གཅོང་ཆེན་སྐྲན་ནད་བཅོས་ཐབས།
གཅོང་ཆེན་སྐྲན་ནད་བཅོས་ཐབས་ལ་སྨན་དང་དཔྱད་པ་དང་ཟས་དང་སྤྱོད་ལམ་བཞིས་བཅོས་དགོས་པས་སྨན་ནི་ཚྭ་བསྲེགས་རྡོ་རྗེ་ཕ་ལམ་སྟེ། ཚ་བསྲེགས་ནག་ཚུར་རྒོད་བཏུལ། མགྲོན་ཐལ་བྱང་བུལ། ཡ་བཀྵར་སྟར་བུ་ཟེ་ཚྭ་ཨ་རུ་རྣམས་སྔ་མ་ཆ་བསྐྱེད་ནས་སྦྱར་བ་དང་། ཟ་བྱེད་རིལ་བུ་དང་། ཁྱུང་ལྔ་ལ་མགྲོན་ཐལ་བསྣན་པ་འདི་རྣམས་སྐྲན་རིགས་ཀུན་ལ་ཟབ་བོ། །ཚ་སྐྲན་ལ་ལྷན་ཐབས་ཏིག་ཏ་དགུ་བ། མཁྲིས་སྐྲན་ལ་སྔ་མ་དག་གི་སྟེང་དུ་ག་བུར་ནག་པོ་བསྣན་པ། མ་ཞུ་ཟས་སྐྲན་ལ་སེ་འབྲུ་བཞི་བའི་སྟེང་ལ་བཅའ་སྒ་དང་མགྲོན་ཐལ་བསྣན་པ་དང་མངོན་སུམ་མེ་འདྲའི་སྦྱོར་བ་ལྟག་པ་སྤྲད་ནས་བཏང་། ཡང་ན་སེ་འབྲུ་དྲུག་པ་དང་ཅོང་ཞི་འཕྲུལ་ཐལ་བསྟེན། གྲང་སྐྲན་ལ་ཚ་བསྲེགས་སྦྱོར་བའི་སྟེང་དུ་སེ་འབྲུ་རྡོ་ཞུན་པི་པི་ལིང་བསྣན། སྣོད་ཀྱིས་མཁྲིས་སྐྲན་ལས་ནད་དུ་གསུངས་མོད་ཀྱང་། མི་དང་ཕག་བྲུན་ནུས་བསྲེགས་ཐལ་བ་དང་། ཚ་ལ། དོམ་མཁྲིས། ཏིག་ཏ། དུག་མོ་ཉུང་། མགྲོན་བུའི་ཐལ་བ། སེ་འབྲུ་རྣམས་སྦྱར་ལ་བཏང་། སྙིགས་མ་མ་ཞུའི་ཟས་སྐྲན་དང་བེ་སྣབས་ཚོགས་པའི་ལྷེན་སྐྲན་དྭངས་མ་མ་ཞུ་བའི་རྡོ་སྐྲན་སོགས་ལ་མངོན་སུམ་མེ་འདྲའི་སྦྱོར་བ་དང་། ཐུན་གསུམ་རིལ་བུ་དང་། བི་ཥ་བཅོ་བརྒྱད་རིལ་བུ་སོགས་བཏང་ནས་རྗེས་སུ་བཤལ་གྱིས་སྦྱངས་པར་བྱ། འདི་དག་གསར་བའི་དུས་སུ་རྡོ་སོགས་ཀྱིས་མཉེ་ན་ཡང་ཕན་པ་ཡོད་དོ། །མངལ་སྐྲན་ལ་ཕྱི་རྒྱུད་ཐུན་གསུམ་རིལ་བུ། ཞི་བྱེད་བཅུ་གཅིག གསེར་མདོག་བཅུ་གཅིག་དང་སྐྲན་སྨན་ལྟག་པ་སྤྲད་ལ་བཏང་། དཀར་བོ་དྲུག་སྦྱོར་ལ་མགྲོན་ཐལ་ཆ་མཉམ་སྦྱར་བ་དང་བདུད་རྩི་སུམ་སྦྱོར་ལ་རྡོ་ཐལ་དང་སྟར་བུའི་ཁཎྚ་བསྣན་པས་སྐྲན་རིགས་ཀུན་ལ་འགྲོ། སྨུག་པའི་ཁྲག་སྐྲན་ལ་སྟར་བུ་མ་ནུ་འུ་སུ་རྒྱམ་ཚྭ་སྟེ་སྟར་བུ་བཞི་བ། ཡང་ན་ཚྭ་བསྲེགས་སྦྱོར་བ་དང་སེ་འབྲུ་ལྔ་བ་ལྟག་པ་སྤྲད་ལ་བཏང་།
དཔྱད་ནི་རང་རང་གི་གསང་རྣམས་སུ་མེ་བཙའ་གདབ་པར་བྱ་ཞིང་། དེ་ཡང་ཐོག་མ་ནས་སྐྲན་གྱི་སྟེང་དུ་མེ་བཙའ་གདབ་ན་འབྱམས་ནས་བཅོས་སུ་མེད་པར་འགྲོ་བས་མི་རུང་ལ། སྐྲན་གྱི་ཕྱི་ནས་མཚོན་རེ་ཙམ་གྱི་ཕྱིའི་ཕྱོགས་བཞི་ལ་མེ་བཙའ་གདབ། རིམ་པས་ནང་དུ་བཅར་ནས་གང་འོས་སུ་གདབ། མེ་བཙའ་གདབ་ལུགས་དེ་ཝ་བ་ལའང་འདྲའོ། །ཕོ་སྐྲན་སོགས་ཚབས་ཆེ་ན་ཕོ་སྐྲན་གྱི་གསང་ནས་ཕྱོགས་བཞིར་མཚོན་གང་གི་ས་དང་དབུས་ཏེ་ལྔ་ཚོམ་དུ་མེ་བཙའ་གདབ་པ་སོགས་རིག་པས་འཕྲུལ་ཤེས་པར་བྱའོ། །
ཟས་ནི་ཧ་ཅང་འགྲངས་པ་དང་ལྟོགས་པར་མི་བྱ་བར་རན་པ་ལ་བསྟེན་པར་བྱའོ། །
སྤྱོད་ལམ་ནི་དྲག་ཤུལ་གྱི་ལས་སྤངས་ནས་བསིལ་དྲོད་སྙོམས་པར་བྱ་དགོས་སོ། །