logo

༄༅།།གཞི་རིམ་སྨན་པའི་མོ་ནད་བརྟག་ཐབས་ཀྱི་ལྟ་ཚུལ་ཐན་ཐུན།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:ཨ་རུ་ར་འཕྲིན་སྟེགས། དུས་ཚོད།:2021-10-27 ཀློག་གྲངས།:
༄༅།།གཞི་རིམ་སྨན་པའི་མོ་ནད་བརྟག་ཐབས་ཀྱི་ལྟ་ཚུལ་ཐན་ཐུན།
ཧྲོང་བོ་ཚེ་བརྟན་རྒྱལ།

        དེ་ཡང་རང་ཉིད་ལོ་ན་ཉི་ཤུ་ལྷག་ཅིག་ལ་གཞི་རིམ་རྫོང་བོད་སྨན་ཁང་གི་སྨན་པ་བྱས་པའི་གོ་རིམ་ཁྲོད་དུ་བུད་མེད་ཀྱི་མོ་ནད་མང་པོར་བརྟག་ཞིབ་གསོ་བཅོས་བྱས་པའི་ཉམས་མྱོང་དང་འབྲེལ་ནས། རོང་འབྲོག་ས་ཁུལ་གྱི་བུད་མེད་རྣམས་ཀྱི་མོ་ནད་ལ་སྨན་པས་བརྟག་དཔྱད་ངོས་འཛིན་བྱེད་དུས་ནད་ངོས་གཞན་དྲང་མི་འཇོག་པ་ཞིག་གི་གདེང་ཐོབ་ཆེད། ངེས་པར་དུ་མཉམ་འཇོག་དང་གཟབ་ནན་བྱེད་དགོས་པའི་དོན་ཚན་འགའ་འདུག་སྙམ་པ་གཤམ་ནས། རང་གི་མྱོང་བ་ལྟར་རེ་རེ་བཞིན་བརྗོད་པར་བྱའོ། །
དང་པོ། བུད་མེད་རེ་རེ་བཞིན་གོ་རིམ་ལྟར་ནད་རྟགས་འདྲི་དགོས།
        ང་ཚོས་མཚོན་པའི་གཞི་རིམ་གྱི་སྨན་ཁང་དག་ཏུ་ནད་པར་བརྟག་དུས།ནད་པ་མང་པོ་ཞིག་ལྷན་དུ་འཚུབ་སེ་སྨན་པའི་གཞུང་ལས་ཁང་དུ་འཚང་ཡོང་བ་རེད། ང་རང་གི་གཞུང་ལས་ཁང་ལྟ་བུའི་ཁང་མིག་ཆུང་ཆུང་ཞིག་ཏུ་མི་ཉི་ཤུ་ཙམ་མཉམ་དུ་ཐོན་ཚེ་ཁ་གང་འགྲོ་བས། མང་པོར་འདུག་སྟེགས་མེད་པར་འགྲེངས་ཏེ་སྡོད་དགོས་པ་རེད། དེ་ལྟ་བུའི་ཁང་མིག་ཆུང་ཆུང་མི་མང་པོ་ཞིག་གི་ཁྲོད་ནས། རོང་འབྲོག་ཁུལ་གྱི་བུད་མེད་གཉོམ་ཆུང་མངོན་ཆུང་ཞིག་ལ་མོའི་མོ་ནད་ཀྱི་གནས་ཚུལ་འདྲི་རྒྱུ་ནི་ཧ་ཅང་ཧ་ཅང་གི་གྱོང་གུད་ཅིག་ཡིན་ཏེ། རྒྱུ་མཚན་ནི། མི་མང་པོས་མིག་ཅེར་ཅེར་དང་རྣ་ཅོར་ཅོར་བྱས་ནས་ཉན་བསྡད་ཡོད་པས།དེ་དག་ལ་ངོ་ཚ་བ་དང་འཛེམས་དོགས། དངངས་འཚབ། ལྟ་སྤྱོད་བཅས་ཀྱི་དབང་གིས་མངལ་ལམ་ཟ་འཕྲུག་དང་གྲང་དཀར་འཛགས་པ་ལྟ་བུ་ཡིན་ན་ཡང་། སྨན་ཁང་ལས་སྒོར་ཐོན་རྗེས་གཞན་གྱིས་ཀུ་རེ་རྩེད་པའམ། ཡང་ན་བུད་མེད་དེའི་ན་ཚ་དེ་འདྲ་འདུག་ཅེས་མི་མང་པོར་སྒྲོག་པར་དོགས་པ། གང་ལྟར་སྒྲ་སྙན་རྡུང་ལེན་གྱི་གླུ་ཚིག་ཅིག་ཏུ། ངའི་ཕ་ཡུལ་ལུང་པ་ཆུང་ཆུང་ཞིག །དེའི་ནང་ན་མི་ཁ་ཆེན་པོ་ཞིག །ཅེས་པ་བཞིན་གླིང་མི་ཁ་དང་ངོ་ཚ་ལ་འཛེམས་ནས། ནད་རྟགས་གསལ་པོར་མི་བཤད་པར་མཁལ་མ་ཚང་ར་ན་གི་ཞེས་སྤྱི་རྟགས་ཁ་མི་གསལ་བ། རྟ་གྲོ་གྲོ་གི་སྤུ་དང་ལུག་མོག་མོག་གི་བལ་ལྟ་བུ་ཞིག་ལབ་པ་རེད། གཞི་རིམ་གྱི་བོད་མོ་ཚོ་ངོ་ཚ་གནོངས་ཚུལ་ག་འདྲ་འདུག་ཟེར་ན། སྔོན་དུས་ཨ་མདོ་མགོ་ལོག་གི་གླུ་བ་ཟླ་བྷེ་ཟེར་བས། དགུ་ཚིག་ཅེས་ལ་གཞས་དམར་རྗེན་དག་དག་བླངས་པའི་སྟབས་ཀྱིས།ངའི་ཕ་ཡུལ་འབྲོག་ཁུལ་སོགས་སུ་རང་གི་སྲིང་མོའི་གམ་དུ་གླུ་བ་ཟླ་བྷེ་ཞེས་ན་ཟླ་བྷེ་ཡི་མིང་གོ་བ་ཙམ་གྱིས། ཨ་ཕའི་སྔོན་ནས་བུ་མོའི་དོར་མའི་ཁ་ཐིག་ཤོར་ནས་དོར་མ་སར་ལྷུང་བ་ལྟ་བུའི་ངོ་ཚ་གི་འདུག་ཅེས་མི་མང་པོས་གླེང་བཞིན་པ་ལྟར་རེད། དེ་ལྟ་བུའི་ངོ་ཚ་བར་དགའ་བའི་བུད་མེད་དག་གིས་མི་མང་གི་ཁྲོད་ནས། མོའི་མཚན་མར་ཟ་འཕྲུག་འདུག་ཅེས་པ་ལྟ་བུའི་ནད་རྟགས་ཤིག་གང་བཤད་ཕོད་དམ། སྨྲ་མི་ཕོད་པ་རེད། དེས་ན་མཁལ་མ་ཚང་ར་ན་གི་ཟེར་བ་ཙམ་གྱིས་ནད་རྟགས་ངོས་འཛིན་གང་ནས་ཐུབ། ལག་འཇུ་མ་སྔ་ནད་ཀྱི་སྐད་ལ་དྲིས། །ཞེས་པ་དེ། གཞུང་བཞིན་སྤྱོད་དང་བསླུས་ན་ང་རང་ཤེས། །ཞེས་པའི་གདམས་ངག་ལས་མ་འདས་པ་སྨོས་ཅི་དགོས། ང་རང་ཡང་ལོ་ན་ཉི་ཤུ་ལྷག་ལ་ནད་ཐོག་སྨན་པ་བྱས་པའི་མྱོང་བར་གཞིགས་ན་ཡང་། ནད་པར་ནད་རྟགས་ཞིབ་ཅིང་ཕྲ་བ་ཞིག་འདྲི་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། དེ་མ་གཏོགས་རྩ་ཆུ་གཉིས་ལའང་རང་ཉིད་ཉམས་མྱོང་ཞན་པས། ན་ཚ་མང་པོ་ཞིག་ཁ་དམར་གདགས་མི་ནུས་པ་རེད། དེས་མ་ཚད་དེང་རབས་གློག་ཆས་ཀྱིས་ཀྱང་ངོས་མི་ཟིན་པའི་ནད་མང་པོ་མཆིས་པ་རེད། དེ་འདྲའི་གལ་ཆེན་གྱི་ནད་རྟགས་ཤིག་མི་མང་པོའི་གསེབ་ཏུ་འདྲི་བ་ནི་ཆག་སྒོ་ཡིན་པའི་དབང་གིས། ང་ཚོས་ད་ནས་བཟུང་རོང་འབྲོག་ཁུལ་གྱི་བུད་མེད་ཚོའི་མོ་ནད་ཀྱི་གནས་ཚུལ་འདྲི་དུས། གཞུང་ལས་ཁང་དུ་མི་མང་པོ་འཚང་ཁ་རྒྱག་ཏུ་མི་འཇུག་པར། ནད་པ་རེ་རེ་བཞིན་གོ་རིམ་བསྒྲིགས་ཏེ་ཡོང་དུ་འཇུག་པ་དང་། སྨན་པ་ཡང་རང་གཅིག་པོས་ནད་རྟགས་དྲིས་ཚེ་ད་གཟོད་བུད་མེད་རྣམས་ཀྱིས་ཀྱང་། རང་རང་གི་མོ་ནད་ཀྱི་ནད་རྟགས་ཇི་བཞིན་བཤད་ཐུབ་པ་རེད། ནད་རྟགས་ཁ་གསལ་ཁུངས་དག་ཅིག་དྲིས་པ་ཡིན་ན། ད་གཟོད་མི་མང་ཁྲོད་མཁལ་མ་ཚང་ར་ན་གི་(མཚོ་སྔོན་དར་མཚོ་རྫོང་གི་འབྲོག་ཁུལ་དུ་འདི་ལྟར་ཟེར)ཟེར་བའི་གབ་ཚིག་ལྟ་བུའི་ན་ཚ་དེའང་། དོན་དུ་ཚང་ར་ན་བའམ། ཡང་ན་མཁལ་མ་ན་བ། ཡང་ན་ཚང་ར་དང་མཁལ་མ་གང་ཡང་ན་བ་མིན་པར་མངལ་ལམ་གྲང་དཀར་འཛགས་པ། ཡང་ན་གྲང་དཀར་དྲི་མ་ཅན་འཛགས་པ་མ་ཟད། ད་དུང་སྐྱེ་ལམ་དུ་རྨ་འབྲུམ་ཟ་འཕྲུག་ཅན་མཆིས་པ། ཡང་ན་ཟླ་མཚན་འབྱམས་པ། ཡང་ན་ཟླ་མཚན་འགགས་པ། ཡང་ན་ལྒང་ཕུག་ལ་གཉན་ཚད་རྒྱས་པ། ཡང་ན་མངལ་སྦྲུམ་པ་སོགས། མན་ངག་ལྷན་ཐབས་ལ་ལྷན་ཐབས་ལྡེ་མིག་བྱུང་བ་ལྟར། མཁལ་མ་ཚང་ར་ན་གི་ཞེས་པ་དེའི་གབ་རྒྱ་འཁྲོལ་འགྲོ་བ་རེད། དེ་ལྟར་བྱུང་ན་མོ་ནད་དེ་ལ་གསོ་བཅོས་ཀྱང་འོས་འཚམས་ཞིག་བྱེད་ཐུབ་པ་ཤ་སྟག་ཡིན། གསོ་བཅོས་ལོག་པའི་ཉེན་ཁར་ཡང་གཡོལ་ཐུབ། དེའི་དབང་གིས་ནད་བརྟག་ཁང་དུ་བུད་མེད་རེ་རེ་བཞིན་བྱས་ནས་ནད་རྟགས་ལ་རྒྱུས་ལོན་བྱ་རྒྱུ་ནི་གལ་ཆེའོ། །
གཉིས་པ། མོ་ནད་བརྟག་སྐབས་ཁྱོ་ག་ཡིན་ན་མ་གཏོགས་ཕ་དང་མིང་པོ་སྒོར་མངག་དགོས།
