༄༅། །ཐ་མ་ཁའི་ཉེས་དམིགས། ཧྲོང་བོ་ཚེ་བརྟན་རྒྱལ་གྱིས་བསྒྱུར།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ་གྱིས་བསྒྱ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-05-30
ཀློག་གྲངས།:
༄༅། །ཐ་མ་ཁའི་ཉེས་དམིགས་ཁ་ཚ་དགོས་གཏུགས་མ།
ཧྲོང་བོ་ཚེ་བརྟན་རྒྱལ་གྱིས་བསྒྱུར།
དུ་བའམ་ཐ་མག་འཐེན་ན་བདེ་ཐང་ལ་གནོད་པ་ཧ་ཅང་ཆེ། ཐ་མག་གི་ནང་དུ་ལུས་ལ་གནོད་པའི་རྫས་རིགས་ཤིན་ཏུ་མང་། ཐ་མག་མེར་སྒྲོན་པའི་དུ་རླངས་ཀྱི་ཁྲོད་དུ་ལུས་ལ་གནོད་པའི་རྫས་ཀྱི་གྲུབ་ཆ་ཕལ་ཆེར་ཆིག་སྟོང་ལྷག་མཆིས། དེའི་ཁྲོད་དུ་སྣུམ་འཚིག་དང་། དབྱང་གཅིག་ཐཱན་རྫས། ནི་ཁོ་ཐིན་སོགས་ནི་སྲོག་ལ་གནོད་པའི་རྫས་དངོས་ཡིན། དེ་ལས་སྣུམ་འཚིག་གིས་ཚིན་སྤུས་ཀྱིས་མཁའ་དབུགས་གཙང་སེལ་བྱེད་པའི་ནུས་པ་ཇེ་དམན་དུ་གཏོང་། དབྱང་གཅིག་ཐྰན་རྫས་དང་། ཁྲག་དམར་སྤྲི་དཀར་ཀྱི་རྒྱུན་འདྲེས་པ་ལས་དབྱང་དབུགས་ཕྱིར་འཕུད་བརྒྱབ་སྟེ། མི་ལུས་ཀྱི་དབྱངས་དབུགས་མི་ལྡང་བའི་ཉེས་པ་བསགས། ནི་ཁོ་ཐིན་གྱི་གནོད་པ་ནི་ཆེས་ཆེ་བ་ཡིན་པ་མ་ཟད། ད་དུང་ཐ་མག་དང་ཁ་འབྲལ་མི་ཐུབ་པའི་གནོད་པས་རྒྱུད་བརླམས་པ་ཡིན།
གཅིག དབུགས་ལམ་སྡེ་ཁོངས་ཀྱི་ནད་གཞི་སློང་བར་བྱེད།
ཡུན་རིང་ཐ་མག་འཐེན་ན་དབུགས་ལམ་རྩི་སྐྱི་ལ་དལ་གཤིས་ཚ་ནད་འབྱུང་བ་མ་ཟད། ཚབས་ཆེ་དུས་དེ་གར་ཁྲག་རྒྱས་པ། ཆུ་བསགས་པ། ཚ་གཤིས་ཟགས་ཐོན་དངོས་རྫས་འཛག་པ་དང་། ཐ་ན་དབུགས་ལམ་རྩི་སྐྱིའི་ཆགས་གཞི་ལ་འགྱུར་བ་ཐེབས་སྲིད་ལ། དེ་ཡིས་གློ་ཡུའི་ཡན་ལག་ཚ་ནད་དང་། དལ་གཤིས་ཐོགས་འགགས་གློ་ནད། དལ་གཤིས་གློ་བའི་སྙིང་ནད། ད་དུང་གློ་ཡུའི་ཡན་ལག་རྒྱ་སྐྱེད་ནད་བཅས་སྐྱེད་པ་དང་། ཐ་ན་སྐྲན་ནག་རིགས་ཀྱང་སློང་བར་བྱེད་དེ། དཔེར་ན་གློ་བའི་སྐྲན་ནག་ལྟ་བུའོ།།
གཉིས། ཀླད་སྙིང་ཁྲག་རྩའི་ནད་སློང་བར་བྱེད།
དུས་ཡུན་རིང་པོར་ཐ་མག་འཐེན་ན་པྲོག་དབྱིབས་འཕར་རྩ་འཇམ་འདྲའི་སྙིང་ནད་ དང་། ཁྲག་ཤེད་མཐོ་བའི་སྙིང་ནད། ཀླད་པའི་ཁྲག་རྩའི་ནད་བཅས་སློང་བ་ཡིན།
གསུམ། འཇུ་བྱེད་མ་ལག་གི་ནད་སློང་བར་བྱེད།
