logo

༄༅། །བྱིས་པ་སོགས་མི་ཆུས་ཁྱེར་བར་བོད་ལུགས་གསོ་རིག་གིས་མྱུར་སྐྱོབ་བྱ་ཐབས།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-08-18 ཀློག་གྲངས།:
༄༅། །བྱིས་པ་སོགས་མི་ཆུས་ཁྱེར་བར་བོད་ལུགས་གསོ་རིག་གིས་མྱུར་སྐྱོབ་བྱ་ཐབས།
ཧྲོང་བོ་ཚེ་བརྟན་རྒྱལ།
 
        དབྱར་དུས་ཀྱི་ཉིན་འདི་འགར་ས་ཆ་འདི་འདི་དང་གན་གན་ཞིག་ནས་བྱིས་པ་རྨ་ཆུས་ཁུར་སོང་ཟེར་བའམ་ཡང་ན་བྱིས་པ་ཆུ་མཛོད་དམ་ཆུ་ཡུར། ས་ཞིང་ཆུ་འདྲེན་ཆུ་གསོག་རྫིང་བུ། སྤྲོ་སྐྱིད་གླིང་གའི་ཆུ་རྫིང་དུ་ནུབ་སོང་ཟེར་བ་སོགས། ཐོས་ན་སྐྱི་གཡའ་བའི་གཏམ་ངན་ལུ་གུ་བརྒྱུད་དུ་གོ་རྒྱུ་འདུག་སྟེ། དཔེར་ན། བྲག་དཀར་རྫོང་ཉི་ཟེར་སྲིད་དོན་དུ་སྤྱི་ལོ༢༠༢༢ལོའི་ཟླ༨པའི་ཚེས༡ཉིན་བཀོད་པའི་གསར་འགྱུར། གུང་ཧོ་རྫོང་དུ་མི་ཆུ་ནང་དུ་ལྷུང་སྟེ་ཤི་བའི་དོན་རྐྱེན་ཞིག་བྱུང་།ཞེས་པ་ལྟ་བུར་མཚོན་ན་ཡང་། ཇི་སྐད་དུ། ཟླ༧པའི་ཚེས༣༡ཉིན་གྱི་དུས་ཚོད༡༤ཡས་མས་སུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚལ་རྔ་འགག་གྲོང་རྡལ་ཨ་ཡག་སྡེ་བའི་བྱིས་པ་ཞིག་ཞིང་ཁའི་ཆུ་འདྲེན་ཆུ་གསོག་རྫིང་བུར་ལྷུང་བས་ཤ་ཉེ་རིང་གཅིག་རྗེས་གཉིས་མཐུད་ངང་ཆུ་ནང་དུ་མཆོངས་ནས་མྱུར་སྐྱོབ་བྱས་པར་མི༦ཆུ་ནང་དུ་ལྷུང་ནས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་བྱུང་།ཞེས་པ་བཞིན་རེད།
གོང་གསལ་པར་ནི་རྒྱུད་བཞིའི་སྨན་ཐང་ཡིན།
        བྱ་བ་ངན་པ་འདི་གསར་འགྱུར་ལས་བསྒྲགས་མ་ཐག་ཏུ་ལྷག་བསམ་ཅན་རྣམས་ཀྱིས་དྲྭ་ལམ་ཁག་ཏུ་རྒྱ་བོད་ཡིག་རིགས་གཉིས་ཀས་དབྱར་དུས་བྱིས་པ་ཆུས་འཁྱེར་བའི་སྔོན་འགོག་ལ་ཤུགས་རྒྱག་དགོས་པའི་རེ་བ་ནན་མོ་བཏོན་པ་དང་། ཡང་དྲྭ་བ་ཁ་ཤས་སུ་བྱིས་པ་ཆུར་ནུབ་པར་མྱུར་སྐྱོབ་ཇི་ལྟར་བྱེད་དགོས་ཚུལ་སོགས་ཀྱང་རྒྱ་ཡིག་གི་ཡིག་ཆ་གང་བཟང་གང་ལེགས་བོད་ཡིག་ཏུ་བསྒྱུར་ནས་བཀོད་འདུག། དཔེར་ན། མཚོ་