logo

ཧྲོང་བོ་ཚེ་བརྟན་རྒྱལ་ལགས་ཀྱི་བདེ་ཐང་རྒྱུན་ཤེས་སྐོར་གྱི་རྩོམ་གསར།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-05-09 ཀློག་གྲངས།:
༄༅། །བག་གསར་མག་གསར་ཚོས་བདེ་ཐང་གི་བྱིས་པ་སྐྱེ་བར་མངལ་མ་ཆགས་པའི་སྔ་རོལ་ནས་འགོས་ནད་དང་བཟའ་བཏུང་ལ་མཉམ་འཇོག་བྱ་དགོས།
ཧྲོང་བོ་ཚེ་བརྟན་རྒྱལ།

འགོ་བརྗོད།
        དེ་ཡང་གཉེན་གསར་དུ་བསྒྲིགས་པའི་བག་གསར་མག་གསར་ཚོས། རིགས་ཀྱི་མྱུ་གུ། ཕ་མའི་གཅེས་ཕྲུག། ཁྱིམ་རྒྱུད་ཀྱི་ཤུལ་འཛིན། མི་རིགས་ཀྱི་ལ་རྒྱ། མེས་རྒྱལ་གྱི་གཟི་བརྗིད། མ་འོངས་པའི་བདག་པོ་སྟེ། བྱིས་པ་བདེ་ཐང་ཅན་ཞིག་སྐྱེ་རྒྱུ་ནི་ཀུན་ལས་གལ་བོ་ཆེ་ཞིག་ཡིན་པ་དང་། བྱིས་པ་ལ་བདེ་ཐང་ཡོད་མེད་ཀྱང་བྱིས་པ་དེ་གའི་ཕ་མ་གཉིས་ལ་ན་ཚ་དང་འགོས་ནད་ཅི་རིགས་མཆིས་མིན་ལ་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། ཕ་མ་གཉིས་ཀས་བྱིས་པ་མངལ་དུ་སྦྲུམ་ལ་ཉེ་བའི་དུས་སམ། མངལ་ཆགས་སྐབས་ཀྱི་སྤྱོད་ལམ་དང་། བཟའ་བཏུང་སོགས་དང་འབྲེལ་བ་ཆེ་བས། བག་གསར་མག་གསར་ཚོས་རིགས་ཀྱི་བྱིས་པ་མངལ་དུ་མ་ཆགས་པའི་སྔོན་ནས་བཟུང་། བདེ་ཐང་གི་བྱིས་པ་སྐྱེ་བར་གནོད་པའི་འགོས་ནད་དང་བཟའ་བཏུང་ལ་ཡང་མཉམ་འཇོག་གཟབ་ནན་བྱ་རྒྱུ་ནི་ཧ་ཅང་གལ་ཆེའོ།།
དང་པོ། གློ་གཅོང་མཆིས་མིན་ལ་ཁྲག་བཤེར་བྱ་དགོས།
        གློ་གཅོང་གི་ནད་ཅེས་པ་ནི་གློ་གཅོང་དབྱུག་སྲིན་གྱིས་བསྐྱེད་པའི་གློ་བའི་འགོས་རིམས་ཤིག་ཡིན་པས། བག་གསར་མག་གསར་རྣམ་པས་བྱིས་པ་སྐྱེ་བར་གྲ་སྒྲིག་བྱེད་པའི་སྔོན་ནས། བཟའ་ཟླ་ཕན་ཚུན་གཉིས་ཀར་གློ་གཅོང་གི་འགོས་ནད་མཆིས་མིན་ལ་བརྟག་དཔྱད་ལེགས་པོར་བྱ་དགོས། གློ་གཅོང་འདི་ལ་ཡང་མི་རྒྱུད་རང་བཞིན་ཅན་ཡོད་ལ། མི་རྒྱུད་ལ་གློ་གཅོང་མེད་པ་ཡིན་ཡང་། སྟབས་མ་ལེགས་པར་གཞན་ནས་འགོས་པ་ནི་མང་ཆེ་ཤོས་ཡིན་འདུག། དེ་ལས་བག་གསར་ལ་གློ་གཅོང་ཡོད་པ་ཡིན་ན་རུང་། མག་གསར་ལ་གློ་གཅོང་མཆིས་པ་ཡིན་ན་འདྲ། གཞན་ཕ་མ་གཉིས་ཀར་གློ་གཅོང་ཡོད་པ་ཡིན་ཡང་རུང་། དེ་ལས་ཚད་ལྡན་གསོ་བཅོས་མ་བྱས་པར་བག་གསར་ལ་མངལ་སྦྲུམ་ནས་བྱིས་པ་སྐྱེས་ན་བྱིས་པ་ལ་ཡང་མི་འདོད་པའི་འགོས་ནད་གློ་གཅོང་ལྷན་སྐྱེས་སུ་མཆིས་པ་དང་། ལྷན་སྐྱེས་གློ་གཅོང་གི་ན་ཚ་དེས་བྱིས་པ་མངལ་དུ་སྦྲུམ་པ་ནས་བཟུང་སྟེ། ཕལ་ཆེར་མི་ཚེ་གང་པོར་གློ་ལུ་བ་དང་། ཚ་བ་ངེས་མེད་སྐྱེ་བ། ལུས་རིད་པ་སོགས་ཀྱིས་མནར་གཅོད་བྱེད་པ་དང་། ནམ་ཡང་ནུབ་ལུགས་གཤེར་ཁབ་རྒྱག་པའམ། ཡང་ན་འབྲེལ་ཡོད་ཁོང་སྨན་བསྟེན་ཏེ་དུས་འདའ་བར་བྱེད་དགོས་པ་ཞིག་ཡིན། དེ་ལྟ་བུའི་བྱིས་པ་དེ་བདེ་ཐང་