༄༅། །རྐང་ལག་གྲང་ལྷགས་ཀྱིས་འཕྱིད་པར་དོགས་ཟོན་བྱ་དགོས།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-02-21
ཀློག་གྲངས།:
དེ་ཡང་བོད་པ་གནས་སའི་མདོ་དབུས་མཐོ་སྒང་སོགས་ཀྱི་དགུན་དུས་སུ། ཁ་བ་འབབ་ཅིང་གྲང་ལྷགས་རུས་རྐང་ལ་ཟུག་པ་ཞིག་ཡིན་པའི་ཆ་ནས། ཐམས་ཅད་ཀྱིས་རྐང་ལག་གྲང་ངར་གྱིས་འཕྱིད་པར་དོགས་ཟོན་ལེགས་པོ་བྱ་དགོས། ཁོ་བོ་ནི་ས་བབ་མཐོ་བའི་གཞི་རིམ་རྫོང་རིམ་པའི་བོད་སྨན་ཁང་ཞིག་གི་སྨན་པ་ཡིན་པའི་ཐད་ནས། རྐང་ལག་ཁ་བ་གྲང་ངར་གྱིས་ཕྱིད་པའི་ནད་པ་དང་འཕྲད་རྒྱུ་ཡོད་པ་རེད། སྤྱི་ལོ༢༠༢༡ལོའི་ལོ་མཇུག་ཏུ་རྐང་པའི་རྐང་མགོ་གྲང་ལྷགས་ཀྱིས་ཕྱིད་པའི་ནད་པ་གཉིས་ལ་འཕྲད་སོང་། གཅིག་ནི་ལོ་ན་དྲུག་ཅུར་ཉེ་བའི་རྒད་པོ་ཞིག་རེད། ཁོས་བཤད་པ་ལྟར་ན། ཁོ་རང་ཁ་བའི་ཁྲོད་དུ་རྐང་ཐང་ལ་ཕྱུགས་རྫིར་སོང་བས། སྟབས་མ་ལེགས་པར་གྲང་ལྷགས་དང་ཁ་བས་གཙེས་པས་རྐང་པ་ཕྱིད་པ་རེད་ཟེར། ཁོའི་རྐང་པ་ཕྱིད་པ་ཧ་ཅང་ཚབས་ཆེན་རེད། ཁོ་བོས་མཐོང་དུས་རྐང་མགོའི་མཛུབ་མོ་རྣམས་ནག་ཅིང་ཀྱོང་བ་དང་། ཁྲག་རྩ་ཕྲ་མོ་ཙམ་ཡང་མཐོང་རྒྱུ་མེད་པར་མཛུབ་མོ་དག་སྐམ་ལ་འཁུམས་འདུག། ད་དུང་ཕྱིད་ཟིན་པའི་མཛུབ་མགོ་དང་ཤ་གསོན་པོའི་མཛུབ་རྩ་གཉིས་ཀྱི་འདྲེས་མཚམས་སུ་རྣག་ལྗང་སེར་ལྟ་བུ་ཁྲག་མིན་རྣག་མིན་ཆུ་སེར་ཡང་མིན་པ་ཞིག་མངོན་འོངས་པས་མཐོང་མ་ཐག་སེམས་ལ་དངངས་འདར་རྒྱག་པ་ཞིག་འདུག། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་སྨན་ཁང་ཆེ་བ་ཞིག་ལས་ཞག་སྡོད་གསོ་བཅོས་ཉིན་མང་པོར་བྱས་མཐར། དེ་གའི་ནུབ་ལུགས་ཆེད་མཁས་སྨན་པ་རྣམས་ཀྱིས་ནད་པ་དེའི་རྐང་པའི་མཛུབ་མོ་གཅོད་པ་ལས་ཐབས་ཤེས་མི་འདུག་ཟེར། ཞེས་ནད་པ་དང་ནད་པའི་མི་བདག་གཉིས་ཀྱིས་སྨྲས་བྱུང་། ཡང་ནད་པ་གཞན་པ་དེ་ནི་ཕོ་གསར་ལོ་ན་སུམ་ཅུ་ཅན་ཞིག་རེད། ཁོས་གྲངས་ལྷགས་རྒོད་པའི་ཉིན་ཞིག་ལ་འཕྲུལ་རྟར་ཞོན་ནས། ས་ཐག་རིང་པོ་ཞིག་ལ་འགྲོ་སྐབས་སྟབས་མ་ལེགས་པར་རྐང་པ་ཕྱིད་པ་རེད་ཟེར། ཁོ་བོར་སྟོན་དུས་རྐང་མགོའི་མདོག་གྱུར་ནས་སྔོ་ནག་ལྟ་བུ་ཞིག་ཏུ་ཆགས་འདུག། དེ་བས་ཁོ་བོས་ཁྱེད་ལམ་སང་མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང་ཆེ་བ་ཞིག་ཏུ་སོང་། ང་ཚོའི་རྫོང་བོད་སྨན་ཁང་ལྟ་བུ་ཞིག་ཏུ་ཞག་སྡོད་བྱས་ཀྱང་། གཅིག་ནས་སྨན་པ་ང་ལྟ་བུ་རྣམས་ལ་ཉམས་མྱོང་མེད་པ་དང་། གཉིས་ནས་སྨན་གྱི་ཆ་རྐྱེན་ཡང་དེ་འདྲ་འཛོམས་རྒྱུ་མེད་པས། ཁྱེད་ཀྱི་ནད་ལ་འགོར་འགྱངས་བྱས་འགྲོ་ཞེས། ཞིང་ཆེན་སྨན་ཁང་ཆེ་བ་ཞིག་ཏུ་དེ་མ་ཐག་འགྲོར་བཅུག་པ་ཡིན། འདི་གཉིས་ནི་ཁོ་བོ་ད་ལོར་འཕྲད་པའི་རྐང་མགོ་ཁ་བ་དང་གྲང་ལྷགས་ཀྱིས་ཕྱིད་པའི་དཔེ་མཚོན་ཙམ་ཡིན།
འདི་ནི་ས་ཆ་ཆུང་ཆུང་། ལུང་པ་ཆུང་ཆུང་ཞིག་གི་བོད་སྨན་ཁང་ཆུང་ཆུང་ཞིག་གི་སྨན་པ་གཅིག་གི་མཐོང་མྱོང་བ་ཙམ་ཡིན། དེ་རྗེས་ཁོ་གཉིས་ཀྱི་མཇུག་མཐའི་གསོ་བཅོས་ཀྱི་འབྲས་བུ་ཇི་འདྲ་ཡིན་པ་ངས་ཧ་གོ་མེད། ཁོ་གཉིས་སྔར་བཞིན་རྐང་བདེ་ལག་བདེའི་བདེ་ཐང་ཡོད་པར་སྨོན། དེ་ལས་གཞན་ཡང་རྐང་ལག་ཁ་བ་དང་གྲང་ངར་གྱིས་ཕྱིད་པའི་ནད་པ་མདོ་དབུས་ཁམས་གསུམ་སྟོད་མངའ་རིས་དང་བཅས་པའི་མཐོ་སྒང་གི་ས་ཆ་སོ་སོར་མང་པོ་མང་པོ་མཆིས་པ་གདོན་མི་ཟ། དེ་ལྟར་ཀུན་གྱིས་ཤེས་གསལ་ལྟར། རྐང་ལག་ཁ་བ་གྲང་ལྷགས་ཀྱིས་ཕྱིད་པའི་མཇུག་འབྲས་སུ་རྐང་མགོ་ལག་མགོ་ཆད་པའམ་ཡང་ན་བཅད་པ་སོགས་ཚབས་ཆེ་བ་ཞིག་རེད། དེ་བས་ཆུ་མ་ཐོན་གོང་གི་རགས་ཀྱི་དཔེ་བཞིན་སྔ་མོ་ནས། དགུན་གྱི་ཁ་བ་དང་གྲང་ལྷགས་ཀྱིས་རྐང་ལག་མི་འཕྱིད་པའི་སྔོན་འགོག་དང་སྟ་གོན། མཉམ་འཇོག། དོགས་ཟོན་བཅས་བྱ་དགོས་འདུག། རྐང་པ་ཕྱིད་དེ་རྐང་མགོ་བཅད་པའམ་ཡང་ན་མཛུབ་མོ་ཆད་པ་ཡིན་ན། ཕྱིས་སུ་གྱོལ་བོ་འཐེང་པོ་སོགས་དབང་པོ་སྐྱོན་ཅན་དུ་གྱུར་འགྲོ་བས། དེ་ལ་དོགས་ཟོན་མི་བྱེད་ཐབས་མེད་ཅིག་རེད། རྐང་ལག་ཕྱིད་པ་མ་ཟད། ཁ་བ་གྲང་ལྷགས་ཀྱིས་ལུས་པོ་ཡོངས་ཕྱིད་ནས་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་སྔོན་དུས་བྱུང་མྱོང་ཡོད་པ་རེད།