ཡུན་རིང་པོར་ཐ་མག་འཐེན་མཁན་གྱི་ཕོ་བར་ཕོག་ཐུག་ཐེབས་ནས་ཕོ་སྐྱུར་ཟགས་ཐོན་མང་དུ་འཕེལ་སླ་བ་མ་ཟད། ད་དུང་ཤན་རྨེན་གྱིས་ཐཱན་སྐྱུར་ཆིང་ནཱ་ཟགས་ཐོན་བྱེད་པར་ཚོད་འཛིན་དང་། རྒྱུ་སོར་བཅུ་གཉིས་ཀྱི་སྐྱུར་གྱི་ཁུར་ཐེག་ཇེ་ལྗིད་དུ་གཏོང་། ཕོ་ཚད་དང་རྒྱུ་སོར་བཅུ་གཉིས་རལ་ཟགས་ནད་སློང་ཞིང་། མིད་འོག་སྡོམ་ཤའི་འབྱེད་ཤུགས་ཀྱང་དམན་པར་བྱེད་ལ། དེས་ནི་ལྡོག་རྒྱུག་མིད་པའི་ཚ་ནད་སོགས་སློང་ངོ་།།
བཞི། ནད་གཞན་པ་ཡང་སློང་བར་བྱེད།
གློ་བའི་སྐྲན་ནག་སྐྱེད་པ་ཕུད་གཞན་ད་དུང་ཨོལ་བའི་སྐྲན་ནག ལྒང་ཕུག་སྐྲན་ནག ལྕེ་ཡི་སྐྲན་ནག བད་ཀན་མིད་འཆུས། བུ་སྣོད་སྐེའི་སྐྲན་ནག་སོགས་ཀྱང་སློང་བར་བྱེད། ད་དུང་སྦྲུམ་མ་ལ་ཆ་མཚོན་ནས་བཤད་ན། ཐ་མག་གི་སྐྲན་ནག་སྐྱེད་པའི་རྫས་ངན་དེ་ཕྲུ་མ་བརྒྱུད་དེ་མངལ་གནས་ཀྱི་བདེ་ཐང་ལ་གནོད་སྐྱེལ་ཞིང་། དེས་ནི་མི་རབས་རྗེས་མར་སྐྲན་ནག་གི་ཉེར་འཚེ་མངོན་གསལ་གྱིས་འཕེལ་བར་བྱེད།
ལྔ། རང་གི་གཏམ།
ཐ་མག་ནི་དེ་འདྲའི་གནོད་པ་ཅན་ཞིག་ཡིན་ཕྱིན། དེང་དུས་རང་རེའི་རྒྱལ་ཁབ་ཀྱི་སྨན་ཁང་རྣམས་ལ་ཐ་མག་མེད་པའི་སྨན་ཁང(无烟医院)ཞེས་མིང་བཏགས་ཏེ། སྨན་པ་དག་ལ་སྨན་ཁང་དུ་ཐ་མག་འཐེན་མི་ཆོག་པའི་བཀའ་ཕབ་ཡོད། སིང་ཀ་ཕོར(新加坡)ནས་ཐ་མག་གི་དུ་སྣེ་ཞིག་མཐོང་དུས་འགད་རྫས་ཤིག་གི་འདུ་ཤེས་མཆིས་པ་དང་། དུ་འཐེན་ཞིག་མཐོང་ཚེ་འདྲེ་གདོན་ལྟ་བུའི་འཛེམས་དོགས་བྱེད་བཞིན་འདུག ཐ་མག་གམ་དུ་བ་འཐེན་པ་ནི་འདི་ལྟ་བུའི་ཉེར་འཚེ་ཅན་ཞིག་ཡིན་པས། ཚེ་རིང་ནད་མེད་བདེ་ཐང་གི་ཆེད་དུ་ད་ནས་བཟུང་ཀུན་གྱིས་ཐ་མག་གཏན་ནས་མི་འཐེན་རྒྱུ་ནི་རེ་བ་ཡིན་ལ། གོང་གསལ་གྱི་ནང་དོན་མ་ཕྱི་རྒྱ་ཡིག་ལས་བསྒྱུར་ཉེས་བྱུང་ཡོད་ན་དགོངས་དག་ཞུའོ།།དཔྱད་གཞིའི་ཡིག་ཆ།
1. རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད། གཙོ་སྒྲིག་པ། འོ་ཚང་ཚོགས་ཆེན། མི་རིགས་དཔེ་སྐྲུན་ཁང་གིས2011ལོའི་ཟླ8པར་པེ་ཅིན་དུ་པར་ཐེངས1པོ་བརྒྱབ།
2. རྒྱ་བོད་ཤན་སྦྱར་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་གིས2003ལོའི་ཟླ8པར་པེ་ཅིན་དུ་པར་ཐེངས2པ་བརྒྱབ།
2022.5.25
འབྲེལ་ཡོད་འོས་སྦྱོར།