གི་བྱིས་པ་གཞན་དག་དང་བསྡུར་ཚེ་ཆུང་དུས་ནས་འགོས་ནད་ཀྱིས་བདེ་ཐང་དམན་པའི་སྟབས་ཀྱིས་སློབ་གྲྭ་འགྲིམ་རྒྱུར་ཡང་གནོན་ཤུགས་ངེས་ཅན་སྟེར་བ་ནི། དེང་སྐབས་སློབ་མ་རྣམས་ལ་སློབ་གྲྭས་ཐོག་མར་སློབ་གྲྭར་ཞུགས་པ་ནས་སློབ་ཆུང་དང་། སློབ་འབྲིང་། མཐོ་འབྲིང་། འབྲིང་རིམ། སློབ་ཆེན། ཞིབ་འཇུག་སློབ་མ། འབུམ་རམས་པ་བཅས་སུ་རྒྱུགས་སྤྲོད་པ་དང་། ཡང་ན་རྒྱུགས་འཕྲོད་ནས་སློབ་གྲྭར་བསྡུ་སྐབས་ཀྱང་ཐོག་མར་ངེས་པར་དུ་གློ་གཅོང་ཡོད་མེད་ལ་བརྟག་བཤེར་ནན་མོ་བྱེད་པ་སོགས་ལས་ཀྱང་རྟོགས་ནུས་པ་ཡིན། གལ་ཏེ་དེ་དུས་གློ་གཅོང་མཆིས་པ་ཡིན་ན་རྒྱུགས་འབྲས་ཨང་དང་པོ་ཡིན་ཡང་། སློབ་མ་གཞན་ལ་འགོ་བར་དོགས་ནས་གློ་གཅོང་ཅན་དེ་འགོག་ངེས་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། དེ་བས་ཕ་མ་ན་ཆུང་རྣམས་ཀྱིས་རང་རང་ལ་གློ་གཅོང་གི་ན་ཚ་ཡོད་མེད་ལ་བྱིས་པ་མ་སྐྱེས་པའི་སྔ་རོལ་ནས་ལེགས་པོར་བརྟག་སྟེ། ཕ་མ་གཉིས་ཀའམ་གང་རུང་ཞིག་ལ་གལ་ཏེ་གློ་གཅོང་མཆིས་པ་ཡིན་ན། གློ་གཅོང་ཆེད་དུ་གསོ་བཅོས་བྱ་པར་གཏན་འཁེལ་ཟིན་པའི་ཚད་ལྡན་སྨན་ཁང་དུ་སོང་ནས། འགོས་ནད་གློ་གཅོང་རྩ་བ་ནས་སངས་དྲག་བྱས་རྗེས་ད་གཟོད་བདེ་ཐང་གི་བྱིས་པ་སྐྱེས་ཆོག་པ་རེད། དེ་བས་བདེ་ཐང་གི་གཅེས་ཕྲུག་ཅིག་སྐྱེ་བའི་ཕྱིར་དུ། ཕ་མ་ན་གཞོན་དག་གིས་དེ་ལ་མཉམ་འཇོག་དང་སེམས་ཆུང་། དོགས་ཟོན། བརྟག་ཞིབ་བཅས་མཛད་རྒྱུ་ཧ་ཅང་ཁ་ཚ་དགོས་གཏུགས་ཤིག་གོ །
གཉིས་པ། མཆིན་ཚད་ཁ་བ་མཆིས་མིན་ལ་ཁྲག་བཤེར་བྱ་དགོས།
        ཀྲུང་གོའི་ནུབ་ཕྱོགས་ས་ཁུལ་གྱི་མཆིན་ཚད་ཁ་བའི་འགོས་ཚད་ནི་བརྒྱ་ཆའི་བཅོ་བརྒྱད་ལ་ཐོན་ཡོད་པས། ནད་དུག་རང་བཞིན་གྱི་མཆིན་ཚད་ལ་འགོག་བཅོས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། ཅེས་པའི་རྒྱ་ཡིག་གི་དྲྭ་ངོས་རྩོམ་ཡིག་ཅིག་ལས། ཀྲུང་གོ་ནི་མཆིན་ཚད་ཁ་བ་མང་བའི་རྒྱལ་ཁབ་ཅིག་ཡིན་པས། མཆིན་ཚད་ཁ་བའི་ནད་དུག་ཅན་གྱི་མི་ཁྲི༨༦༠༠མཆིས་པ་དང་། དལ་བའི་རང་བཞིན་གྱི་མཆིན་ཚད་ཁ་བའི་ནད་པ་ཁྲི༢༨༠༠མཆིས། ཞེས་བཀོད་འདུག་ལྟར་དང་། དེ་ལས་མཆིན་ཚད་ཁ་བ་ནི་མཆིན་ཚད་ཁ་བའི་ནད་དུག་གིས་བསླངས་པའི་འགོ་ནད་ཅིག་ཡིན། སྐྱེས་མ་ཐག་པའི་བྱིས་པ་དང་ཕྲུ་གུའི་དུས་སུ་འགོས་རྗེས། ཆ་སྙོམས་བྱས་ན་ཧ་ལམ་འགོ་མཁན་ཕྱེད་ཀའི་ཁྲག་གི་ནང་དུ་ཡུན་རིང་དུ་ནད་དུག་གནས་ལ། དེའི་ཁྲོད་ཀྱི་མི་ཁག་ཅིག་ནར་སོན་རྗེས་དལ་ལངས་རང་བཞིན་གྱི་མཆིན་ཚད་དང་། མཆིན་པ་མཁྲེགས་འགྱུར། མཆིན་པའི་འབྲས་སྐྲན་བཅས་སུ་འགྱུར། ཞེས་སྨན་གསོ་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