལ།
དགུན་དུས་མེ་དྲོད་ཀྱི་སྟོབས་ཆེར་ལྡན་པས་ཟས་སྐོམ་འགྲངས་པར་བསྟེན་པ་དང་། རོ་མངར་སྐྱུར་ལན་ཚའི་རིགས་བསྟེན་ནས་ཟས་སྐོམ་གྱིས་མེ་དྲོད་ཀྱི་ཁམས་དམད་པར་བྱ་དགོས་བ་དང་། དཔྱིད་དུས་བད་ཀན་ལྡང་བའི་དུས་ལ་བབས་པའི་དབང་གིས་གཉེན་པོའི་ཟས་སྐོམ་གྱི་རོ་ཁ་ཚ་བསྐ་བ་བཅས་བསྟེན་པ་དང་། ལུས་དྲོ་བའི་གནས་སུ་རྩོལ་བ་བཅག་སྟེ་འདུག སོས་ཀའི་དུས་སུ་ལུས་ཟུངས་ཀྱི་སྟོབས་ཧ་ཅང་ཞན་པའི་སྒང་ཡིན་པས་ཟས་སྐོམ་རོ་མངར་ཞིང་ནུས་པ་ཡང་སྣུམ་བསིལ་བ་བཅས་ཀྱི་རིགས་བསྟེན་པ་དང་། ཆུ་བསིལ་བས་ལུས་ཁམས་ཡང་ཡང་བཀྲུ་བར་བྱ། དབྱར་གྱི་དུས་སུ་ཕོ་བའི་མེ་དྲོད་ལ་གནོད་པས་ཟས་སྐོམ་རོ་མངར་སྐྱུར་ལན་ཚ་དང་། ནུས་པ་ཡང་དྲོ་སྣུམ་པའི་རིགས་བཟའ་ཞིང་དྲོ་པའི་གནས་སུ་སྡོད་པར་བྱའོ། ། སྟོན་གྱི་དུས་སུ་མཁྲིས་པ་ལྡང་བར་བྱེད་པའི་དུས་ལ་བབས་པའི་དབང་གིས་དེ་བསལ་བར་བྱེད་པའི་གཉེན་པོའི་ཟས་སྐོམ་གྱི་རོ་མངར་ཁ་བསྐ་བ་བསྟེན་པ་དང་། གནས་བསིལ་བར་དལ་བར་འདུག་པར་བྱའོ། །