        གཞི་རིམ་དུ་བུ་མོའི་མོ་ནད་ལ་བརྟག་དཔྱད་བྱེད་རོགས་སུ་ཕ་རྒན་ཡོང་བ་ཤིན་ཏུ་མང་། དེ་ལ་ཡང་རྒྱུ་མཚན་ཡོད་དེ། གཅིག་ན་ད་ལྟ་ལོ་ན་སུམ་ཅུ་བཞི་བཅུ་ལྔ་བཅུ་ཅན་གྱི་བུད་མེད་ཚོའི་ཁྲོད་ན་ཡི་གེ་ཤེས་མཁན་ཤིན་ཏུ་དཀོན་པ་དང་། ཁྱོ་ག་མེད་པ་ཡང་མང་པ་དང་། རླུང་འཁོར་སྐོར་ཤེས་མཁན་ཡང་ཉུང་བས་རྫོང་བོད་སྨན་ཁང་དུ་ཡོང་རྒྱུའང་སྟབས་མི་བདེ་བས། ཕ་རྒན་གྱི་འཕྲུལ་རྟའི་འཕོངས་ལ་ཞོན་ནས་ཡོང་བའམ། ཡང་ན་ཕ་རྒན་གྱི་རླུང་འཁོར་དུ་བསྡད་དེ་ཡོང་བ་ཤ་སྟག་རེད། དེའི་འཕྲོ་ནས་རོང་འབྲོག་ཁུལ་གྱི་བུད་མེད་གཉོམ་ཆུང་གཤིས་དྲང་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཡང་། ཕ་དང་ཁྱོ་གའི་སྔོན་ལ་སྐད་ཆ་བཤད་མཁན་ཤིན་ཏུ་ཉུང་བའི་གོམས་སྲོལ་ལྟར། སྨན་ཁང་དུ་རང་གི་ནད་ལ་བརྟག་སྐབས་ཀྱང་། ཕ་རྒན་ལ་ནད་རྟགས་བཤད་དུ་འཇུག་པ་རེད། བསམ་གཞིགས་བྱོས་དང་། བུ་མོས་ཕ་རྒན་ལ་མོ་ནད་ཡིན་ཡང་མཁལ་མ་ཚང་ར་ན་གི་ཙམ་ལས་བྱེ་བྲག་པའི་ནད་རྟགས་གསལ་པོ་ཞིག་བཤད་ཕོད་དམ། གཏན་ནས་བཤད་མི་སྲིད་པ་རེད། དེའི་སྟབས་ཀྱིས་བུ་མོའི་ཕ་རྒན་གྱིས་སྨྲ་བ་དེ་ནད་རྟགས་ཕྱོགས་རེ་བ་ཙམ་ལས། ཉན་རྒྱུ་ཆེན་མོ་མེད་པ་རེད། ང་རང་གི་ཉམས་མྱོང་ནི་བུ་མོ་དང་ཕ་རྒན་ལྷན་དུ་སླེབས་ཤིང་བུ་མོའི་མོ་ནད་ལ་བརྟག་དགོས་པ་ཡིན་ན། བུད་མེད་དེར་ནད་རྟགས་གསལ་ཐག་ཆོད་པ་ཞིག་འདྲི་བའི་ཆེད་དུ། བུད་མེད་དེའི་ཕ་རྒན་ལ་ཁྱོད་ཅུང་ཙམ་སྒོར་སོང་། ང་མོ་ལ་ནད་རྟགས་ཤིག་འདྲི་རྒྱུ་འདུག་ཅེས།བུད་མེད་དེའི་ཕ་རྒན་སྒོར་མངག་པ་ཡིན། དེ་ལྟར་མ་ཡིན་པར་ཕ་རྒན་བུ་མོའི་གམ་དུ་བསྡད་པ་ཡིན་ན། བུད་མེད་དེ་མོའི་ཕ་རྒན་ལ་ངོ་གནོངས་ནས་ནད་རྟགས་ཁ་གསལ་ཞིག་སྨྲ་མི་ཕོད་པ་དང་། ནད་རྟགས་ཆད་ཆོད་ཅིག་སྨྲས་ཀྱང་སྨན་པར་ནད་ངོས་ཀྱི་གདེངས་ཚོད་རབ་རིབ་ཅིག་ལས་ཐོབ་མི་