་ལས་བཤད་པ་ལྟར་ཡིན་པ་དང་། ཡང་དེ་ཉིད་ལས། མཆིན་ཚད་ནད་དུག་ཡོད་པའི་སྦྲུམ་མས་མངལ་སྦྲུམ་པ་དང་ཕྲུ་གུ་སྐྱེས་པའི་བརྒྱུད་རིམ་དུ་ནད་དུག་མངལ་གནས་ཕྲུ་གུ་དང་སྐྱེས་མ་ཐག་པའི་བྱིས་པར་འགོ་བར་བྱེད། ཅེས་པ་ནང་བཞིན་ཡིན་པ་མ་ཟད། ད་དུང་ཕ་མག་གསར་དེ་ལ་མཆིན་ཚད་ཁ་བ་ལྡན་ན་ཡང་མངལ་གནས་ཀྱི་ཕྲུ་གུར་མི་རྒྱུད་རང་བཞིན་གྱིས་ནད་དུག་དེ་འགོ་སྲིད་པ་ཡིན། དེའི་སྟབས་ཀྱིས་བྱིས་པ་མངལ་དུ་མ་སྦྲུམ་པའི་སྔོན་ནས། བག་གསར་མག་གསར་གཉིས་ཀ་གྲོང་ཁྱེར་དང་ས་གནས་རྫོང་རིམ་པའི་ནད་རིམས་ཚོད་འཛིན་ལྟེ་གནས་སམ་ཡང་ན་རྫོང་མི་དམངས་སྨན་ཁང་སམ། རྫོང་བོད་སྨན་ཁང་དུ་སོང་སྟེ་ལྟོ་སྟོང་ལ་མཆིན་ཚད་ཁ་བ་མཆིས་མིན་ལ་ཁྲག་བཤེར་བྱ་དགོས།
གསུམ་པ། ཆང་རིགས་འཐུང་མི་རུང་།
        ཆང་འདི་ལ་ཆང་དཀར། ཨ་རག། ཆང་དམར། ལྦུ་ཆང་། ནས་ཆང་ངམ་ཆང་སྐྱུར་སོགས་རིགས་མང་པ་དང་། ཨ་མདོ་ནས་ཆང་དཀར། རྒྱ་ཆང་། ནས་ཆང་། ཞེས་པ་ནི་ཨ་རག་དཀར་པོ་ཡིན་ལ། ལྷ་ས་རུ་ཡང་ཨ་རག་དཀར་པོ་ཟེར་དུས་ཆང་དཀར་ཡིན། ནས་ཆང་ཟེར་དུས་ལྷ་སའི་བོད་པའི་ལག་ཤེས་ལས་ཐོན་པའི་སྲོལ་རྒྱུན་གྱི་ཆང་སྐྱུར་ཞིག་ཡོད་པ་དེ་རེད། ལྷ་ས་རུ་ནས་ཆང་ངམ་ཆང་སྐྱུར་དེ་བུད་མེད་རྣམས་ཀྱིས་འཐུང་ནས་ར་བཟི་ན་ཡང་རྒྱུན་ལྡན་ཞིག་ཏུ་བརྩི་བ་དང་། ཆང་དཀར་འཐུང་མཁན་ཞིག་མཐོང་ཚེ་ཨ་རག་དཀར་པོ་འཐུང་སོང་ཞེས་ནས་ཆང་གི་རྐྱལ་བ་ཚོས་ཀྱང་ཧང་སངས་པའི་ཐན་ལྟས་ཤིག་ཏུ་བརྩི་བ་རེད། དེ་ལ་ཁོ་བོ་ཅུང་ཧ་ལས་བྱུང་། རྒྱུ་མཚན་ནི་ནས་ཆང་ངམ་ཆང་སྐྱུར་ཡིན་ན་འདྲ། ཆང་དཀར་ཡིན་ན་རུང་། གང་ལྟར་དེ་གཉིས་ཀ་ཆང་ཡིན་པ་འདྲ་འདྲ་རེད། བཟི་མཆིས་པ་གཅིག་འདྲ་ཡིན་པས། ནས་ཆང་འཐུང་ན་རྒྱུན་ལྡན་དང་། ཆང་དཀར་འཐུང་ན་ཡ་མཚར་ཞིག་ཡིན་དོན་ཅི་རེད། དེ་ནི་ལུག་ཤ་ཟོས་ན་སྡིག་པ་ཆེ་བ་དང་། ཕག་ཤ་ཟོས་ན་སྡིག་པ་མེད་ཅེས་བཤད་པ་དང་མི་འདྲའམ། ཞིབ་ཏུ་ན་ནས་ཆང་དང་ཨ་རག་གཉིས་ཀ་ཡང་མི་འདྲ་སྟེ། བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་ལས། བོད་ཀྱི་ཆང་དང་ཨ་རག་བཙག་བྱེད་ཀྱི་རྒྱུ་གཙོ་བོ་ནས་ཡིན་ལ། ཆང་ནི་ནས་ཆན་བཙོས་ནས་ཚོས་ཟིན་པ་དང་ཐབ་ལས་བླངས་ཏེ་ཁུ་བ་དོར། ནས་ཆན་དེ་ཅུང་ཟད་གྲང་བ་དང་རུ་མ་ནང་དུ་བླུགས་ནས་ལེགས་པར་བསྲེས་པ་དེ་རྫ་བན་དུ་བླུགས་ནས་གོས་སོགས་ཀྱིས་བཏུམས་ཏེ་ཉིན་འགའ་བསྙལ་བར་ཆུ་བརྒྱབ་ནས་བཙག་པའི་ཉིང་ཁུ་ལ་ཆང་། ཞེས་པ་ལྟར་ཆང་ནི་དེ་འདྲ་ཞིག་དང་། ཡང་དེ་ལས། ཆང་སྦངས་མ་དང་བཅས་ཁྲོའི་ནང་དུ་བླུགས་ནས་བསྐོལ་བའི་རླངས་པའི་ཆུ་སྦུ་གུ་བརྒྱུད་སྣོད་གཞན་ཞིག་གི་ནང་དུ་ཕབ་པ་དེ་ལ་ཨ་རག་ཟེར། ཞེས་པ་བཞིན་ཨ་རག་ནི་འདི་ལྟ་བུ་ཞིག་གོ །ཆང་འཐུང་ཨང་དང་པོ་འཛམ་གླིང་ནས་བཤད་ན་ཨུ་རུ་སུ་ཡིན་ཟེར་བ་དང་། རང་རེ་ཀྲུང་གོ་ནས་མཚོ་སྔོན་དང་ཤར་བྱང(东北)གི་མི་ཡིན་ཟེར་མཁན་འདུག །ཆང་འདི་ལ་བོད་པས་ལོ་ཆང་བདུད་རྩི་ཁམ་པ། ཟླ་ཆང་བུད་རྩི་ཟིལ་མ། ཞག་ཆང་བདུད་རྩི་འཁྱིལ་བ། ཕ་ཨ་ཁུས་འཐུང་ན་ཚེ་ཐག་རིང་། སྨན་བུ་མོས་འཐུང་ན་ཤ་མདངས་དཀར། སྟག་ཤ་རས་འཐུང་ན་དཔའ་རྩལ་རྒྱས། ཞེས་བསྟོད་བསྔགས་བྱེད་ཀྱང་། བག་གསར་མག་གསར་ཚོས་འཐུང་ཚེ་བྱིས་པ་མངལ་དུ་སྦྲུམ་པར་གནོད་པ་ཧ་ཅང་ཆེ་བ་ཡིན། ཆང་ནི་བཟི་ཡིན་པས་ཕོ་རྒོད་གསར་བུ་སྟོབས་ཆེན་དག་ཀྱང་ར་བཟི་ནས་ར་རོ་བར་འགྱུར་འགྲོ་བས་ན། བྱིས་པ་ཐོག་མར་མངལ་དུ་ཆགས་སྐབས་ཕའི་ཁམས་དཀར་རམ་མའི་ཁམས་དམར་གང་རུང་དུ་ཆང་གི་བཟི་ཡི་རྫས་རྒྱུན་མཆིས་ན། ཉམས་ཆུང་མངལ་གནས་དེའི་ཀླད་སྙིང་སོགས་ལ་གནོད་པ་ནི་ནམ་ལངས་ལངས་ཉི་མ་ཤར་ཤར་ཡིན། གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་ལས་ཀྱང་། གྲུབ་པ་ལུས་ཀྱི་སྐབས་སུ། ཆགས་རྒྱུ་འཕེལ་རྐྱེན་བཙའ་རྟགས་རྣམ་པ་གསུམ། །དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ། །ཅེས་བྱིས་པ་མངལ་དུ་ཆགས་དུས་སུ་ཕ་མ་གཉིས་ཀའི་ཁུ་ཁྲག་སྐྱོན་མེད་བདེ་ཐང་ཞིག་ཡིན་དགོས་པ་གལ་བོ་ཆེ་ལ་ནན་ཏན་ཏུ་གསུངས་འདུག་པ་ལས་ཀྱང་རྟོགས་ནུས། དེས་ན་ཕ་མ་གཉིས་ཀའམ་ཡང་ན་ཕའམ་མ་གང་རུང་ཞིག་གིས་ཆང་འཐུང་ནས་བྱིས་པ་མངལ་དུ་སྦྲུམ་པ་ཡིན་ན། རྒྱུད་ལས་གསུངས་པ་ལྟར་ཕ་མའི་ཁུ་ཁྲག་སྐྱོན་མེད་པ་ཞིག་ག་ལ་ཡིན། དེ་བས་ཆང་གི་བཟི་ཡི་སྐྱོན་ཅན་གྱི་ཆགས་རྒྱུ་ཕ་མའི་ཁུ་ཁྲག་དེས་མངལ་གནས་ལ་གནོད་པ་ཐེབས་ནས། ཕྱིས་སུ་རིགས་རྒྱུད་བྱིས་པ་ནད་པའམ་ཡང་ན་ཀླད་པ་དང་དབང་ཤེས་དྲན་རིག་བཅས་རྒྱུན་ལྡན་མིན་པ་སྐྱེ་སྲིད་པ་ཡིན། སྤྱི་ཚོགས་དངོས་ལས་ཀྱང་དེ་འདྲ་ཟེར་སྲོལ་འདུག །ཐེངས་ཞིག་ང་ཚོའི་རྫོང་གི་དགེ་རྒན་འགའ་རེ་དང་ཁ་བརྡ་བྱས་པ་ལས། ཁོ་ཚོས་སློབ་མ་ཅིག་ཅིག་གི་ཕ་ནི་ཡོན་ཏན་པ་ཆེ་གྲས་ཡིན་ཡང་། སློབ་མ་དེར་རིག་པ་བཟང་པོ་མི་འདུག །སློབ་སྦྱོང་ལ་ཧ་ཅང་ཞན་པར་འདུག །ཕལ་ཆེར་ཕ་རྒན་གྱིས་ཆང་འཐུང་དུས་ཤིག་ལ་སློབ་མ་དེ་སྐྱེས་པ་འདྲ་ཟེར་བ་དང་། ཡང་སློབ་མ་ཉིག་ཉིག་གི་ཨ་མ་ནི་རྩིས་རིག་དགེ་རྒན་དཔེ་ལེགས་ཅན་ཡིན་ཡང་། སློབ་མ་དེས་སློབ་སྦྱོང་ལ་འབད་བརྩོན་བྱེད་ཀྱང་རིག་པ་ཧ་ཅང་རྟུལ་བོ་འདུག །ཕལ་ཆེར་བྱིས་པ་དེའི་ཕ་རྒན་ཆང་རྐྱལ་ཡིན་པའི་རྐྱེན་ཡིན་རྒྱུ་རེད་ཟེར་བ་སོགས། འདི་དང་འདི་འདྲ་བ་གོ་རྒྱུ་ཐོས་རྒྱུ་མང་བ་དང་། དེ་ནི་གསོ་རིག་གི་ཆ་ནས་དཔྱད་ཀྱང་དོན་ལ་གནས་པ་ཞིག་འདུག་སྟེ། ཐོག་མར་བྱིས་པ་མངལ་དུ་ཆགས་དུས་ཆགས་རྒྱུ་ཕ་ཆང་འཐུང་གི་ཁུ་བར་ཆང་གི་བཟི་ཡི་སྐྱོན་མཆིས་པ་དེས། ཕྱིས་སུ་བྱིས་པའི་ཀླད་པ་དང་བློ་རིག་ལ་གནོད་པ་གོར་མ་ཆག་སྙམ་མོ། །
