logo

༄༅།།པྲོག་གསར་གློ་ཚད་ཀྱི་གསོ་ཚུལ་དཔྱོད་གླེང་།

རྩོམ་པ་པོ།:བསམ་འགྲུབ་རྒྱལ། ཡོང་ཁུངས།:མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སྤྱི་སྟེགས། དུས་ཚོད།:2020-02-26 ཀློག་གྲངས།:
པྲོག་གསར་གློ་ཚད་ཅེས་པའི་ནད་འདི་བོད་ཀྱི་གསོ་བ་རིག་པའི་རིགས་ལམ་ལྟར་གསོ་བཅོས་བྱ་ཚུལ་ལེགས་པར་བགྲོ་བའི་ཕྱིར་དུ། ཐེངས་འདིའི་ཆེད་མཁས་བགྲོ་གླེང་ལ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་གཞོན་པ། ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན། དགེ་རྒན་ཆེན་མོ་བསམ་འགྲུབ་རྒྱལ་ལགས་ཀྱིས་སྤེལ་བའི་རྩོམ་ཐུང་འདི་ཇི་བཞིན་བཀོད་ཡོད།
པྲོག་གསར་གློ་ཚད་ཀྱི་གསོ་ཚུལ་དཔྱོད་གླེང་།
དེ་ཡང་རྒྱུད་དུ། ནད་ལ་གསོ་ཐབས་དཔག་ཏུ་མེད་མོད་ཀྱང་། །གསོ་ཚུལ་མེད་ན་མུན་པར་མདའ་འཕེན་འདྲ། །ཞེས་གསུངས་པ་ལྟར་ནད་རིགས་གང་ཡང་རྒྱུ་རྐྱེན་མཚན་ཉིད་སོགས་ལ་བརྟག་ནས་ངོས་ཟིན་པའི་རྗེས་སུ་གསོ་ཚུལ་ཁ་གསལ་ལ་ལག་ལེན་དུ་སྤྱོད་བདེ་བ་ཞིག་གཏན་འཁེལ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས་པས། འདིར་རྒྱུད་དང་ཉམས་ཡིག་དག་ལས་གཉན་རིམས་གསོ་ཚུལ་གྱི་དགོངས་པ་རྣམས་ད་ཐེངས་བྱུང་བའི་པྲོག་གསར་གློ་ཚད་ཀྱི་རྒྱུ་རྐྱེན་དང་རྟགས་སོགས་ལ་གཞིགས་ན་སྦྱོར་རུང་གི་ཁྱད་ཆོས་མང་དུ་མཐོང་བས་ཕྲན་གྱི་བསམ་ཚུལ་འགའ་བརྗོད་པར་བྱ་བ་ལ།
གཅིག རིམས་ནད་སྤྱིའི་གསོ་ཚུལ།
སྤྱིར་རིམས་ལ་བབས་ས་གནས་དང་རིམ་པ་དུས། ནད་གཞི་རིགས་སོགས་ཀྱིས་དབྱེ་བ་མང་དུ་ཡོད་པར་གསུངས་པ་ལས་གསོ་ཚུལ་ཀྱང་མི་འདྲ་བ་སོ་སོར་ཡིན་པ་སྨོས་མ་དགོས། དེས་ན་རིམས་ཚད་སྤྱིའི་གསོ་ཚུལ་ལ་མན་རྒྱུད་རིམས་ཀྱི་ཚ་བ་བལ་ནད་བཅོས་པའི་ལེའུའི་མཇུག་ཏུ། རིམས་ཚད་དང་པོ་མ་སྨིན་སྙན་གསན་འབེབས། །བར་དུ་ཚ་བ་སྨིན་རྒྱས་གཞི་ལ་གནོན། །ཐ་མར་གཞུག་རྒྱན་ཐོར་བུའི་ཞབས་ཏོག་བྱེད། །ཅེས་གསུངས་པ་ལྟར་མགྲོན་པོ་བསུ་བའི་སྔ་གཞུག་གི་བྱ་བ་དང་དཔེ་སྦྱར་ནས་གསུངས་པ་སྟེ། ཐོག་མར་རིམས་ཚད་མ་སྨིན་པ་སྨིན་པར་བྱ་བ་ལ་མགྲོན་པོར་སྙན་གསན་འབེབས་པ་སྟེ་མགྲོན་དུ་འབོད་པ་ལྟར་བྱ་བ་དང་། བར་དུ་ཚ་བ་སྨིན་ཅིང་རྒྱས་པ་གསོད་པའི་ཐབས་ལ་མགྲོན་པོ་གཞི་ལ་གནོན་པ་སྟེ་གཞི་རུ་བཀུག་པ་ལྟར་དང་། ཐ་མ་རི་ཐང་མཚམས་སུ་ཐོར་བུའི་རླུང་སྐྱེས་ཏེ་སྟོངས་ཚད་དུ་གྱུར་ན་ཐོར་བུའི་རླུང་སྣ་གླན་པ་ལ་མགྲོན་པོར་གཞུག་རྒྱན་དུ་ཞབས་ཏོག་ཞུ་བའི་ཚུལ་དུ་གསོ་དགོས་པར་བསྟན་ཏེ། འདིའི་ཐད་དུ་སྐྱེམ་པས། མདོར་ན་རིམས་ཚད་བཅོས་པའི་ཚུལ་ལམ་དམིགས་རྣམ་ནི། དང་པོ་མ་སྨིན་པའི་དུས་སུ་སྔ་དྲོན་ཚུད་པ་མགྲོན་ལ་སྙན་གསན་འབེབ་པ་ལྟར་བྱ། བར་དུ་ཚ་བ་སྨིན་ཅིང་རྒྱས་དུས་གཉེན་པོས་ཀུན་ལ་ཁྱབ་པ་མགྲོན་ལ་གཞི་གནོན་པའམ་གཞི་བཟུང་བ་ལྟར་བྱ། ཐ་མ་གཞུག་རྒྱན་ཐོར་བུ་སེལ་བའི་ཐབས་ཀྱིས་མགྲོན་ལ་ཞབས་ཏོག་བྱེད་པ་ལྟར་དགོས་པའི་་་་་ཞེས་གསུངས་པ་འདི་དག་རིམས་ཚད་ཀྱི་སྤྱིའི་གསོ་ཚུལ་དུ་ངེས་སོ།།
གཉིས། ཁྱད་པར་གཉན་རིམས་གསོ་ཚུལ།
བྱེ་བྲག་གཉན་རིམས་གསོ་བའི་ཚུལ་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་དེ། མན་རྒྱུད་རིམས་ཚད་གསོ་བའི་ལེའུའི་གཉན་རིམས་བཅོས་པའི་ཐད་དུ། སྤྱི་བཅོས་དང་པོ་རྩ་ཡི་འབྲོས་འཕྲང་བསྡམ། །གཉིས་པ་གཉེན་པོ་སྦྱར་བས་བསད་པ་དང་། །གསུམ་པར་རོ་དབྱུང་བཞི་པས་ནད་ལྷག་བསལ། །ཞེས་གསུངས་པ་ལྟར་རིམ་པ་བཞིན་དུ། 
༡ རྩ་ཡི་འབྲོས་འཕྲང་བསྡམ་པ།
ཐོག་མར་གཉན་འདི་རྩ་དང་དོན་སྣོད་སོགས་ལ་མི་བྱེར་བའི་ཕྱིར་མཆེད་ལམ་འགོག་དགོས་ཏེ། རང་རེའི་རྒྱུད་གཞུང་དུ་རྩ་སྒོ་སྡོམ་པ་ལ་མི་དོམ་གྱི་མཁྲིས་པ་དང་གླ་རྩི་བཅས་པ་ལོ་བརྒྱད་དྲི་ཆུར་སྦྱངས་པ་ཁོང་དུ་བཏང་བའམ་ཡང་ན་སྨིན་བྱེད་ཀྱི་ཐང་དང་ལྟག་སྤྲོད་བྱེད་པ་དང་། སྡུད་སྒོ་མཚོགས་གསང་སོགས་རླུང་སྒོ་རྣམས་སུ་མེ་བཙས་བསྡམ་པ་གཉིས་གསུངས་ལ། ཉམས་ཡིག་ཁག་ཏུ་ཡང་མེ་བཙའི་བཅོས་ལུགས་མང་དུ་གསུངས་པ་ལྟར་པྲོག་གསར་གློ་ཚད་ལྟ་བུ་ལ་མཚོན་ནའང་ནད་ཐོག་ཏུ་ནད་བབས་ལྕི་ཡང་དང་ནད་ཚབས་ཆེ་ཆུང་སྣ་ཚོགས་སྣང་བས་གསོ་ཚུལ་ཀྱང་མི་འདྲ་བར་སྤྱོད་དགོས་ཏེ་ཐོག་མར་རྩ་སྒོ་སྡོམ་པ་འདི་གལ་ཆེ་བར་སེམས།
༢ གཉེན་པོས་བསད་པ། 
དེ་ནས་གཉན་གྱི་གཉེན་པོ་བསྟེན་ཏེ་གཉན་གསོད་པ་འདི་གལ་ཆེ་བར་གདམས་པ་ནི། དེའུ་དམར་བའི་དུས་ནད་ནག་པོ་སུམ་དྲིལ་གྱི་བཅོས་ཐབས་བདུད་རྩིའི་བུམ་སྙིང་དུ། དང་པོ་གཉན་གྱི་རི་བོ་བསྙིལ། །བར་དུ་ཚད་པའི་མེ་དབལ་གསོད། །ཐ་མ་རླུང་ལ་ཟས་སྤྱོད་བརྔན། །ཞེས་གསུངས་པ་ལྟར་ཐོག་མར་གཉན་གསོད་དགོས་ཏེ་རྒྱུད་དུ། གཉེན་པོ་འཛིན་པ་བོང་ངའི་མེ་ཏོག་དང་། །ལྷོག་དུག་ཨ་རུ་ཤ་ཆེན་ཆ་ཡིས་བསྐྱེད། །དྲི་ཆུའི་རིལ་བུ་སྲན་ཙམ་ཐེངས་འགའ་བཏང་། །ལྕི་རྔུལ་ཕྱི་ཚད་ཆེ་ན་སོད་པའི་རྟགས། །ཞེས་གཉེན་པོའི་སྦྱོར་བ་འདི་ལས་མ་གསུངས་མོད། གཞན་ཉམས་ཡིག་རྣམས་སུ་གཉེན་པོའི་སྦྱོར་བ་མང་དུ་གསུངས་ཡོད་པ་དག་གིས་ཀྱང་ནད་འདི་གཉན་དང་བསྡོངས་ཡོད་པས་གཉན་གསོད་པ་གཙོ་བོར་འཛིན་དགོས་པ་དང་། གཉན་མ་བསད་པར་ཚད་པའི་གཉེན་པོ་བསྟེན་མི་རུང་བ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གདམས་ཡོད་དེ། མན་རྒྱུད་རིམས་ཚད་གསོ་བའི་ལེའུར། ཚ་ཡང་ག་