ཐུབ་པ་དང་། གསོ་བཅོས་ཀྱི་ཕན་འབྲས་ཀྱང་ཤི་ཤི་ཞིག་ལས་འབྱུང་མི་སྲིད་པ་མ་ཟད། ཐ་ན་ངོས་འཛིན་ནོར་ནས་བཅོས་ལོག་ཀྱང་ཐེབས་ངེས་པ་ཡིན། (ང་རང་སྨན་པ་སྐྱེས་པ་ཞིག་ཡིན་པའི་ཆ་ནས་བཤད་ཡོད་པ་ཡིན)དེའི་སྟབས་ཀྱིས་བུ་མོ་ཕ་རྒན་དང་ལྷན་དུ་སྨན་ཁང་དུ་ཐོན་ནས། བུ་མོའི་མོ་ནད་ལ་བརྟག་དགོས་པ་ཡིན་ན། ཕ་རྒན་བུ་མོའི་གམ་ནས་སྒོར་མངག་སྟེ། བུད་མེད་དེར་ནད་རྟགས་འདྲི་རྒྱུ་ནི་གལ་ཆེ་ཞིང་། དེ་ལྟར་བྱས་ན་བུད་མེད་དེས་ཀྱང་ཚམ་ཚོམ་མེད་པར་མོ་ནད་བྱེ་བྲག་པའི་ནད་རྟགས་གཅིག་མ་ཆད། གཉིས་མ་ལུས་པར་བཤད་སྲིད་པ་ཡིན། གཞན་ཡང་། སྲིང་མོའི་མོ་ནད་ལ་བརྟག་དུས་མིང་པོས་བསྐྱལ་ཡོང་མཁན་ཡང་མང་ཞིང་། དེའང་གོང་ནས་སྨྲས་པ་བཞིན་བུ་མོའི་ཕ་རྒན་སྒོར་མངག་པ་ལྟར། ནད་རྟགས་འདྲི་བདེ་བའི་ཕྱིར་དུ་བུད་མེད་དེའི་མིང་པོ་ཡང་ནད་རྟགས་ཁང་ལས་སྒོར་མངག་དགོས་པ་ཡིན། འདི་ནི་ང་རང་གིས་གཞི་རིམ་རྫོང་བོད་སྨན་ཁང་དུ་མོ་ནད་ལ་བརྟག་སྐབས་ནམ་ཡང་འཕྲད་ཡོང་བའི་བྱ་བའི་ཉམས་མྱོང་ཙམ་མོ། །
གསུམ་པ། ནད་ངོས་འཛིན་སྟངས།
        གཅིག། གཙོ་བོ་བོད་ཀྱི་གསོ་རིག་གི་རང་ལུགས་ལྟར་དུ་བརྟག་དགོས་པ་སྨོས་མེད་ཡིན་པ་དང་། དེ་ཡང་རྒྱུད་ལས། ཁ་དམར་བཅོས་ལ་དགོས་པའི་ཕྱིར། །ཉེས་པ་དངོས་སྟོན་བརྟག་པ་དང་། །ཞེས་པ་ལྟར་དུ། མོ་ནད་དེ་སྤྱི་བྱེ་བྲག་དང་བཅས་པ་ངོས་འཛིན་གསལ་ཐག་ཆོད་པ་ཞིག་བྱེད་ཆེད་ཉེས་པས་དངོས་སུ་བསྟན་པའི་རྟགས་ལ་བརྟག་རྒྱུ་གལ་ཆེན་ཡིན་པ་དང་། དེ་ཡང་དང་པོར་ནད་དེ་གང་གིས་བསླངས་པའི་རྒྱུ་ལ་བརྟག་དགོས། ནད་གཞིའི་མཚན་ཉིད་ཀྱི་རྟགས་ལ་བརྟག་པར་ཡང་གཞི་གང་ལ་བརྟག་པ་དང་། ཡུལ་གང་ལ་བརྟག་པ། སྒོ་གང་ལ་བརྟག་པ།བརྟག་ཚུལ་ཇི་ལྟར་འཛིན་དགོས་པ་བཅས་རྣམ་པ་བཞི་ཙམ་ཡོད་པ་ལས། ཡུལ་ནི་བུད་མེད་དེའི་དབང་བོ་ལྔ་དང་། དེའི་ཡུལ་ལྔ། དྲི་མ་ལྔ་བཅས་ལ་བརྟག་དགོས་མོད། ནད་ཐོག་ནས་དེ་འདྲའི་མང་པོ་ཞིག་ལ་བརྟག་ཁོམ་ཡང་མེད་མོད།(ང་ནི་སྒོ་བསྟེན་སྨན་པ་ཡིན་པ་དང་། ནད་པ་མང་ཆེ་ཤོས་ཀྱང་ཉིན་དེར་ཡོང་ནས་ཉིན་དེར་ཕྱིར་ལོག་འགྲོ་མཁན་ཤ་སྟག་ཡིན་པར་གཞི་བཅོལ་ནས་སྨྲས་པ་ཡིན།ངེས་པར་དུ་དྲི་ཆུ་དང་ཁྲག་ལ་ཞིབ་ཏུ་བརྟག་དགོས་ཏེ། དྲི་ཆུ་ལ་མ་བརྟག་ན་བུད་མེད་དེར་མངལ་ཆགས་ཡོད་མེད་རྟོགས་དཀའ། མངལ་སྦྲུམ་པ་མ་ཤེས་པར་སྨན་བཟི་ཅན་སོགས་བཏང་བ་ཡིན་ན། མངལ་གནས་ཕྲུ་གུའི་ཀླད་ཤེས་ལ་གནོད་པ་ཚབས་ཆེན་སྐྱེལ་ངེས་པ་དང་། ཞི་དྲུག་དང་མཁྲིས་བདེ་སོགས་བཏང་ན་ཁོང་པ་འཁྲུ་ཞིང་མངལ་སྦྲུམ་པ་མངལ་ཤོར་འབྱུང་བའི་ཉེན་ཁ་ཆེ་བ་ཡིན། མངལ་ཆགས་ཡོད་མེད་དྲི་ཆུའི་མངལ་ཆགས་བརྟག་བཤེར་(尿妊娠)འདི་གདགས་གཤིས་ཡིན་མིན་ལས་ཁ་དམར་གདགས་དགོས། ཁྲག་བཤེར་ལས་གཙོ་བོ་དེང་དུས་འགོས་ནད་རེག་དུག་དང་ཨེ་ཙི་ཡོད་མེད་ལ་བརྟག་རྒྱུ་ཨ་ཅང་གལ་ཆེ། ཁྲག་བཤེར་མ་བྱས་པར་དྲི་ཆུ་དང་རྩ་ལ་རེག་པ་ཙམ་གྱིས་རེག་དུག་དང་ཨེ་ཙི་འགོས་ཡོད་མེད་ཚོར་མི་ཐུབ་པས།བཤེར་རྟགས་འདི་ནི་ཤིན་ཏུ་འགངས་ཆེན་ཞིག་ཡིན། ཨ་མདོ་རུ་རྒྱ་རྨ། སྦྱར་རྨ། རྨ་ངན་ཟེར་ཞིང་། དེང་སྐབས་ཡོང་ཁྱབ་ཏུ་རེག་དུག་ཟེར་བའི་འགོས་ནད་འདི་ལ་བརྟག་ཐབས་ནི་ཞོགས་པ་ལྟོ་སྟོང་ལ་དྭངས་ཁྲག་ཚོད་ལྟ་བྱེད་དགོས་པ་ཡིན་ལ། རེག་དུག་དུང་འཁྱིལ་གཟུགས་གདོད་འགོག་ཚོད་ལྟ(TPHA.TPPA.FTA-ABS)དང་། རེག་དུག་དུང་འཁྱིལ་གཟུགས་གདོད་འགོག་ཚོད་ལྟ་མ་ཡིན་པ(RPR.TRUST)གང་རུང་གདགས་གཤིས་སུ་མངོན་ཚེ་རེག་དུག་འགོས་ཡོད་པའི་རྟགས་དང་། སྲིབ་གཤིས་སུ་འདུག་ན་འགོས་མེད་རྟགས་ཡིན། ཨེ་ཙིའི་ན་ཚ་ཡང་ཁྲག་བཤེར་ལསP24ཡི་གདོད་འགོག་བཤེར་འཇལ(抗原检测)གདགས་གཤུས་ཡིན་མིན་ལ་བརྟག་དགོས་པ་ཡིན། གཉན་སྐྲན་གཉིས་ཀྱི་ཚགས་བརྟག་(两癌帅差)ལ་ཡང་། ཁྲག་བཤེར་བྱ་དགོས། སྐབས་འདིའི་གཉན་སྐྲན་གཉིས་ཞེས་པ་ནི། བུད་མེད་ཀྱི་ནུ་མའི་གཉན་སྐྲན་དང་། མངལ་སྐེའི་གཉན་སྐྲན་གཉིས་ཡིན་ནོ། །གཞན་ཡང་།ཤ་སྐྲན་བེམ་པོ་དང་། བསམ་སེའུའི་སྐྲན། མངལ་གྱི་ཁྲག་སྐྲན་སོགས་ཡོད་མེད་ལ་བུད་མེད་དེར་གཅིན་སྦོས་སུ་བཅུག་སྟེ། སྒྲ་བརྒལB超སྤྱད་དེ་བརྟག་དགོས་པ་ཡིན། ད་དུང་མངལ་སྐེའི་གཉན་སྐྲན་ཡོད་མེད་ལ་བུད་མེད་སྨན་པ་རྣམས་ལ་མངལ་ལམ་བརྟག་ཐབས་བརྒྱུད་དེ་ཁ་དམར་གདགས་པ་ཡིན། འདི་འདྲའི་བརྟག་ཐབས་ཀྱི་སྒོ་ནས། བུད་མེད་རྣམས་ཀྱི་མོ་ནད་ངོས་འཛིན་བྱས་ན།ཕལ་ཆེར་བརྒྱ་ཆའི་བདུན་ཅུ་ཙམ་སྤོ་ལ་དར་འཕྱར་གྱིས་ཁ་ཚོན་བཅད་ཆོག་པ་ཡིན་ནོ། །
མཇུག་བསྡུ་བ།
        དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་ཀྱིས། རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་། །རྒྱལ་པོའི་རྒྱལ་སྲིད་སྤྲང་པོའི་འཚོ་ཐབས་སོགས། །ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་། །མེད་དུ་མི་རུང་བ་ནི་བུད་མེད་ཡིན། །ཞེས་པ་བཞིན། བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་པས། རོང་འབྲོག་ཁུལ་གྱི་བུད་མེད་རྣམས་ལ་མཚོན་ན་ཡང་།རླབས་ཆེན་གྱི་མ་ཡུམ་དང་། གངས་རིའི་བདག་མོ་བཅས་ཡིན་པའི་ཆ་ནས། ང་ཚོ་གཞི་རིམ་གྱི་སྨན་པ་ཚོས་ཀྱང་། ཁོ་མོ་ཚོའི་བདེ་ཐང་གི་ཐད་མཛོ་ཁལ་ལུག་ཁལ་ལྟ་བུའི་ཞབས་ཞུ་རེ་སྒྲུབ་རྒྱུ་ནི། མ་ཁུར་ཕྲག་བབས་ཀྱི་འོས་འགན་འབའ་ཞིག་ཡིན་པས། རུས་པའི་གསེང་ན་ཧ་མེད་རུང་། །རྩིབ་མ་དག་ནི་མེར་བསྲོ། །ཞེས་པའི་དཔེ་ལྟར་དུ།ཁོ་མོ་ཚོའི་མོ་ནད་ལ་བརྟག་དཔྱད་ཞིབ་ཅིང་ཕྲ་བ། གནད་ལ་འཁེལ་བ།ནོར་འཁྲུལ་བྲལ་བ་སོགས་ངོས་འཛིན་ཡང་དག་ཅིག་མཛད་དེ། གསོ་བཅོས་ཡིད་ཚིམས་པ་ཞིག་བྱས་ནས། རོང་འབྲོག་ཁུལ་གྱི་བུད་མེད་མཛངས་མ་ཚོ། ལུས་བདེ་ཐང་། ཁམས་དྭངས་མོ། ཚེ་རིང་མོ། ཡིད་སྤྲོ་མོ་ཞིག་ཡོང་བར་འབད་དགོས་སོ། །    