བཞི་བ། ཐ་མག་གམ་དུ་བ་འཐེན་མི་རུང་།
        དུ་བའམ་ཐ་མག་འཐེན་ན་བདེ་ཐང་ལ་གནོད་པ་ཧ་ཅང་ཆེ། ཐ་མག་གི་ནང་དུ་ལུས་ལ་གནོད་པའི་རྫས་རིགས་ཤིན་ཏུ་མང་། ཐ་མག་མེར་སྒྲོན་པའི་དུ་རླངས་ཀྱི་ཁྲོད་དུ་ལུས་ལ་གནོད་པའི་རྫས་ཀྱི་གྲུབ་ཆ་ཕལ་ཆེར་ཆིག་སྟོང་ལྷག་མཆིས། དེའི་ཁྲོད་དུ་སྣུམ་འཚིག(焦油)དང་། དབྱང་གཅིག་ཐཱན་རྫས(一氧化碳)ནི་ཁོ་ཐིན(尼古丁)སོགས་ནི་སྲོག་ལ་གནོད་པའི་རྫས་དངོས་ཡིན། དེ་ལས་སྣུམ་འཚིག་གིས་ཚིན་སྤུས(纤毛)ཀྱིས་མཁའ་དབུགས་གཙང་སེལ་བྱེད་པའི་ནུས་པ་ཇེ་དམན་དུ་གཏོང་། དབྱང་གཅིག་ཐཱན་རྫས་དང་། ཁྲག་དམར་སྤྲི་དཀར(血红蛋白)ཀྱི་རྒྱུན་འདྲེས་པ་ལས་དབྱང་དབུགས་ཕྱིར་འཕུད་བརྒྱབ་སྟེ། མི་ལུས་ཀྱི་དབྱངས་དབུགས་མི་ལྡང་བའི་ཉེས་པ་བསགས། ནི་ཁོ་ཐིན་གྱི་གནོད་པ་ནི་ཆེས་ཆེ་བ་ཡིན་པ་མ་ཟད། ད་དུང་ཐ་མག་དང་ཁ་འབྲལ་མི་ཐུབ་པའི་གནོད་པས་རྒྱུད་བརླམས་པ་ཡིན། གཞན་དུ་འཇུ་བྱེད་མ་ལག་དང་། འབྱིན་རྔུབ་མ་ལག །ཀླད་སྙིང་ཁྲག་རྩ་སོགས་ལ་ཡང་གནོད་པ་ཡིན། ཐ་མག་ནི་དེ་འདྲའི་གནོད་པ་ཅན་ཞིག་ཡིན་ཕྱིན། དེང་དུས་གཞུང་གཉེར་སྨན་ཁང་རྣམས་ལ་ཐ་མག་མེད་པའི་སྨན་ཁང(无烟医院)ཞེས་མིང་བཏགས་ཏེ། སྨན་པ་དག་ལ་སྨན་ཁང་དུ་ཐ་མག་འཐེན་མི་ཆོག་པའི་བཀའ་ཕབ་ཡོད་པ་ཡིན། སིང་ཀ་ཕོར(新加坡)ནས་ཐ་མག་གི་དུ་སྣེ་ཞིག་མཐོང་དུས་འགད་རྫས་ཤིག་གི་འདུ་ཤེས་མཆིས་པ་དང་། དུ་འཐེན་ཞིག་མཐོང་ཚེ་མཛེ་ཕོ་ལྟ་བུའི་འཛེམས་དོགས་བྱེད་བཞིན་འདུག། ཐ་མག་གམ་དུ་བ་འཐེན་པ་ནི་འདི་ལྟ་བུའི་ཉེར་འཚེ་ཅན་ཞིག་ཡིན་པས། བག་གསར་བསམ་པའི་དོན་གྲུབ་དང་མག་གསར་ཚེ་རིང་ལོ་བརྒྱ་རྣམས་ཀྱིས་བདེ་ཐང་གི་བྱིས་པ་ཞིག་སྐྱེ་བའི་ཆེད་དུ། བྱིས་པ་མངལ་དུ་མ་ཆགས་པའི་སྔོན་ནས་ཐ་མག་གཏན་ནས་མི་འཐེན་རྒྱུ་ནི་རེ་བའོ། །
ལྔ་བ། འགོས་ནད་རེག་དུག་མཆིས་མིན་ལ་ཁྲག་བཤེར་བྱ་དགོས།
        རེག་དུག་ནི་རེག་དུག་དུང་འཁྱིལ་གཟུགས་ཀྱིས་བསྐྱེད་ཅིང་མའི་ནུ་ཞོ་དང་། སྐྱེ་ལམ་གྱི་འབྱར་བག །ཁམས་དཀར། ཁྲག་གཤེར་བཅས་བརྒྱུད་དེ་ཕན་ཚུན་ལ་འགོ་བའི་རིམས་ནད་ཅིག་སྟེ། ཁྲག་འཐུང་བདུད་འདུལ་ཧཱུྃ་ནག་གླིང་པས། སྲིན་འབུ་དུག་ཟིན་ལུས་པོ་ཀུན་དུ་རྒྱུ༔ཞེས་གསུངས་པ་ལྟར་ཡིན་པ་དང་། བག་གསར་མག་གསར་རྣམས་གཉེན་སྒྲིག་ནས་བྱིས་པ་མ་སྐྱེས་པའི་སྔོན་དུ། ངེས་པར་དུ་ཕར་ཚུར་ཕྱོགས་གཉིས་ཀར་རེག་དུག་ཡོད་མེད་གྲོང་ཁྱེར་དང་། ཡང་ན་ས་གནས་རྫོང་རིམ་པའི་ནད་རིམས་ཚོད་འཛིན་ལྟེ་གནས་སམ། འབྲེལ་ཡོད་ཚད་ལྡན་སྨན་ཁང་དུ་སོང་ནས་བརྟག་བཤེར་ལེགས་པོ་བྱེད་དགོས་པ་དང་། དེ་ལས་ཕོ་མོ་གཉིས་ཀར་རེག་དུག་མེད་ན་མྱུར་བ་མྱུར་བར་རང་རང་གི་འཆར་གཞི་ལྟར་བྱིས་པ་སྐྱེས་ཆོག་པ་དང་། དེ་ལས་ཕོ་མོ་གང་རུང་ཞིག་ལ་རེག་དུག་ཡོད་ཚེ་རེག་དུག་ཅན་གྱི་ཕའམ་ཡང་ན་མ་དེའི་རེག་དུག་ལ་གསོ་བཅོས་ཚད་ལྡན་བྱས་ཏེ་སངས་དྲག་ཐོན་པའི་བར་དུ་བྱིས་པ་སྐྱེ་མི་ཉན་པ་དང་། གལ་ཏེ་གཉིས་ཀར་རེག་དུག་ཡོད་པ་ཡིན་ན་བག་གསར་མག་གསར་གཉིས་ཀར་སྨན་བཅོས་བྱས་ནས་དྲག་སྐྱེད་ཐོན་ནས་ཡོངས་སུ་རྒྱུན་ལྡན་དུ་གྱུར་རྗེས་ད་གཟོད་བྱིས་པ་སྐྱེ་ཆོག་པ་རེད། དེ་ལྟར་མ་ཡིན་པར་བག་གསར་རམ་ཡང་ན་མག་གསར་གང་རུང་ཞིག་གམ།ཡང་ན་བཟའ་ཟླ་གཉིས་ཀར་འགོས་ནད་རེག་དུག་མཆིས་པ་མ་ཚོར་བར། བག་གསར་ལ་མངལ་སྦྲུམ་པ་ཡིན་ན། དེ་ནི་བདེ་ཐང་གི་ཐད་ནས་བཤད་ན་ཤིན་ཏུ་ཉེན་ཁ་ཆེ་བ་ཞིག་ཡིན་ཏེ། ཕ་མའི་རེག་དུག་གི་ན་ཚས་མངལ་གནས་བྱིས་པའི་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་ནས་བྱིས་པ་མངལ་ནས་འཆི་བའམ། ཡང་ན་བྱིས་པ་མངལ་ནས་འཆོར་བ། བྱིས་པ་མངལ་ནས་མ་ཤི་མ་ཤོར་བར་སྐྱེས་པ་ཡིན་ན་ཡང་། དབང་བོ་སྐྱོན་ཅན་དང་། ཁ་ཤོ་སྣ་ཤོ་དང་མིག་ནད་ཅན་སོགས་ལྷན་སྐྱེས་རེག་དུག་ཅན་སྐྱེ་བ་རེད། དེ་བས་མངལ་མ་སྦྲུམ་པའི་སྔོན་ནས་བག་གསར་མག་གསར་གཉིས་ཀར་རེག་དུག་ཡོད་མེད་ཁྲག་བཤེར་བྱ་རྒྱུ་ནི་གལ་ཆེ་བ་རེད།
དྲུག་པ། འགོས་ནད་ཨེ་ཙི་མཆིས་མིན་ལ་ཁྲག་བཤེར་བྱ་དགོས།
        ཨེ་ཙི་ནི་སྤྱི་ལོ༡༩༨༡ལོར་ངོས་འཛིན་བྱས་པའི་འགོ་ནད་གསར་བ(STD)ཡིན་པ་རེད། ཨེ་ཙིའི་མིང་ཧྲིལ་པོར་ཐོབ་པ་ཅན་གྱི་རིམས་ནད་འགོག་ཤུགས་ཞན་པའི་ཕྱོགས་བསྡུས་ནད(AIDS)ལ་ཟེར། ནད་གཞི་ནི་མིའི་རིགས་ཀྱི་རིམས་ནད་ནད་འགོག་ནུས་པ་ཉམས་པའི་ནད་དུག(HIV)ཡིན་པ་རེད། ཨེ་ཙིའི་ནད་དུག་ནི་ཨེ་ཙིའི་ན་ཚ་ཅན་གྱི་ལུས་ཀྱི་ཁྲག་དང་ཆུ་སེར། ཁུ་བ། མོ་མཚན་ནང་ངོས་ཀྱི་ཟགས་རྫས། ནུ་ཞོ་བཅས་བརྒྱུད་དེ་ཕན་ཚུན་ལ་འགོ་བ་ཡིན། བག་གསར་མག་གསར་རྣམས་གཉེན་སྒྲིག་ནས་བྱིས་པ་མ་སྐྱེས་པའི་སྔོན་དུ།ངེས་པར་དུ་ཕར་ཚུར་ཕྱོགས་གཉིས་ཀར་ཨེ་ཙིའི་ན་ཚ་ཡོད་མེད་གྲོང་ཁྱེར་དང་། ཡང་ན་ས་གནས་རྫོང་རིམ་པའི་ནད་རིམས་ཚོད་འཛིན་ལྟེ་གནས་སམ། འབྲེལ་ཡོད་ཚད་ལྡན་སྨན་ཁང་དུ་སོང་ནས་བརྟག་བཤེར་ལེགས་པོ་བྱེད་དགོས་པ་དང་། དེ་ལས་ཕོ་མོ་གཉིས་ཀར་ཨེ་ཙིའི་འགོས་ནད་མེད་ན་མྱུར་བ་མྱུར་བར་རང་རང་གི་འཆར་གཞི་ལྟར་བྱིས་པ་སྐྱེས་ཆོག་པ་ལས། གལ་ཏེ་བག་གསར་རམ་ཡང་ན་མག་གསར་གང་རུང་ཞིག་གམ། ཡང་ན་བཟའ་ཟླ་གཉིས་ཀར་འགོས་ནད་ཨེ་ཙི་ལྡན་ཚེ་བྱིས་པ་སྐྱེ་མི་ཉན་པ་རེད། དེ་ལྟར་མ་ཡིན་པར་ཕ་མར་ཨེ་ཙི་མཆིས་པ་མ་ཚོར་བར། བག་གསར་ལ་མངལ་སྦྲུམ་པ་ཡིན་ན། དེ་ནི་བདེ་ཐང་གི་ཐད་ནས་བཤད་ན་ཤིན་ཏུ་ཉེན་ཁ་ཆེ་བ་ཞིག་ཡིན་ཏེ། ཕ་མའི་ཨེ་ཙིའི་ནད་དུག་གིས་མངལ་གནས་བྱིས་པའི་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་པ་རེད།