རྒྱུད་བཞི་ལས། ལྤགས་པའི་གོས་དང་ལྷམ་ནི་རྟག་ཏུ་བགོ། ཞེས་གསུངས་པ་ལྟར། དགུན་དུས་སུ་གྱོན་པ་དྲོན་པོ་གོན་པ་དང་། ལྷམ་དྲོན་པོ་གྱོན་པ་སོགས་ནི་གལ་ཆེན་ནང་གི་འགངས་ཆེན་རེད། སྔོན་དུས་སུ་མཐོ་སྒང་གི་ཕྱུགས་རྫི་འབྲོག་པ་རྣམས་ཀྱི་གྱོན་པ་ནི། ལུག་ལྤགས་ཀྱིས་བཟོས་པའི་སློག་པ་དང་ཚར་སྟུག་སོགས་ཧ་ཅང་དྲོད་ཆེ་ཞིང་ལུས་ལ་འཕྲོད་པ་ཏན་ཏན་ཡིན་པ་དང་། མགོ་ལ་གྱོན་རྒྱུ་ནི་ཚར་ཞྭའམ་ཡང་ན་ཝ་ཞྭ་སོགས་རེད། རྐང་ལ་གོན་པའི་ལྷམ་ཡང་གཡག་གི་ཀོ་བས་བཟོས་པའི་བོད་བཟོས་ཀོ་ལྷམ་དང་། ཡང་ན་ཤུར་མའི་ལྷམ། ཁ་བའི་ཁྲོད་དུ་ཕྱིང་འབོལ་ལམ་ཕྱིང་ལྷམ་བཅས་དྲོད་ཆེན་རྐྱང་རྐྱང་གོན་པ་རེད། ཡིན་ན་ཡང་། དེང་དུས་ཕྱུགས་རྫི་རྣམས་ཀྱིས་ཀྱང་དྲོད་ལས་འཕྱོར་གཙོ་བོར་བྱས་ཏེ། ལུས་ལ་གྱོན་པ་སྲབ་མོ་དྲོད་མེད། རྐང་ལ་རྒྱ་བཟོས་ཀོ་ལྷམ་ཡུ་ཐུང་། མགོ་ལ་ཚར་ཞྭ་ཝ་ཞྭ་ཕར་ཞོག་ཕལ་ཆེ་བ་མགོ་རྗེན་ཡིན་པ་རེད། ནུབ་གོས་དང་རྒྱ་བཟོས་ཀོ་ལྷམ་སོགས་ནི། ས་བབ་ཅུང་དམའ་ཞིང་གྲང་ངར་ཆུང་བའི་དུས་སུ་གྱོན་ན་ལེགས་མོད། འོན་ཀྱང་གྲང་ལྷགས་འུར་འུར་དུ་ལྡང་ཞིང་ཁ་བ་བུ་ཡུག་འཚུབ་པའི་སྐབས་སུ། དེས་དྲོད་ཚད་ཀྱིས་མ་ལྕོགས་པར། ཕྱུགས་རྫི་རྣམས་ཀྱི་རྐང་ལག་ཕྱིད་པའི་གནས་ཚུལ་སྐྱོ་བོ་དེ་བྱུང་བ་རེད། འདི་ཡང་མཐོ་སྒང་གྲང་ལྷགས་དང་ཁ་བ་བུ་ཡུག་གི་ཁྲོད་ནས། གནའ་མིའི་སློག་པ་སོགས་དེང་དུས་ཀྱི་ནུབ་གོས་སུ་བསྒྱུར་བའི་ཆག་སྒོ་ཞིག་ག་ལ་མིན། ཁྱད་པར་དུ་དེང་དུས་སུ་བོད་པའི་བྱིས་པ་ཕལ་ཆེར་ཞིག་སློབ་མ་ཡིན་པ་དང་། ཆུང་དུས་ནས་ས་དམའ་སའི་སློབ་གྲྭ་རུ་ཁང་པ་དྲོན་པོར་གོམས་ཡོད་ཅིང་། གྱོན་པ་ཡང་ནུབ་གོས་འབའ་ཞིག་ཡིན་པས། དགུན་དུས་དགུན་གནང་གི་སྐབས་སུ་ཕ་ཡུལ་འབྲོག་ཁུལ་དུ་ཡོང་ནས། ཕྱུགས་རྫི་བྱེད་པའམ་ཡང་ན་ལོ་སར་ལ་འགྲོ་བ་སོགས་ཀྱི་དུས་སུ། ཁ་བ་གྲང་ལྷགས་ལ་དོགས་ཟོན་བྱེད་པའི་ཉམས་མྱོང་མེད་པ་བཅས་ཀྱི་དབང་གིས། ཚབས་ཆུང་ན་རྐང་ལག་དང་། ཚབས་ཆེ་ན་ལུས་པོ་འཕྱིད་པའི་ཉེན་ཁ་ཆེ་བས། དེ་ལ་མཉམ་འཇོག་སྒོས་གྱོན་པ་དང་ལྷམ་དྲོད་ཆེན་གྱོན་རྒྱུ་ནི་གལ་ཆེ། དེ་ལྟར་ཁ་བའི་ལྗོངས་ཀྱི་དགུན་དུས་སུ། བོད་པ་གདོང་དམར་རྣམས་ཀྱི་ལུས་པོ་དང་རྐང་ལག་ཁ་བ་བུ་ཡུག་དང་གྲང་ལྷགས་ཀྱིས་མི་འཕྱིད་པར། བདེ་ཐང་གིས་འཚོ་བའི་དཔལ་ལ་རོལ་བར་ཤོག།

༢༠༢༢.༢.༡༧
འབྲེལ་ཡོད་འོས་སྦྱོར།