2021.10.25
རྩོམ་པ་པོ་ངོ་སྤྲོད།
ཧྲོང་བོ་ཚེ་བརྟན་རྒྱལ། སྨན་པ་འབུམ་རམས་གཞོན་པ། དར་མཚོ་རྫོང་བོད་སྨན་ཁང་གི་འགོ་གཙོ་གཞོན་པ། ཀྲུང་གུང་ཏང་ཡོན། འཛམ་གླིང་ཀྲུང་མཐུན་གསོ་རིག་ལྷན་ཚོགས་བོད་སྨན་ཨུ་ཡོན་ཚོགས་པའི་ཚོགས་མི། ལས་ཧྲི། སྐབས་བཞི་བའི་རྒྱལ་ཡོངས་བོད་སྨན་ཕུལ་བྱུང་སྨན་པ། ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་ཀྱི་ཆེད་མཁས་ཚོགས་པའི་ཆེད་མཁས།ལས་ཧྲི། མཚོ་སྔོན་ཞིང་ཆེན་ཆེད་མཁས་ལྷན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་ཚོགས་མཆིན་ནད་ཆེད་ལས་ཚོགས་པའི་ཚོགས་མི། སྔ་གཞུག་ཏུ་ཆེད་ལས་དཔྱད་རྩོམ་བཞི་བཅུ་ལྷག་འབྲེལ་ཡོད་དུས་དེབ་དུ་སྤེལ། ‹‹ཨ་མདོའི་གོམས་སྲོལ་ཉུང་བསྡུས››ཞེས་པ་སྤྱི་ལོ་
2010ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ། ‹‹གསོ་རིག་དཔྱད་རྩོམ››ཞེས་པའི་རང་གི་ཆེད་ལས་དཔྱད་རྩོམ་ཕྱོགས་བསྒྲིགས་དེ་སྤྱི་ལོ་2015ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ‹‹རེག་དུག་དང་ཨེ་ཙིའི་ནད་སྔོན་འགོག་བྱེད་ཐབས་བརྗོད་པ་དུས་རབས་གསར་བའི་ཅོང་བརྡ››ཞེས་པ་སྤྱི་ལོ་2017ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པ་དང་།དེབ་དེར་2019ལོར་ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་ཀྱིས་བྱ་དགའ་ཨང་གསུམ་པ་བྱིན། 2020ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་‹‹རེག་དུག་ཞིབ་འཇུག››ཅེས་པའི་གསོ་རིག་དེབ་ཀྱང་པར་བསྐྲུན་བྱས།
འབྲེལ་ཡོད་འོས་སྦྱོར།