བདུན་པ། མཚན་མའི་འགོས་ནད་གཞན་མཆིས་ནའང་སྔ་མོ་ནས་དྲག་སྐྱེད་བྱ་དགོས།
        དེ་ཡང་སྤྱིར་བཏང་གི་གྲང་གཞིའི་ནད་གཅིན་ལམ་གཉན་ཚད་དང་། རྩེ་རྣོ་རླན་འཛེར། སྐྱེ་འཕེལ་དབང་བོའི་ཆུ་འབྲུམ། བུད་མེད་ཀྱི་མངལ་སྐེ་འབྲུམ་རྡོལ་སོགས་ཡོད་ན་ཡང་། དེ་ལ་དུས་ལྟར་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་ངོས་འཛིན་ཡང་དག་སྒོས་གསོ་བཅོས་གནད་ལ་འཁེལ་བས་སངས་དྲགས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན། དེ་བས་ད་ནས་བཟུང་སྟེ་གཉེན་གསར་དུ་བསྒྲིགས་པའི་བག་གསར་མག་གསར་ཚོའི་ཁྲོད་དུ་གཅིན་ལམ་གཉན་ཚད་སོགས་མཚན་མའི་ན་ཚ་ལྡན་པ་སུ་ཞིག་ཡོད་ན་ཡང་། ལྟས་ངན་རུམ་ལ་བཅུག་ན་རྔ་སྒྲོ་མཆན་ནས་འབུད་པའི་དཔེ་ལྟར་དུ། ན་ཚ་ཞིག་ཡིན་པ་བརྗེད་ནས་ངོ་ཚ་ཞིག་ལ་བརྩིས་ཏེ་རང་ཉིད་དང་བྱིས་པའི་བདེ་ཐང་ལ་གྱོང་གུད་རེག་ཏུ་མི་འཇུག་པར་དུས་ལྟར་དུ་སྨན་པ་ཉམས་མྱོང་ཅན་བསྟེན་ཏེ་གསོ་བཅོས་ཡང་དག་བྱ་རྒྱུར་སྙིང་ཐག་པ་ནས་རེ་བ་ཞུ། གཞན་ཡང་ནད་ཐོག་གི་སྨན་པ་རྣམས་ལ་མཚོན་ན་ཡང་། ནད་པ་རྣམས་ཀྱི་མཚན་མའི་འགོས་ནད་ངོས་འཛིན་བྱེད་པའི་སྐབས་སུ་རྩ་ལ་རེག་པ་ཙམ་གྱིས་ནད་པའི་ནད་རྟགས་རགས་རིམ་སྨྲས་པར་གཞི་བཅོལ་ཏེ། ནད་པས་མཁལ་མ་ཚང་ར་ན་གི་ཞེས་པ་ན།སྨན་པས་ཀྱང་མཁལ་མ་ལ་སོགས་པའི་སྤྱི་སྨན་གཏོང་མཁན་ཤིན་ཏུ་མང་པས། དེ་ལ་ཕན་དཀའ་བའི་ཉེས་པ་འབྱུང་བ་མ་ཟད་ཉེན་ཁའང་ཆེ་སྟེ། མཁལ་མ་ཚང་ར་ན་གི་ཞེས་པའི་ནང་ན་མཚན་མའི་འགོས་ནད་སོགས་རྙོག་དྲ་ཅན་ཤིན་ཏུ་མང་བས། ལྷ་རྗེ་རྣམ་པས་ཀྱང་མཚན་མའི་འགོས་ནད་ངོས་འཛིན་བྱེད་པའི་སྐབས་སུ། ཤ་ཚ་ཚ་དང་སྙིང་ཉེ་ཉེས་བལྟ་རེག་དྲི་གསུམ་གཞིར་བཞག་གི་སྟེང་ནས། ལྟོ་སྟོང་ལ་ནད་པར་ཁྲག་གཤེར་བྱེད་པ་སོགས་ལ་བརྟེན་ཏེ། མཚན་མའི་འགོས་ནད་ཕྲ་ཞིང་ཞིབ་པ་བྱེ་བྲག་གིས་གཏན་ལ་ཕབ་སྟེ། གསོ་བཅོས་ཡང་དག་གིས་བག་གསར་མག་གསར་རྣམས་ཀྱིས་བདེ་ཐང་གི་བྱིས་པ་སྐྱེ་བར་ཕན་རེ་འདོགས་རྒྱུ་ཐུགས་འཇགས་འཚལ་ལོ། །
བརྒྱད་པ། མ་ཡི་ལུས་ཟུངས་ཞན་མི་ཉན།
