logo

ཧྲོང་བོ་ཚེ་བརྟན་རྒྱལ་ལགས་ཀྱི་རྩོམ་གསར།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-04-18 ཀློག་གྲངས།:
༄༅། །དཀར་ཡོལ་དང་ཐུར་མ་སོགས་བསྲེས་ན་འགོས་ནད་འབྱུང་བའི་ཉེན་ཁ་ཆེ།
ཧྲོང་བོ་ཚེ་བརྟན་རྒྱལ།

འགོ་བརྗོད།
        དེ་ཡང་དེང་སྐབས་ཟས་རང་གྲུབ་དང་གོས་རང་གྲུབ་ཀྱི་སྤྱི་ཚོགས་བཟང་པོ་འདིར། ལ་རོང་འབྲོག་གི་བོད་པ་ཚོ་ཡང་གྲོང་ཁྱེར་དང་ཁྲོམ་སྲང་དུ་དྲི་ལྡན་མེ་ཏོག་ལ་བུང་བའི་ཚོགས་བཞིན་འཁོར་ཞིང་། བཟའ་བཏུང་གསར་དར་སྣ་ཚོགས་བཟའ་བ་མ་ཟད། ཟ་སྟངས་ཡང་སྔར་བོད་རང་གི་ལུགས་སྲོལ་མ་ཡིན་པ་མང་པོ་ཞིག་མཆིས་པ་ནི་ཤིན་ཏུ་བཟང་མོད། ཡིན་ན་ཡང་།བཟའ་བཏུང་རོལ་ཚུལ་གསར་བ་དག་ལ་མཉམ་འཇོག་མ་བྱས་ཚེ། འགོས་ནད་འགོ་བའི་ཉེན་ཁ་ཅན་ཡང་འདུག་སྙམ་པས། གཤམ་ནས་དེའི་ཕྱོགས་ནས་རང་གི་བསམ་ཚུལ་ཐུང་ཐུང་ཞིག་བཤད་པར་བྱ།
དང་པོ། དེང་སྐབས་བོད་ཀྱི་བཟའ་བཏུང་ལ་འགྱུར་ལྡོག་འབྱུང་བཞིན་པའི་ཚུལ།
        བཟའ་བཏུང་བསྟེན་ཚུལ་འདི་ལ་ཡང་རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ་བཅས་ལ་སྲོལ་ལུགས་མི་འདྲ་བ་རེ་མཆིས་པ་རེད། དཔེར་ན། རྒྱ་བོད་གཉིས་ཀ་བསྡུར་ནས་བཤད་ན་ཡང་། རང་ལུགས་བཟའ་བཏུང་གོམས་སྲོལ་ཁ་ཁ་ཡིན་པ་རེད། ལྟོས་བཅས་ཀྱིས་བཤད་ན། རྒྱ་རིགས་སྔོ་ཚོད་ལ་ཤུགས་ཆེར་གོམས་ཡོད་པ་དང་། བོད་འདི་ཤ་ཟ་གདོང་དམར་སྲིན་པོའི་རིགས་ཞེས་པ་ལྟར་ཤ་ཟ་བར་ལོབས་ཤིང་དགའ། དེ་བས་ཁ་ཤག་སྒྱུ་རྩལ་ཞིག་ཏུ་རྩྭ་ཟ་མཁན་ངར་རམ་ཤ་ཟ་མཁན་བཟང་གི་ཅིག་འགྲན་ཡ། ཞེས་ཀུ་རེ་ལབ་པ་ལྟར་འདུག །སྐད་ཆ་འདི་ནི་བོད་རོང་འབྲོག་གཉིས་ཀྱི་བར་དུ་བཤད་པ་ཞིག་རེད་མོད། ཆེ་ས་ནས་རྒྱ་བོད་ཀྱི་བར་ཁྱད་དངོས་གནས་དེ་འདྲ་རེད། རྒྱ་རིགས་ཀྱི་བྱིས་པ་དང་བོད་རིགས་ཀྱི་བྱིས་པ་གཉིས་ལ་ལྷན་དུ་ཆམ་པ་ཕོག་སྟེ་སྨན་ཁང་དུ་ཡོང་ཚེ། དེ་གཉིས་ཀྱིས་ཤ་ཟོས་མ་ཟོས་ཀྱི་ཁྱད་པར་ལས། ལུས་སྟོབས་དང་ལུས་ཀྱི་ནད་འགོག་གི་ནུས་ཤུགས་གཏན་ནས་མི་འདྲ་བར་འདུག།
        རྒྱ་རིགས་ཀྱི་བྱིས་པ་མང་ཆེ་བར་གནམ་ཁབ་བམ་ནུབ་ལུགས་གཤེར་ཁབ་ཉིན་འགའ་ལ་རྒྱག་དགོས་ཀྱང་། བོད་རིགས་བྱིས་པ་མང་ཆེ་ཤོས་ལ་བཏུང་སྨན་བསྟེན་པས་འཐུས་པ་མང་། ཕར་བལྟས་ན་ཡང་རྒྱ་རིགས་བྱིས་པ་མང་ཆེ་བ་པགས་མདོག་དཀར་པོར་འདུག་ལ་ལུས་ཤུགས་ཀྱང་ཅུང་ཞན་པ་རེད། བོད་རིགས་བྱིས་པ་མང་ཆེ་ཤོས་པགས་མདོག་རྒྱ་རིགས་བྱིས་པ་དང་བསྡུར་ན་ནག་ཤོས་ཅུང་ཆེ་ལ་ལུས་སྟོབས་དང་རྣམ་རིག་བཀྲ་བ་ཞིག་འདུག །འདི་ནི་ཁོ་བོ་ནད་ཐོག་སྨན་པ་ཡིན་པའི་ཆ་ནས་ལོ་མང་པོར་མཉམ་འཇོག་བྱས་པའི་སྡོམ་ཚིག་ཙམ་ཡིན། བོད་ཟས་ལ་ཡང་རོང་འབྲོག་གཉིས་ཀར་ཁྱད་པར་ཅུང་མཆིས་ཏེ། འབྲོག་པས་ཁ་ཟས་གཙོ་བོ་ནོར་ཤ་ལུག་ཤ་ཞུན་ཐུད། འོ་ཞོ་འབྲི་མར་རྩམ་པ་གོ་རེ་བཅས་ཡིན་པ་དང་། དེ་ཡང་ཁམས་ཁུལ་དང་ནག་ཆུ་སོགས་སུ་གོ་རེའི་ཚབ་ཏུ་འབྲས་མང་དུ་བཟའ་བར་འདུག །རོང་ཁུལ་དུ་ཕག་ཤ་བྱ་སྒོང་གྲོ་ནས་སྲན་གསུམ་ཆེར་བསྟེན་ལ། རོང་མ་འབྲོག་གི་ས་ཆར་ཤ་མར་གྲོ་ནས་བཅས་ཞིང་ཕྱུགས་གཉིས་འཛོམས་ཀྱི་ཟ་མ་ཟ་བ་རེད། སྔོན་དུས་འདི་འདྲ་ཡིན་མོད། དེང་སྐབས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བ་དང་། མི་མང་གི་དཔལ་འབྱོར་གོང་འཕེལ་དང་འཚོ་བ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ། བསམ་བློ་བཅིངས་འགྲོལ། སྤྱི་ཚོགས་བདེ་འཇགས་ཡིན་པ་བཅས་ཀྱི་དབང་གིས། འདུག་ཚོགས་བསགས་དང་འགྲོ་རང་དབང་ཡིན་པ། གང་དུ་ཕྱིན་ན་ཡུལ་དང་ཆུ་ཁར་སླེབས་ཚེ་ཇ་ཡིན་པ། ས་གར་སོང་རང་གི་ཕ་ཡུལ་དང་མི་སུ་མཐུན་རང་གི་ཕུ་ནུ་ཡིན་པའི་དུས་རབས་བཟང་པོ་འདི་ལྟ་བུ་ལ། བོད་ཀྱི་བཟའ་བཏུང་གོམས་ལུགས་ལ་ཡང་འགྱུར་བ་ཆེན་པོ་བྱུང་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ཡིན་ཏེ། འབྲོག་པ་རྣམས་ཀྱིས་ཕག་ཤ་ཟ་བ་མ་ཟད། འབྲོག་པ་གཞོན་དར་ཚོས་ད་དུང་ཉ་ཤ་བྱ་ཤ་བྱ་སྒོང་སྲེག་པའི་སྒོ་ང་དང་། ཐ་ན་སྦལ་བའི་ཤ་དང་རུས་སྦལ་གྱི་ཤ། མི་རྒན་སེན་མོ། མཚོ་འབུ་ཨ་རུ་ར་བཅས་ཟ་མཁན་འདུག །ང་རང་ལ་མཚོན་ན་སྔོན་སློབ་གྲྭར་ཞུགས་སྐབས་མ་གཏོགས་ཕག་པ་མཐོང་མ་མྱོང་ཞིང་། དེ་དུས་ཁོ་བོ་ལོ་ན་བཅུ་བཞི་ཡིན། རོང་ཁུལ་ནས་སྔོན་དུས་ཀྱི་ཟ་མ་ལས་གཞན་དུ་འབྲོག་ཟས་དང་རྒྱ་ཟས་སྣ་ཚོགས་ལ་ཡང་རོལ་བཞིན་མཆིས། སྔོན་སྤྱི་ལོ༢༠༠༥ལོར་ཁོ་བོའི་ཕ་ཡུལ་གྱི་གཉེན་ཉེ་མང་པོ་ཞིག་རྒྱ་སྟོན་ཞེས། ཁྲོམ་སྲང་གི་གཉེན་སྟོན་ཞིག་ལ་ཡོང་དུས་ཟ་མའི་ཁྲོད་དུ་ཆུ་འབུ་གློ་ཉ་བརྔོས་མ་སྡེར་མ་རུ་བཤམས་ཡོད་པས། ཁོ་ཚོས་དེ་མཐོང་མ་ཐག་སྐྱུག་ལོག་ནས་ཟ་མ་གཞན་ཡང་ཟ་མི་ཐུབ་པ་ཞིག་བྱུང་སོང་ཞེས། རྗེས་ནས་ལོ་ན་བདུན་ཅུར་སླེབས་ཟིན་པའི་གནའ་མི་རྒན་པོ་རེ་གཉིས་དང་། སྐབས་དེར་ལོ་ན་བཞི་བཅུར་སླེབས་པའི་སྲིང་མོ་དང་ཨ་ཅེ་རེ་འགས་ཁོ་བོར་དངོས་སུ་བཤད་བྱུང་། ཡིན་ན་ཡང་། དུས་དེ་རིང་འབྲོག་མོའི་ཁྲོད་ན་ཡང་ཆུ་འབུ་གློ་ཉ་ཟ་བར་གོམས་པ་མང་པོ་མཐོང་རྒྱུ་འདུག། ཁྱད་པར་དུ་སློབ་མ་དང་འབྲོག་པ་གྲོང་བསྙེགས་ཚོའི་ཁྲོད་ན་འདི་འདྲ་མང་པོ་རེད། འདི་ནི་ཨ་མདོའི་མཚོ་ལྷོ་སོགས་ཀྱི་གནས་བབ་ལ་གཞིགས་ནས་བཤད་པ་ཡིན་པས། གཞན་ནག་ཆུ་དང་མངའ་རིས། ཁམས་ཁུལ་བཅས་སུ་དེ་འདྲ་མིན་ཡང་སྲིད།
གཉིས་པ། དེང་དུས་ཀྱི་བོད་པའི་བཟའ་བཏུང་བསྟེན་སྟངས་ཀྱི་འགྱུར་བ།
        ཉེ་དུས་སུ་ཁྲོམ་སྲང་གི་ཟ་ཁང་དུ་སོང་ན་ཡང་འཐེན་ཐུག་སོགས་མི་རེ་རེའི་དཀར་ཡོལ་ཁ་ཁར་བསྟེན་བཞིན་འདུག་ལ། དེང་དུས་ལྟར་འཚོ་བའི་ཆ་རྐྱེན་མི་བཟང་པའི་སྟབས་ཀྱིས། སྔོ་ཚོད་གཡོས་སྦྱོར་བྱས་ནས་ཟ་མཁན་ཧ་ཅང་ཉུང་ཉུང་རེད། ཡིན་ན་ཡང་། འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད་པའི་ཁ་སང་དེ་རིང་གི་དུས་འདིར། ཟ་མ་ཟ་སྟངས་དེ་ལ་ཡང་འགྱུར་བ་ཐེབས་ནས། འབྲོག་པ་ཡིན་ཡང་ཁྲོམ་སྲང་ནས་རྒྱ་ཟས་སྣ་ཚོགས་ལ་རོལ་མཁན་ཆར་རྗེས་ཀྱི་ཤ་མོ་ཇི་བཞིན་བརྡོལ་ཏེ། ཟ་ཁང་ཆེན་པོར་བཟའ་མི་ཡོངས་སོང་སྟེ། ཅོག་ཙེ་སྒོར་སྒོར་ཆེན་པོ་མི་བཅུ་ལྷག་ཤོང་བའི་མཐའ་རུབ་ནས། བྱ་ཤ། ཉ་ཤ། ཕག་ཤ། ནོར་ཤ། ལུག་ཤ། སྔོ་ཚོད་གཡོས་སྦྱོར་བགྲངས་ཀྱིས་མི་ལོངས་པ་ཟ་བ་རེད། དེ་ཟ་དུས་སྔོན་དུས་བཞིན་མི་རེ་རེས་དཀར་ཡོལ་རེར་བཟའ་བཏུང་བསྟེན་པའི་ལུགས་སྲོལ་ལས་ལྡོག་ནས།སྡེར་མ་གཅིག་གི་སྔོ་ཚོད་སོགས་ལ་མི་བཅུ་ལྷན་དུ་ཡོད་ན་བཅུ་པོས་འཕྲོ་རིམ་འཕྲོར་རང་རང་གི་ཐུར་མ་འཕངས་ནས་ཟ་བ་རེད། མི་དེ་ཡོད་ཀྱིས་ཟ་མ་དེ་ཐུར་མས་ཁ་ནང་དུ་བཞག་རྗེས་ཡང་བསྐྱར་ཁ་ནང་ནས་ཁ་ཆུ་སོགས་འགོས་པའི་ཐུར་མ་དེ་སླར་ཡང་སྒྲོག་ཙེའི་སྟེང་གི་སྔོ་ཚོད་སོགས་ཟ་མ་རེ་རེར་སྙོབས་པ་རེད། དེ་ལྟར་མི་ཅི་ཡོད་ཀྱིས་ཟོ་ཁྱུན་གྱི་འཁོར་ལོ་འཁོར་བ་བཞིན་གཅིག་གི་ཁ་ཤུལ་གཅིག་གིས་ཟོས་ཏེ་ཟ་མ་དེ་ཚར་བར་བྱེད་པ་རེད། ངའི་འབྲོག་ཁུལ་གྱི་ཨ་ཅེ་ཞིག་གིས་རྒྱུན་དུ་མོ་རྒྱ་སྟོན་ལ་མི་འགྲོ། རྒྱ་སྟོན་ནས་མི་གཞན་གྱི་ཁ་ཤུལ་གྱི་ཟ་མ་ཟ་རྒྱུར་སྐྱུག་ལོག་གི་ཟེར་བར་ཡང་གནས་ལུགས་འདུག་སྙམ། གང་ལྟར་འདི་ནི་རྒྱ་ནག་ཐོམ་བུ་རང་བསྐོར་ཞེས་པའི་རྒྱ་མི་རིགས་སོགས་ཀྱི་སྲོལ་རྒྱུན་གྱི་བཟའ་བཏུང་སྤྱོད་ཚུལ་ཞིག་ཡིན་ངེས་མོད།འོན་ཀྱང་འདི་ལྟར་ཟོས་ན་གལ་ཏེ་མི་དེ་དག་གི་ཁྲོད་དུ་གློ་གཅོང་དང་མཆིན་པའི་འགོས་ནད་སོགས་འགོས་རིམས་མཆིས་པའི་མི་ཞིག་ཡོད་པའི་དབང་དུ་བཏང་ཚེ། མི་དེའི་འགོས་ནད་དེ་ཟ་གྲོགས་གཞན་རྣམས་ལ་ཡང་འགོ་སྲིད་པས་ཉེན་ཁ་ཧ་ཅང་ཆེ་བ་ཞིག་རེད། གཞན་ཡང་ཟ་ཁང་ཆེ་བ་དག་ཏུ་རྟ་ཐོག་བ་མ་ཞེས་པ་སོག་པོ་ཇིང་གིར་ནས་དར་བར་གྲགས་པའི་ཟངས་སོགས་ཀྱི་སླ་ང་ཆེན་པོ་རུ་ཙི་ཏྲ་ཀ་སོགས་ཁ་ཚ་སྤོར་རིགས་ཕོན་པོ་རུ་ཤ་དང་སྔོ་ཚོད་ཅི་རིགས་བཏབ་ནས་བུད་མེད་ཚོ་གཙོ་བྱས་ཏེ་དམར་ཉོག་ཉོག་ཟ་མཁན་ཡང་བོད་ཁུལ་དུ་ཤིན་ཏུ་མང་ཞིང་། དེ་ཡང་མི་བཅུ་ཡོད་ན་བཅུ་པོས་ཐུར་པ་སླ་ང་གཅིག་ཏུ་འཕངས་ཏེ་ཟ་བ་ཡིན་པས། དེ་ཡང་འགོས་ནད་ཀྱི་ཕྱོགས་ནས་བཤད་ན་གཟབ་གཟབ་བྱ་དགོས་པ་ཅིག་མ་རེད་དམ།
གསུམ་པ། དཀར་ཡོལ་སོགས་ཟས་སྣོད་གཅིག་ཏུ་བཟའ་བཏུང་བསྟེན་ཚེ་འགོས་ནད་འགོ་ཚུལ།
        འགོས་ནད་འདི་འགོ་ཚུལ་ལ་ཡང་རིགས་དང་རིམ་པ་མང་པོ་ཞིག་མཆིས་པ་ལས། འགོས་ནད་སྐོར་ཞིག་དཀར་ཡོལ་སོགས་ཟས་སྣོད་བརྒྱུད་དེ་ཕན་ཚུལ་ལ་འགོས་ཁྱབ་བྱུང་བ་ཡིན་ཏེ། དཔེར་ན། གློ་གཅོང་གི་ན་ཚ་དང་མཆིན་ཚད་ཁ་བལྟ་བུ། ད་དུང་ཆམ་རིམས་བཅས་དང་། ཚབས་ཆེ་བ་གདུག་པ་ཀླུའི་གདོན་ནད། གཉན་རིམས་མཁྲིས་པ་རྩར་རྒྱུགས། འཕྱི་རིམས་བཅས་ཀྱང་ཁ་ཟས་བསྲེས་པ་ལས་འགོ་བ་ཡོངས་གྲགས་ལྟར་ཡིན། དེ་ལས་གློ་གཅོང་གི་ན་ཚ་ཁ་ཟས་བསྲེས་པ་ལས་འགོ་ཚུལ་ཇི་ལྟར་བསྟན་འདུག་ཅེ་ན། ནད་རིགས་སྣ་ཚོགས་ཀྱི་མངོན་རྟགས་དང་བཅོས་ཐབས་བཤད་པ་རབ་གསལ་སྒྱུ་འཕྲུལ་མེ་ལོང་ལས། འཐུང་སྤྱད་ཀྱི་དཀར་ཡོལ་ལ་སོགས་པ་ལས་ཀྱང་འགོ་སྲིད།(༡)ཅེས་བཤད་འདུག་པ་ལྟར་དང་། ཡང་དེ་ལས། ནད་དུག་ཅན་གྱི་མཆིན་ཚད།(འགོ་བའི་མཆིན་ཚད་ཀྱང་ཟེར)(病毒性肝炎)ནད་འདི་ནི་ནད་དུག་མིའི་ཁ་ནང་དང་སྨན་ཁབ་རྒྱག་ཆས་བརྒྱུད་དེ་མཆིན་པར་འགོས་པའི་ནད་ཅིག་ཡིན་ལ། དེར་མཆིན་ཚད་ཀ་བ་དང་ཁ་བ་གཉིས་སུ་དགར་ཡོད།(༢)ཅེས་ལྷ་རྗེ་ཆེད་མཁས་པ་ཁོང་གིས་མཆིན་ཚད་ཀ་བ་དང་ཁ་བ་གང་ཡང་མིའི་ཁ་ནང་བརྒྱུད་དེ་འགོ་བ་བསྟན་འདུག །ན་ནིང་ཞིག་ལ་ཁོ་བོའི་གམ་ཏུ་ཉིན་ཞིག་རྒྱ་རིགས་ནད་པ་ཞིག་སླེབས་བྱུང་ལ། ང་ཚོའི་རྫོང་གི་འབྲས་ཐང་གྲོང་རྡལ་གྱི་རེད། ཁོས་ང་ལ་ཁོ་ལ་བརྟག་དཔྱད་ཅིག་བྱ་རོགས། ཁོ་ཟི་ལིང་དུ་ཡང་སོང་སྟེ་མི་དམངས་སྨན་ཁང་ཆེ་ས་རུ་ཁྲག་བཤེར་དང་གློག་པར་བརྒྱབ་ནས་ནད་ལ་བརྟག་མོད། གནད་དོན་ཞིག་རྙེད་མ་སོང་། ཡིན་ན་ཡང་ཁོ་ཡི་ལུས་ཕུང་ཇེ་རིད་དུ་འགྲོ་བཞིན་འདུག་པས། དེ་ཅི་ཡི་རྐྱེན་ཡིན་ནམ་ཟེར། ཁོ་བོས་ལམ་སང་ཁོས་ཟི་ལིང་ནས་བརྟག་པའི་དཔྱད་འབྲས་ཐམས་ཅད་ལ་བལྟས་པས། མཆིན་ཚད་ཁ་བ་མ་གཏོགས་ལུས་ཇེ་ཞན་དུ་འགྲོ་བའི་དོགས་པ་ཅན་གྱི་ན་ཚ་ཡོངས་ལ་བརྟག་བཤེར་བྱས་འདུག །དེ་ནས་ཁོ་བོས་མཆིན་ཚད་ཁ་བར་ཁྲག་བཤེར་བྱེད་དུ་མངགས་པ་ཡིན་ལ། ཁོའི་བརྟག་འབྲས་སུ་མཆིན་ཚད་ཁ་བའི་ན་ཚ་འགོས་ཟིན་པའི་རྟགས་འབྲས་མངོན་འདུག་པས། ཁོ་བོས་ནད་པ་དེར་དེ་ལྟར་ལབ་པ་ན། ཁོའི་གདོང་མདངས་ཤོར་ནས་ཕམ་ཁའི་མགོ་གོ་ཡང་བྲང་ཁར་དཔྱངས་བྱུང་བ་དང་། ཅུང་ཙམ་ནས་དངན་པ་ཞིག་འཐེན་ཞོར། ཁོ་ནམ་རྒྱུན་ཁོ་ཚོའི་སྡེ་བ་རུ་ཆང་གྲོགས་འགའ་ཡོད་པ་དང་། དེ་ཚོའི་ཁྲོད་ཀྱི་མི་ཁ་ཤས་ལ་མཆིན་ཚད་ཁ་བ་མཆིས་པ་རེད། སྔ་མ་ཁོ་ལ་མཆིན་ཚད་ཁ་བ་མེད་པས། ཆང་གྲོགས་ཚོ་དང་ལྷན་དུ་ཆང་འཐུང་དུས་ཆང་ཕོར་བསྲེས་པ་ལས་འགོས་པ་ཤ་སྟག་འདུག་ཟེར། དངོས་གནས་དེ་ལྟར་ཡིན་མིན་ཁ་ཚོན་གཅོད་དཀའ་ཡང་ཁོ་ལ་ཆོད་སེམས་བརྟན་པོ་འདུག་པས་དཔྱད་གཞི་གལ་ཆེན་ཞིག་ཡིན་པ་གོར་མ་ཆག་སྙམ་བྱུང་། ཆམ་པ་ནི་རྒྱུད་བཞི་ལས། ཆམ་པའི་རྒྱུ་ནི་རིམས་སྤྱི་འདྲ་བ་ལ། །ཁྱད་པར་མི་གཙང་ཟས་སྤྱོད་ཁ་ཟས་འདྲེས། །རྡུལ་འཚུབ་གྲིབ་ཕོག་རྐྱེན་ལས་འབྱུང་བ་ཡིན། །(༣)ཞེས་མི་གཙང་བའི་ཟས་ཏེ་ཆམ་པ་ཅན་གྱི་ཁ་ཟས་ལྷག་འཕྲོ་ཟོས་པའམ་ཆམ་པ་འགོས་པའི་མི་དེའི་བཏུང་ཕོར་མི་གཙང་བར་བཟའ་བཏུང་བསྟེན་པ་ལས་ཕོག་པ་གསུངས་པ་ལྟར་དང་། འཚོ་བ་དངོས་ལས་ཀྱང་དེ་ལྟར་ཡིན་པ་ཐམས་ཅད་ལ་གསལ་ལྷང་ལྷང་ཡིན་པ་བཞིན་ནོ། །གདུག་པ་ཀླུའི་གདོན་ནད་ཀྱང་ཁ་ཟས་བསྲེས་པ་ལས་འགོ་ཚུལ་ནི། རྒྱུད་བཞི་ལས། ཟས་སྐོམ་སྤྱོད་ལམ་གནས་མལ་གོས་ལ་སོགས། །དྲི་དང་རེག་པས་འགོས་ཕྱིར་བསྲུང་བ་གཅེས། །(༤)ཞེས་ཟས་སྐོམ་བསྲེས་པ་ལས་འགོ་བ་གསུངས་འདུག་ལ། ཟས་སྐོམ་སྤྱོད་ལམ་ཞེས་པའི་རྒྱུད་ཚིག་འདིར་སྡེ་སྲིད་བེེ་སྔོན་ལས་ཀྱང་། ཟས་སྐོམ་ཟ་འཕྲོ་དང་སྤྱོད་ལམ་འདྲེས་པ།(༥)ཞེས་ཁ་གསལ་འགྲེལ་འདུག །གཞན་ཡང་རེག་དུག་སྦྱར་རྨའི་བརྒྱུད་འབྲེལ་གྱི་འགོས་ལམ་ཞིག་ཟས་སྣོད་ཡིན་པ་ནི། རེག་དུག་གི་ངོས་འཛིན་དང་གསོ་བཅོས་ཞེས་པ་རུ། ཟས་སྣོད།(༦)ཅེས་ཁ་གསལ་འདུག་པ་ལྟར་རེད།
        དེ་ལས་གཉན་འཕྱི་རིམས་ནག་པོ་ཡང་ནད་པའི་བསྟེན་པའི་དཀར་ཡོལ་དང་ཟས་ལྷག་བསྟེན་ཚེ། ནད་པའི་ཁ་ཆུ་དང་མཆིལ་ལུད་འབྱར་བག་བརྒྱུད་ནས་འཕྱི་རིམས་ཀྱི་འབུ་ཕྲ་ཁོང་ནས་འགོ་བ་ཡིན་པས། དེ་ལ་ཤིན་ཏུ་འཛེམས་པ་ནི་ཁོ་བོ་ང་ཚོའི་བོད་སྨན་ཁང་དུ་སྤྱི་ལོ༢༠༠༩ལོའི་ཟླ༧པའི་ཚེས༣༠ཡི་དགོང་མོ་ནས་ཟླ༨པའི་ཚེས༢༠ཙམ་གྱི་བར་གློ་བའི་འཕྱི་རིམས་ཀྱི་ནད་པའི་གསོ་བཅོས་ཀྱི་འགོ་རྔ་བར་གསུམ་དུ་ཆེད་མཁས་རྣམ་པར་ཞབས་ཞུ་བསྒྲུབས་པ་དང་། རང་ཉིད་ཀྱིས་ཆེད་དུ་ནད་པ་རྣམས་ཀྱི་ནད་ཀྱིས་གོས་པའི་ཟས་ལྷག་དང་ནད་པར་སྤྱད་ཟིན་པའི་སྨན་བཅོས་ཡོ་བྱད་སྣ་ཚོགས། གང་ལྟར་ནད་ཁང་གི་ནད་ཀྱིས་འབག་བཙོག་ཐེབས་ཟིན་པའི་གད་སྙིགས་བསྲེགས་པའི་འགན་འཁུར་དགོས་བྱུང་བས། དེ་ལས་ཆེད་མཁས་རྣམ་པས་ནད་འགོ་ས་གཙོ་བོ་གཉིས་མཆིས་པ་ནི། གཅིག་ནི་ནད་ཁང་ཡིན་པ་དང་། གཉིས་ནི་གད་སྙིགས་བསྲེགས་ཡུལ་ཡིན་པས་སྔོན་འགོག་ལ་ཤིན་ཏུ་གཟབ་གཟབ་བྱ་དགོས་ཚུལ་ནན་ནན་ཏན་ཏན་གྱིས་གསུངས་བྱུང་བ་དང་། དེའི་རྒྱུ་མཚན་ཡང་ནད་པའི་ཅ་ལག་དང་གྱོན་གོས། ཟས་འཕྲོ་འཐུང་ལྷག །མཆིལ་སྣབས་ལུད་པ་བཤང་གཅི། ཁབ་ཆས་སྨན་གྱི་ཡོ་བྱད་བཅས་སུ་འཕྱི་རིམས་འབུ་ཕྲས་ཁྱབ་ཡོད་ཅེས་གསུངས་པ་ལྟར་ཡིན་ནོ། །དེ་ལྟར་ཚབས་ཆེ་ས་ནས་གཉན་འཕྱི་རིམས་སོགས་དང་། ཚབས་ཅུང་ཆུང་ས་རུ་ཆམ་པ་སོགས་དཀར་ཡོལ་ཐུར་མ་བསྲེས་ནས་བཟའ་བཏུང་ལྷན་དུ་སྤྱད་པ་སོགས་ལས་འགོ་བ་ནི་ནམ་ལངས་ལངས་ཉི་མ་ཤར་ཤར་ཡིན་པས། ཀུན་གྱི་ཐུགས་ལ་འཇགས་པར་འཚལ་ལོ། །
བཞི་བ། བོད་ཁུལ་དུ་སྔོན་དུས་དཀར་ཡོལ་མི་བསྲེ་བའི་སྲོལ་བཟང་ཡོད་ཚུལ།
        སྔོན་དུས་འབྲོག་ཁུལ་ལ་མཚོན་ན་ཡང་། ཟ་མ་ཟ་སྐབས་མི་རེ་རེ་ལ་དཀར་ཡོལ་རེ་དང་ཐུར་མ་རེ་བཅས་ཡིན་ཞིང་། ཤ་ཟ་སྐབས་ཀྱང་གྲི་མཉམ་སྤྱོད་བྱེད་པ་ལས་གཅིག་གིས་སོ་བཏབ་སྟེ་ཟོས་པའམ་ཡང་ན་གཞན་གྱི་དཀར་ཡོལ་གྱི་འཐུང་འཕྲོ་བསྟེན་པ་སྟེ། ངའི་ཕ་ཡུལ་གྱི་ཁ་སྐད་ལྟར་ན་དེ་ལ་ཁ་ཤུལ་ཟེར་ཏེ། མི་གཞན་གྱི་ཁ་ཤུལ་ཟ་བའམ་འཐུང་བ་ལ་སྐྱུག་ལོག་གི་ཞེས་ཤིན་ཏུ་འཛེམས་པ་རེད། ང་རང་ཆུང་དུས་སུ་མགྲོན་པོ་དང་མི་ཆེ་བ་དག་ལ་མ་གཏོགས་བྱིས་པ་ཆུང་ཆུང་རྣམས་ལ། ཤ་ཟ་དུས་ཀྱང་སྡེར་མ་རུ་མི་འཇོག་པར་ཤ་སྐལ་བགོས་ཏེ་སྟེར་བ་རེད། དེ་ནི་དཔེར་ན། བྱིས་པ་ཆུང་ཆུང་གསུམ་ཡོད་པའི་དབང་དུ་བཏང་ན། བྱིས་པ་གཅིག་ལ་ལུག་གི་ལག་ངར་སྟེར་ཞིང་། བྱིས་པ་གཉིས་པ་དེར་ལུག་གི་སོག་པ། བྱིས་པ་གསུམ་པ་དེར་ལུག་གི་དཔུང་རྐང་བཅས་སྟེར་བ་རེད། དེ་ལས་བྱིས་པ་རྣམས་ལ་གྲི་མེད་པར་སོ་བཏབ་ནས་རང་རང་གི་ཤ་སྐལ་ཟ་དགོས་པ་རེད། མི་ཆེ་ཆུང་གཉིས་ཀས་ནང་ཆུའི་གཏོལ་མ་འཐུང་ན་འདྲ། རྩམ་པ་བརྗིས་ནས་ཟ་ན་འདྲ། ཕྱེ་ཐུག་འཐེན་ཐུག་སོགས་ཐུག་པ་འཐུང་ན་འདྲ། དེ་ཐམས་ཅད་ཀྱང་རང་རང་གཏན་འཁེལ་ཐོབ་ཡོད་པའི་དཀར་ཡོལ་དུ་ཟ་བ་ལས། མི་གཞན་གྱི་ཁ་ཤུལ་ཟ་མཁན་ཤིན་ཏུ་དཀོན། མགྲོན་པོ་ཡིན་ན་དཀར་ཡོལ་ཁྱིམ་མིའི་སྤྱོད་མ་མྱོང་བ་ཞིག་ཏུ་ཟ་མ་ལྡུད་པ་རེད། ཁྱད་པར་དུ་སྔོན་དུས་སུ་ཨ་མདོ་མགོ་ལོག་ནས། དཀར་ཡོལ་མི་བསྲེ་བའི་སྲོལ་རྒྱུན་བཟང་པོ་ཞིག་མཆིས་པ་ནི། ཁ་ཐོན་སར་ཁ་ཕོར་ཐོན་དགོས། ཞེས་མི་རང་རང་གི་ཕོར་བ་ཕོར་ཤུབ་ཏུ་གཅུད་དེ་རུམ་དུ་བསྡུས་ཡོད་པ་དང་། ཁྱིམ་ཚང་གཞན་དུ་སོང་ནས་ཟ་མ་ཟ་སྐབས་ཀྱང་། རང་སྒེར་གྱི་ཕོར་བ་རུམ་ནས་བླངས་ཏེ་དེ་རུ་བཟའ་བཏུང་བསྟེན་པ་རེད་ཟེར། དེ་ནི་དངོས་གནས་འགོས་ནད་སྔོན་འགོག་གི་ཆ་ནས་སྨྲས་ཚེ། སྲོལ་རྒྱུན་བཟང་པོ་གོམས་གཤིས་ལེགས་པོ་རྨ་མེད་པ་རྒྱུན་འཛིན་དང་སློབ་སྦྱོང་བྱ་འོས་པ་ཞིག་ཡིན་པ་གོར་མ་ཆག་གོ །གང་ལྟར་དེང་སྐབས་འཚོ་བ་ཇི་འདྲ་བཟང་ཡང་། ཟ་རྒྱུ་ཇི་ལྟར་མང་ཡང་། འགོས་ནད་བདེ་ཐང་ལ་བསམ་བློ་བཏང་སྟེ། བཟའ་བཏུང་བསྟེན་སྟངས་ལ་མཉམ་འཇོག་ནན་ཏན་བྱ་རྒྱུ་ནི། གལ་ཆེན་ནང་གི་འགངས་ཆེན་ཞིག་གོ །
ལྔ་བ། དཀར་ཡོལ་སོགས་མི་བསྲེ་བའི་སྲོལ་བཟང་རྒྱུན་འཛིན་དང་དེང་དུས་ཀྱི་བཟའ་བཏུང་བསྟེན་ཚུལ་ལ་བླང་དོར་དགོས།
        བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་དཀྲུགས་འོ་མའི་མར་ལོ་ནི། དེང་སྐབས་བཟའ་བཏུང་རོལ་ཚུལ་ལ་མཉམ་འཇོག་བྱས་ཏེ། དེ་བདེ་ཐང་དང་གསོ་རིག་གི་ཐད་ནས་བལྟས་ཚེ་འགོས་ནད་འགོ་བའི་ཉེན་ཁ་མེད་པ་ཞིག་ཡིན་དགོས། དཔེར་ན་བོད་རོང་འབྲོག་ཁུལ་ནས་མི་རེ་རེར་དཀར་ཡོལ་མི་འདྲ་བ་སོ་སོ་བྱས་ནས་བཟའ་བཏུང་སྤྱོད་པ་དང་། ཨ་མདོ་མགོ་ལོག་ནས་སྔོན་དུས་མི་རང་རང་གི་ཕོར་བ་རང་གིས་བཟུང་ཡོད་པ། འབྲོག་ཁུལ་ནས་བྱིས་པར་ཤ་སྐལ་བགོས་ཏེ་སོ་སོ་བྱས་ནས་སྟེར་བ་སོགས་ཀྱི་སྲོལ་བཟང་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱ་འོས་ཤིང་། སྤྱོད་སྟངས་དེ་ནི་འགོས་ནད་དཀར་ཡོལ་དང་ཐུར་མ་སླ་ང་བསྲེས་ནས་འགོ་བ་དང་བསྡུར་ཚེ་ཧ་ཅང་སྔོན་ཐོན་ཞིག་ཡིན་པ་རེད། ཡིན་ན་ཡང་། འདི་ནི་བོད་པའི་སྔར་གྱི་སྲོལ་རྒྱུན་གྱི་བཟའ་བཏུང་བསྟེན་ཚུལ་ཡིན་པས། དེང་སྐབས་བཤད་ན་ཡང་། རོང་འབྲོག་ཁུལ་ནས་ལོ་ན་བརྒྱད་ཅུ། དགུ་བཅུ། བདུན་ཅུ། དྲུག་ཅུ་ཅན་རྣམས་ཀྱིས་ཕལ་ཆེར་སྔོན་གྱི་སྲོལ་རྒྱུན་གྱི་ཟ་མ་ཟ་བ་དང་། ཟ་འཐུང་བྱེད་ཚུལ་ཡང་སྔར་ལུགས་དང་མཐུན་མོད། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་སྨོས་ཅི་དགོས། དེ་ལས་རོང་འབྲོག་པ་ཡིན་ཡང་། ལོ་ན་ཉི་ཤུ། སུམ་ཅུ། བཞི་བཅུ། ལྔ་བཅུ་ལོན་པ་ཚོའི་ཁྲོད་དུ། སྔར་གྱི་ཤ་མར་ཐུད་གསུམ་རྩམ་པ་གཙོ་བོ་དང་གསར་དར་སྔོ་ཚོད་གཡོས་སྦྱོར་དང་རྟ་ཐོག་བ་མ་སོགས་ཕལ་བར་བསྟེན་མཁན་མཆིས་ལ། གསར་དར་རྒྱ་ཟས་གཙོ་བོ་དང་སྲོལ་རྒྱུན་བོད་ཟས་ཕལ་བ་བྱེད་མཁན་ཡང་མང་པས། གསར་དར་ཟས་རིགས་བསྟེན་ཚུལ་ལ་དོ་སྣང་བྱས་ཏེ་དེ་ཡིས་འགོས་ནད་བསྒོ་བའི་ཉེན་ཁའི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་བར་འདུག །ཁོ་བོའི་བསམ་ཚུལ་ལྟར་ན་ཁྲོམ་སྲང་ནས་རྟ་ཐོག་བ་མ་རུ་ཟོས་ཟ་ན་ཡང་། མི་བཅུ་རེས་ལྷན་དུ་སླ་ཆེ་བ་གཅིག་ཏུ་ཐུར་མ་འཕངས་ནས་ཟ་མ་ལྷན་དུ་བསྲེས་ནས་སྤྱོད་སྟངས་དེ་དོར་ཏེ། སྒྲོག་ཙེ་ཆེ་ཡང་མི་རེ་རེར་རྟ་ཐོག་བ་མ་ཆུང་ཆུང་གཅིག་རེ་ཡོད་པ་དེར་ཟ་མ་བཟའ་དགོས། དེ་ལྟར་བྱས་ཚེ་མི་རང་གི་བཟའ་མ་རང་གིས་ཟ་བ་མ་གཏོགས་གཞན་གྱི་ཟས་འཕྲོ་འཐུང་ལྷག་ཁྱེད་ཀྱི་ཟས་སྣོད་དུ་མི་འབྱུང་པས། འགོས་ནད་སྔོན་འགོག་གི་ཆ་ནས་བཤད་ན་ཧ་ཅང་ལེགས་པོ་ཞིག་རེད། གཞན་ཡང་དེང་དུས་གྲོང་ཁྱེར་ཆེ་ས་རུ་དར་ཁྱབ་ཆེ་བའི་རང་འདེམས་ཟ་མ་སྟེ། ཐོག་མར་འཇར་པན་ནས་དར་བར་གྲགས་ཤིང་མི་རང་རང་གི་ཟ་མ་རང་རང་གིས་འདེམས་ནས་རང་སྒེར་གྱིས་བཟའ་བའི་ལུགས་སྲོལ་དེ་ནི་འགོས་ནད་སྔོན་འགོག་གི་ཐད་ནས་ཤིན་ཏུ་བཟང་པས། འདི་ལ་བོད་པ་གྲོང་བསྙེགས་ཚོས་ཀྱང་སློབ་སྦྱོང་བྱ་རྒྱུ་འདུག་སྙམ། གང་ལྟར་འདི་དང་འདི་འདྲའི་དེང་དུས་ཀྱི་ཟས་གསར་ཡིན་ན་ཡང་། གཞན་གྱི་ཁ་ཤུལ་ཟ་བ་མ་ཡིན་པ། མི་རང་སྒེར་གྱིས་བཟའ་ཆོག་པ། འགོས་ནད་འགོ་བའི་ཉེན་ཁ་མེད་པའི་བཟའ་བཏུང་རོལ་ཚུལ་ལ་མཐོང་ཆེན་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་གོ །
མཇུག་གི་རེ་བ།
གོང་ནས་ཏང་གི་སྲིད་ཇུས་ཀྱི་ཉི་འོད་འཕྲོ།།
འོག་ནས་རོང་འབྲོག་སྤུན་ཟླ་ཡི་འཚོ་བ་སྐྱིད།།
སྔོན་གྱི་བཟའ་བཏུང་བསྟེན་སྟངས་ཀྱི་སྲོལ་རྒྱུན་དེ།།
དེང་གི་གྲོང་ཁྱེར་གྱི་གསར་དར་ཟས་རིགས་ལ།།
ངང་གིས་འགྱུར་བ་དང་རང་གིས་བསྒྱུར་དུས་སུ།།
ལེགས་ཉེས་བླང་དོར་གྱི་བསམ་གཞིགས་ཡང་དག་མཛོད།།
ཁམས་ལ་འཕྲོད་པ་དང་ཁ་ལ་ཞིམ་པ་དང་།།
མི་འདོད་འགོས་ནད་ཀྱི་ཉེར་འཚེ་མེད་པར་གཞོལ།།

དཔྱད་གཞིའི་ཡིག་ཆ།
(༡)(༡) ༄༅།།ནད་རིགས་སྣ་ཚོགས་ཀྱི་མངོན་རྟགས་དང་བཅོས་ཐབས་བཤད་པ་རབ་གསལ་སྒྱུ་འཕྲུལ་མེ་ལོང་ལས། སྟག་ལྷ་རྒྱལ་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༢ལོའི་ཟླ༦པར་དཔར་ཐེངས་གསུམ་པ་དཔར། P༣༠ P༡༡༣      
(༣)(༤) ༄༅།།བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་པར་ཐེངས༣བཏབ། p༢༧༡ P༣༩༦
(༥) ༄༅།།རྒྱུད་བཞིའི་གསལ་བྱེད་བེེ་ཌཱུརྱ་སྔོན་པོ། །སྡེ་སྲིད་སངས་རྒྱས་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༨པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༡༡༥༨
(༦)《梅毒的诊断与治疗》。主编:李世泰。主审:徐文严。中国协和医科大学出版社。2015年3月第1次印刷。P༧
2022.3.13
འབྲེལ་ཡོད་འོས་སྦྱོར།