བུར་སྲོག་རླུང་ལྡོག་ཕྱིར་སྤང་། །གཉན་མ་སོད་པར་གཏར་དང་དཀར་མངར་སྤང་། །ཞེས་དང་། དེ་དང་མཚུངས་པར་འཁྲུགས་ཚད་གསོ་བའི་ལེའུར། གཉན་མ་སོད་པར་ག་བུར་གཏར་ག་སྤང་། །དཀར་དང་མངར་བག་མི་བཏང་དུག་དང་མཚུངས། །ཞེས་དང་། དེའུ་དམར་བའི་གདུག་པའི་ནད་ངན་ཏྲེ་ཏྲེ་ཧོ་བཅོས་པའི་གདམས་པ་ཐིངས་གསོས་ཟླ་བའི་ཐིགས་པ་རུ། འོན་ཀྱང་དུས་འདིར་གཉན་བཙན་པས། །གཉན་གྱི་རི་བོ་མ་བསྙིལ་བར། །གཏར་དང་ག་པུར་ག་ལ་རུང་། །ཞེས་གསུངས་པས་གཉན་མ་སོད་པར་ག་བུར་དང་གཏར་ག་བྱས་ན་ལོག་སྐྱོན་ཚབས་ཆེ་བ་འབྱུང་བར་གདམས་པ་འདི་དག་པྲོག་གསར་གློ་ཚད་ཀྱི་གསོ་ཚུལ་གཏན་ལ་དབབ་པར་རིན་ཐང་བྲལ་བའི་གཞུང་ལུགས་ཀྱི་རྒྱབ་བརྟེན་དུ་ཅིས་མི་རུང་།
༣ ནད་རོ་དབྱུང་བ། 
གསུམ་པ་ནད་རོ་དབྱུང་བའི་དམིགས་བསལ་གསོ་ཚུལ་ནི་མན་རྒྱུད་འཁྲུགས་ཚད་བཅོས་པའི་ལེའུར། གཉན་གཟེར་ཆུ་སེར་དྲི་མར་བཅས་པའི་ཕྱིར། །གཉེན་པོས་བསད་ཅིང་རྗེས་ལ་སྦྱང་བ་གཅེས། །ཞེས་གསུངས་པ་ལ་སྐྱེམ་པས། གཉན་གཟེར་ནི་ཆུ་སེར་ལ་བབས་ཤིང་། དྲི་མར་བཅས་པའི་སྒྲ་དྲི་མ་གསུམ་གྱི་བཤང་པ་ལའང་བབ་པས་དེའི་ཕྱིར་གཉན་གཉེན་པོས་བསད་པའི་རྗེས་དྲི་མ་དང་བཅས་དབྱུང་བས་བཤལ་གྱིས་སྦྱང་བ་ཞེས་སོ། །ཞེས་གསུངས་པ་དང་། གཉན་རིམས་བཅོས་པའི་ཐད་དུའང་གཟེར་བཤལ་གྱི་སྨན་སྦྱོར་འདི་ཁོ་ན་ཡང་དང་བསྐྱར་དུ་གཏོང་དགོས་པར་གསུངས་ཏེ། གཟེར་བཤལ་ནི་གཉན་གཟེར་དུ་བསྟན་པའི་གཉེན་པོ་ལྔ་སྦྱོར་རོ། །ཞེས་སྐྱེམ་འགྲེལ་དུ་གསུངས་ལ། འཁྲུགས་ཚད་ཀྱི་གཉན་གཟེར་ཐུང་བཅོས་པའི་ཐད་དུ། དེ་ནས་གཟེར་སྨན་གཉེན་པོ་ལྔ་སྦྱོར་གྱི། །དྲི་ཆུ་སྦྱར་ཏེ་ཐུན་སྐྱུང་ཡང་ཡང་བཏང་། །ཞེས་པའི་གཉེན་པོ་ལྔ་སྦྱོར་ནི་རྒྱུད་རང་གི་མཆན་དུ། ཐར་ནུ་ཆུ་རྩ་ར་དུག་མེ་ཏོག་ཨ་བྱག་ཤ་ཆེན་་་ཞེས་འབྱུང་ལ། སྐྱེམ་པས། གཉེན་པོ་ལྔ་སྦྱོར་ནི། གཡུ་ཐོག་པའི་ལེན་པོད་ཆུང་དུ། གཙོ་བོ་ཨ་བྱག་ཤ་ཆེན་དང་། །ཐར་ནུ་ཆུ་རྩ་འཛིམ་པ་ལྔ། །ཞེས་གསུངས་པ་ལྟར་པྲོག་གསར་གློ་ཚད་ཀྱི་ངོ་བོ་ཡང་དེ་ལས་མ་འདས་པས་གཟེར་བཤལ་དང་གཉན་བཤལ་གྱི་སྦྱོར་བའི་རིགས་ནད་བབས་དང་སྦྱར་ནས་གང་ལ་དེ་འཚམ་གྱིས་བེད་སྤྱོད་བྱས་ན་ཕན་པར་ངེས་པ་གདོན་མི་ཟའོ། །
༤ ནད་ལྷག་བསལ་བ།
གཉན་བཅོམ་པ་དང་ནད་རོ་སྦྱང་བའི་རྗེས་སུ་ད་དུང་ཚད་རོ་ལྷག་མ་ཡོད་ན་བསལ་བར་བྱ་དགོས་ཏེ།    རྒྱུད་དུ་གི་ཝང་གཙོར་བྱས་པའི་ཕྱེ་མའི་སྦྱོར་བ་དུས་བཞིར་གཏོང་བ་དང་། འབྲས་ཐུག་དང་ཡོས་ཐུག བསྐོལ་གྲང་། ཆུ་གྲོག་ལྟ་བུ་ཡང་ཞིང་འཇུ་སླ་བའི་ཟས་སྐོམ་རིགས་བསྟེན་དགོས་པར་གསུངས་པ་དང་། ཉམས་ཡིག་རྣམས་སུ་མཇུག་ཏུ་ཐོར་བུའི་རླུང་སྐྱེས་ན་རླུང་ལ་བརྔན་པ་སྟེར་དགོས་པའི་ཚུལ་ཀྱང་གསུངས་ཡོད་པས་ན། རྟགས་དང་ཉམས་སྟོབས་སོགས་ལ་གཞིགས་ནས་དེ་འཚམ་གྱི་གསོ་ཐབས་བསྟེན་དགོས་སོ། །
གསུམ། མཇུག་གི་གཏམ།
མདོར་ན་འགའ་ཞིག་ནད་རིམས་གསར་པ་ཞིག་བྱུང་བའི་ཚེ་ནད་འདི་བོད་ཀྱི་གསོ་རིག་ནང་དུ་ཡོད་དམ་མེད། བོད་སྨན་གྱིས་གསོ་ཐུབ་བམ་མི་ཐུབ་ལ་སོགས་པའི་དོགས་པ་མང་པོ་ཞིག་སེམས་ལ་འཁོར་འོང་བ་དང་། འགའ་ཞིག་ཅི་བྱ་གཏོལ་མེད་དུ་འགྲོ་བ་དང་རང་ཚུགས་མི་ཟིན་པའི་གནས་ཚུལ་འབྱུང་བཞིན་པ་ལྟ་བུ་རེད། འོན་ཀྱང་ཟས་སྤྱོད་མི་འཚམ་པར་བསྟེན་པ་དང་། དུས་དམན་ལྷག་ལོག་པ། གདོན་གྱིས་གཙེས་པ་ཅི་རིགས་ཀྱིས་ནད་རིགས་གསར་པ་འབྱུང་ངེས་པ་ནི་སྨོས་མ་དགོས་ལ། བྱུང་ན་དེ་དག་རྒྱུ་རྐྱེན་མཚན་ཉིད་སོགས་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་དཔྱད་པ་གཏོང་དགོས་ཏེ། བཤད་རྒྱུད་གསོ་བྱེད་ཐབས་སུ། རྒྱུ་རྐྱེན་ཡུལ་དུས་རང་བཞིན་ན་ཚོད་དང་། །ནད་ཁམས་གནས་དང་མེ་དྲོད་ཉམས་སྟོབས་དང་། །གོམས་པ་འདི་བཅུས་ཕྲ་མོ་ཡན་ཆད་བརྟག །ཅེས་དང་། བཤད་རྒྱུད་དུ། དང་པོ་ནད་འཁྲུགས་སྣ་ཚོགས་ཚུལ་ཅན་གྱིས། །གྲངས་མེད་གྱུར་པས་ལུས་ཉིད་གཟིར་གྱུར་པ། །དེ་རྒྱུ་རེ་རེར་བསྟན་པར་མི་ནུས་པས། །དེ་བས་ནད་ཀུན་སྤྱི་རྒྱུ་བརྗོད་པ་ནི། །ཞེས་དང་། ནད་ཀྱི་དབྱེ་བ་སྟོན་པའི་སྐབས་སུ་ཡང་། རྣམ་པའི་སྒོ་ནས་དཔག་ཏུ་མེད་པར་དབྱེ། །ཉེས་པ་གནོད་བྱ་ཉི་ཤུ་རྩ་ལྔ་ལ། །རྐྱང་པ་ལྡན་འདུས་དུ་མའི་རིགས་འབྱུང་བས། །གྲངས་དང་མིང་གི་ངེས་བསྟན་ཡོད་མ་ཡིན། །ཞེས་དང་། འོན་ཀྱང་ཉེས་པ་གསུམ་ལས་ནད་མི་འདའ། །གནོད་བྱ་བཅུ་ལས་ནད་ཀྱི་གནས་མི་འདའ། །ཞེས་སོགས་སྡོམ་དང་གཏན་ཚིགས་ཀྱི་རང་བཞིན་ལྡན་པའི་མན་ངག་གི་གནད་རྣམས་ཡིད་ལ་དྲན་པར་བྱས་ཏེ། གསོ་བ་ལ་འཇུག་པའི་ཚེ་ནའང་སྤྱིའི་ཁ་ཕྱོགས་མ་ནོར་བར་བྱ་བ་ལ་མཇུག་དོན་དུ། རླུང་མཁྲིས་བད་ཀན་གསུམ་གྱིས་སྤྱི་ཁོག་ཕུག །རང་རང་ནད་ཀྱི་གསོ་ཐབས་མདེ་ཁར་ཐོགས། །ཞེས་གསུངས་པ་དང་། བྱེ་བྲག་རིམས་གསོ་བར་བྱ་བ་ལ་ཡང་མན་རྒྱུད་ཚ་བ་སྤྱི་གསོ་བའི་སྐབས་སུ། དུས་གདོན་གཉིས་ཀྱིས་མ་བསྐྱེད་རིམས་མི་འབྱུང་། །ཞེས་དང་། མ་སྨིན་ཚ་བ་གསོ་བའི་ལེའུར། དེ་ལྟར་མ་སྨིན་པ་ཡི་ཚ་བ་དེ། །ཚ་བ་ཀུན་གྱི་ཐོག་མར་འབྱུང་བ་སྟེ། །ཁྱད་པར་རིམས་ལ་མ་སྨིན་ཤས་ཆེར་འབྱུང་། །ཞེས་དང་། རིམས་ཚད་གསོ་བའི་ལེའུར། མ་སྨིན་རི་ཐང་མཚམས་གཉིས་རིམས་ལ་གཅེས། །ཞེས་དང་། མཇུག་དོན་དུ། རིམས་ལ་མ་སྨིན་སྟོངས་ཚད་གཅེས་པར་ཟུངས། །ཞེས་པ་ལ་སོགས་པའི་རིམས་ཀྱི་མཚན་ཉིད་ལ་དམིགས་ནས་གསོ་ཚུལ་གྱི་ཐབས་ཤེས་གནད་དུ་ཐིངས་པ་གསུངས་པ་དག་ཡིད་ལ་ངེས་པར་བྱས་ཏེ། ཐོག་མར་མ་སྨིན་པའི་རྟགས་ཡོད་ན་སྨིན་པར་བྱ་དགོས་པ་དང་། གལ་ཏེ་སྨིན་པའམ་སྨིན་ལོང་མེད་པའི་དུས་སུ་དེ་མཐུན་གྱི་བཅོས་ཀ་བསྟེན་དགོས་ཏེ། ཀོང་སྤྲུལ་ཟིན་ཏིག་ཏུ། དོན་ལ་བབས་པའི་གཟེར་ཐུང་ལ་ཐོག་མར་ཐང་ཆེན་བརྒྱད་པ་བཏང་། ཨ་བྱག་དྲུག་པའི་གྲང་ཐང་སྐབས་སུ་བླུད། ནངས་ནུབ་དམར་པོ་རྟ་ཟི་བཏང་དགོས་ཀྱང་སྨིན་དུས་སྒུག་ལོང་ཆེར་མེད་པས་སྲོ་མ་རྟ་རིའི་བཤལ་བཏང་བ་ལེགས། ཞེས་གསུངས་པ་ལྟར་གོང་དུ་བསྟན་པའི་རྒྱུ་རྐྱེན་ཡུལ་དུས་ན་ཚོད་ནད་ཁམས་ཉམས་སྟོབས་སོགས་ལ་གཞིགས་ནས་གསོ་ཚུལ་འོས་ཤིང་འཚམ་པ་དང་། འཕྲུལ་ཤེས་པ། གནད་ལ་འཁེལ་བ་ཞིག་གཏན་ལ་ཕབ་པ་ཡིན་ན། དེ་མཐུན་གྱི་གཉེན་པོ་བཏང་ན་ཕྱིན་ཅི་ལོག་ཏུ་འགྱུར་མི་སྲིད་དེ། མཇུག་དོན་དུ། རང་གིས་སྲུང་བའི་དམ་ཚིག་མ་ཐུབ་པར། །རིམས་འགོས་དྲང་སྲོང་བཀའ་ལ་ཡིད་མི་ཆེས། །གཞུང་བཞིན་སྤྱོད་དང་བསླུས་ན་ང་རང་ཤེས། །ཞེས་ཞལ་རླངས་ཀྱི་དྲི་མ་ཡལ་བའི་བསླབ་བྱ་འདི་དག་དྲན་པར་རིགས་ཏེ། ད་ཐེངས་བྱུང་བའི་པྲོག་གསར་གློ་ཚད་ཀྱི་རྒྱུ་རྐྱེན་མཚན་ཉིད་སོགས་ལ་བལྟས་ན་རང་རེའི་གསོ་རིག་ཏུ་གསུངས་པའི་གཉན་རིམས་ཀྱི་ཁོངས་སུ་གཏོགས་པས་ན། རྒྱུད་དང་ཉམས་ཡིག་དག་ཏུ་གསུངས་པའི་གཉན་རིམས་སྤྱིའི་གསོ་ཚུལ་གྱི་རིམ་པ་འདི་པྲོག་གསར་གློ་ཚད་ལའང་སྤྱོད་རུང་བར་འདོད་པས་ལས་འདི་ལ་སྤྲོ་བ་རྣམས་ཀྱིས་བསམ་གཞིག་གནང་རོགས་ཞུ། །
སྨྲས་པ། རྒྱུད་དང་མཁས་པའི་ཉམས་ཡིག་ལས་གསུངས་པའི། །གཉན་རིམས་གསོ་ཚུལ་གནད་ཀྱི་མན་ངག་རྣམས། །རྣམ་འབྱེད་ཤེས་རབ་རྩལ་གྱིས་འཕྲུལ་ཤེས་ན། །གདུག་པའི་རིམས་གསར་འཇོམས་བྱེད་གམ་ན་ཡོད། །
འབྲེལ་ཡོད་འོས་སྦྱོར།