        དེ་ཡང་འཇིག་རྟེན་སྲིད་པའི་བཤད་སྲོལ་ཞིག་ལ་བྱིས་པ་ཆགས་དུས་ཕ་ལོ་ཆེ་ཡང་སྐྱོན་མེད་མོད། ཡིན་ན་ཡང་བྱིས་པའི་མ་ནི་ངེས་པར་དུ་ལོ་ཆུང་དགོས་པ་ཡིན། དེ་ལྟར་ཡིན་ན་བྱིས་པ་བདེ་ཐང་སྐྱེ་ཟེར། གང་ལྟར་བྱིས་པའི་ཕ་མ་གཉིས་ནི་ལོ་ཆུང་གཞོན་ཤ་རྒྱས་པ། ལུས་བདེ་ཐང་ཁམས་དྭངས་མོ། ནད་ཀྱིས་མ་བཏབ་ལུས་བདེ་བ། མྱ་ངན་མ་བཏབ་སེམས་བདེ་བ་ཞིག་ཡིན་རྒྱུ་ནི་ཧ་ཅང་གལ་ཆེ། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས་ཀྱང་། ཕ་རྒན(དུས་སར་ཆུ་ཤ་ཁྲག་རྒྱས)མ་ནི་གཞོན་པ་དང་། །མ་རྒན(ཤ་ཆུང་)ཕ་ནི་གཞོན་པ་དང་། །(ཕ་མ་)གཉིས་ཀ་གཞོན་དང་རྒས་པ་ལས། །ཆུ་བ་རྒྱས་དང་རྩ་རྒྱས(ཕ་གཞོན།ས་གཞི)དང་། །མཉམ(ཕ་མ་གཉིས་ཀ་གཞོན་པ་ལ)པས་ལུས་དག་མཛེས་པའོ། །ཞེས་གསུངས་འདུག་གོ །དེ་ལས་ཁྱད་པར་དུ་བྱིས་པ་མ་ཆགས་པའི་སྔོན་ནས་བཟུང་བྱིས་པའི་མ་བག་གསར་དེ་ཉིད་ཀྱིས་བཟའ་བཏུང་གཙང་མ་བཅུད་ལྡན་བསྟེན་ཏེ་ལུས་ཀྱི་འཚོ་བཅུད་ལྡང་བར་བྱ་རྒྱུ་ནི་ཀུན་ལས་ཀྱང་གལ་ཆེན་ཡིན། དེ་ལྟ་མ་ཡིན་པར་སྐྱེ་གཟུགས་མཛེས་པ་དང་ཚོ་མི་འབུད་པར་དམིགས་ནས། ཟ་མ་དུས་ལྟར་མ་བསྟེན་པར་ལུས་ཟུངས་དམན་པ་དང་ཁྲག་ཤུགས་ཟད་པའམ། ཡང་ན། རྒྱུད་ལས། ལུས་ཟུངས་བཟོ་རྒྱུ་འདྲ་བས་ཆུད་མི་གཟན། །ཕོ་བ་ཞིང་ས་འདྲ་བས་མེ་དྲོད་གསོ། །ཞེས་པའི་དགོངས་དོན་དང་ལྡོག་སྟེ། ཕོ་བའི་མེ་དྲོད་ཞན་པ་སོགས་ཀྱི་སྟབས་ཀྱིས་གང་ལྟར་ལུས་བདེ་ཐང་མ་ཡིན་པར་འཚོ་བཅུད་མི་ལྡང་བ་ཡིན་ན། དེ་དུས་བྱིས་པ་མངལ་དུ་ཆགས་ཚེ་ཕྱིས་སུ་གཅེས་ཕྲུག་དེ་ཡང་ལུས་སྟོབས་ཞན་ཅིང་རིག་པ་རྡབ་རྡིབ་ལུས་ཀྱི་ནད་འགོག་གི་ནུས་པ་རྟུལ་བ་ཞིག་སྐྱེ་བ་ནི་སྤྱི་ཚོགས་ལས་ང་ཚོས་མཐོང་མང་བ་བཞིན་ཡིན། དེ་བས་བག་གསར་རྣམས་ཀྱིས་ཞོར་ཟས་དང་སྐོམ་ཆུ་སོགས་གནོད་པའི་བཟའ་བཏུང་མི་བསྟེན་པར།རྒྱུད་ལས།ལུས་རྒྱས་འཚོ་བྱེད་ཤ་འདྲ་གང་ཡང་མེད། ཅེས་པ་བཞིན་ལུག་ཤ་ནོར་ཤ་སོགས་བསྟེན་པ་དང་། ཡང་རྒྱུད་ལས། ཟས་ཀྱི་མཆོག་ཏུ་སྦྲང་དཀར་རྩམ་པ་མཆོག། ཅེས་པ་ལྟར་གཏུལ་མ་དང་མར་རྩམ་ཟོས་ན་ལེགས། འོ་མ་རོ་དང་ཞུ་རྗེས་མངར་ཞིང་སྣུམ། །མདངས་སྐྱེད་ལུས་ཟུངས་ས་བོན་འཕེལ་བར་བྱེད། །ཅེས་ཤེལ་ཕྲེང་ལས་གསུངས་པ་ལྟར་འབྲི་མོ་དང་། མཛོ་མོ། བ་མོ། མ་མོ་སོགས་ཀྱི་འོ་མ་བཏུང་བར་སྤྱད་ན་བཟང་། གང་ལྟར་བྱིས་པ་ཆགས་དུས་མ་དེ་ཡི་ལུས་སྟོབས་རྒྱས་ཡོད་པ་ནི་འབྲུ་རིགས་ཀྱི་ས་བོན་འདེབས་དུས་ཞིང་ས་གཤིན་པོ་དང་ཀུན་ནས་མཚུངས་སོ། །
        རེ་སྨོན།
བག་གསར་རྨ་བྱ་འདྲ་བ་དང་།།
མག་གསར་རྒྱ་སྟག་ལྟ་བུ་ཡི།།
སྒང་བ་བོད་ཀྱི་ན་ཆུང་ཚོ།།
བྱིས་པ་ནད་མེད་བདེ་ཐང་ཆེད།།
མངལ་མ་ཆགས་པའི་སྔ་རོལ་ནས།།
ལུས་དང་ལང་ཚོ་རྒྱས་པ་དང་།།
སེམས་བདེ་ཁམས་ནི་དྭངས་པ་དང་།།
དུ་ཆང་གཉིས་ལ་འཛེམས་པ་དང་།།
འགོ་བའི་ནད་ཀྱིས་མ་གོས་དགོས།།
2022.5.7
འབྲེལ་ཡོད་འོས་སྦྱོར།