སྔོན་པོ་དྲྭ་བར་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་རྩོམ་ཡིག་ཅིག་མཚོ་ལྷོ་ཁུལ་སློབ་གསོ་ཅུས་སྤྱི་ལོ༢༠༢༢ལོའི་ཟླ༨པའི་ཚེས༡ཉིན་བཀོད་པ་སྟེ། མཚོ་ལྷོ་ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ཁྱིམ་བདག་ལ་སྤྲིངས་བའི་འཕྲིན་ཡིག་ཅིག།ཅེས་པ་ལས། དབྱར་དུས་ཆུར་ལྷུང་བ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་རྒྱུན་ལྡན་མིན་པར་ཤི་བའི་ལག་དམར་ཨང་དང་པོ་ཡིན་པ། ཁྱིམ་བདག་གིས་བྱིས་པ་ཆུར་མི་ལྷུང་བའི་སློབ་གསོ་སྔ་མོ་ནས་རྒྱག་དགོས་པ། བྱིས་པ་རང་ཉིད་ཀྱིས་ཀྱང་ཕ་མའི་ཁ་ཏ་ལྟར་ཆུར་ལྷུང་བར་མཉམ་འཇོག་དགོས་པ། ཆུར་ལྷུང་བ་དང་འཕྲད་ན་ཇི་ལྟར་རོགས་རམ་བྱེད། མཐར་མྱུར་སྐྱོབ་གང་ལྟར་བྱེད་དགོས་པ་སོགས་གལ་བོ་ཆེ་ལ་ནན་ཏན་དང་། ཚིག་རྩ་བ་ཅན་ལ་གོ་རྒྱུ་འདུག་པ། བ་ནུ་མ་ཅན་ལ་བཞོ་རྒྱུ་ཡོད་པའི་དཔེ་ལས་མ་འདས་པའི་གདམས་ངག་རྡོག་རྡོག་ཅིག་གསུངས་ཡོད་པ་ལྟར་རེད། དཔལ་ལྡན་གསོ་བ་རིག་པའི་རྒྱུད་དུ་ཡང་། ཐེ་ཚོམ་གྲུའམ་མི་བསྲུན་བཞོན་པ་དང་། །གསོད་ས་ཆུ་ཆེན་མེ་ཡི་ཕུང་བོ་དང་། །གད་སྟེང་ཤིང་རྩེར་དབྱར་དགུན་འཛེགས་འགྲོ་སྤང་། །[1]ཞེས་ཐེ་ཚོམ་ཅན་གྱི་གྲུ་སྟེ་ཡིད་རྟོན་མི་ཐུབ་ཅིང་། ཉེན་ཁ་ཆེ་ཞིང་བདེ་འཇགས་མིན་པའི་གྲུ་ཆུང་སོགས་ཆུར་བགྲོད་བྱེད་ལ་བསྡད་དེ་ཆུ་ངོགས་སུ་མི་འཇུག་པ་དང་། གཏིང་ཚད་མི་ལོན་པའི་ཆུ་ལ་བརྒལ་བ་དང་། ཆ་རྒྱུས་བྲལ་ཞིང་དྲག་ཏུ་རྒྱུག་པའི་ཆུ་ཆེན་ལ་རྐྱལ་བར་བྱེད་པ་སོགས་ངེས་པར་དུ་སྤང་དགོས།ཞེས་ཆུའི་གནོད་འཚེ་ལ་སྔ་མོ་ནས་སྔོན་འགོག་དང་དོགས་ཟོན་བྱ་དགོས་ཚུལ་གསུངས་ཡོད་པ་དང་། ད་དུང་ཆུ་ཆེན་ཞེས་པ་སོགས་ཀྱི་ཤུགས་བསྟན་ལས་ཆུ་མཛོད། ཆུ་ཡུར། ས་ཞིང་ཆུ་འདྲེན་ཆུ་གསོག་རྫིང་བུ། སྤྲོ་སྐྱིད་གླིང་གའི་ཆུ་རྫིང་། ཁྲུས་རྫིང་སོགས་འདུ་བ་བཤད་ཅི་དགོས། ཁ་སང་དེ་རིང་བྱིས་པ་ཆུས་ཁྱེར་བ་སོགས་ལ་མྱུར་སྐྱོབ་བྱ་དུས། གྲོང་ཁྱེར་དང་རྫོང་རིམ་པ་ཡང་ན་གྲོང་རྡལ་སོགས་མྱུར་སྐྱོབ་ཀྱི་ཆ་རྐྱེན་བཟང་བའི་མི་དམངས་སྨན་ཁང་དང་ཐག་ཉེ་བའི་ས་ཆ་ཡིན་ན་མྱུར་དུ་མི་དམངས་སྨན་ཁང་གི་ཚད་ལྡན་མྱུར་སྐྱོབ་ཚན་ཁག་ནས་མྱུར་སྐྱོབ་བྱས་ན་བཟང་བ་སྨོས་ཅི་དགོས། ཡིན་ན་ཡང་། བོད་མདོ་དབུས་མཐོ་སྒང་གི་རི་ལུང་ཁུག་ཀྱོག་སྨན་ཁང་ལྟ་ཅི་ཐ་ན་རྐང་རྗེན་སྨན་པ་ཞིག་ཀྱང་མཐོང་དཀོན་པའི་ཡུལ་མཐའ་འཁོབ་ཅིག་ཏུ་བྱིས་པ་ཆུས་ཁྱེར་བ་གལ་ཏེ་མྱུར་སྐྱོབ་བྱ་དགོས་བྱུང་བ་ཡིན་ན། ཕན་ནུས་མྱུར་ཞིང་བཀོལ་སྤྱོད་ཀྱི་ལག་ལེན་བདེ་བ་ཞིག་དགོས་པ་ཡིན་པས།དེ་འདྲའི་ཉམས་མྱོང་གི་ལག་ལེན་ཞིག་ཡོད་དམ་ཞེ་ན་ཡོད་དེ། ཁོང་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ལགས་ནས། ཇི་སྐད་དུ། མི་ནི་ཆུ་ཡིས་ཁྱེར་བ་ནི། །ཟིན་མ་ཐག་ཏུ་ཁ་སྦུབ་བཞག །སྟེང་ནི་མི་ཡིས་མནན་བྱས་ལ། །ཁ་དང་སྣ་ནས་ཆུ་འབྱིན་བྱ། །ཡང་ན་ཕྱུགས་ལ་བཀལ་ནས་ནི། །མགོ་བོ་ཐུར་དུ་འཕྱང་དུ་བཅུག །དེ་ཡིས་ཆུ་ཐོན་མྱུར་དུ་འཚོ། །[2]ཞེས་གསུངས་ཡོད་པ་དང་། དེ་ལས་གསལ་པོར་ཤེས་དགོས་པ་ནི། མི་ཆུས་ཁྱེར་བ་ཆུ་ནང་ནས་བླངས་མ་ཐག་ཏུ་རྡོ་ཕ་བོང་སོགས་ཀྱི་སྟེང་ནས་ཁ་སྦུབ་ཏུ་མགོ་དང་ལུས་སྟོད་ཐུར་དུ་འཕྱངས་ཏེ་འཕོངས་མཐོ་བར་བྱས་ནས་འཇོག་དགོས་པ་དང་། དེ་རྗེས་རོ་རྒྱབ་ཕོ་གསང་ཚིགས་པ་བཅུ་གཉིས་པ་སོགས་ནས། ཕོ་བ་ཕ་བོང་གི་སྟེང་དུ་བཙུར་གནོན་བྱེད་ཅིང་ཁོང་གི་ཆུ་དེ་གང་ལྟར་ཕྱིར་སྐྱུགས་ཐབས་བྱེད་དགོས་པ་ཡིན། ཡང་འབྲོག་ཁུལ་ཕྱུགས་རྫི་སོགས་ཡིན་ན་མི་ཆུ་ནང་ནས་བཏོན་མ་ཐག་ཏུ། གཡག་གཡུང་མོ་རྒྱུན་དུ་ཁྱིམ་ཚང་གི་ཆུ་འགེལ་བའི་ཆུ་གཡག་གམ། ཕྱུགས་རྫིའི་བཞོན་པ་བྱེད་པ་སོགས་ཀྱི་རྒྱབ་ཏུ། ཁ་སྦུབ་ཏུ་ཕོ་བ་གཡག་གི་སྒལ་ཚིགས་འབུར་བོར་འཁེལ་ཏུ་བཅུག་སྟེ། གལ་ཏེ་འགེལ་བ་བཞིན་མགོ་རྐང་གཉིས་གཡས་གཡོན་དུ་འཕྱངས་བར་བྱེད་དགོས།
རྒྱུད་བཞིའི་སྨན་ཐང་ལས་བསྟན་པའི་ཆུ་ཆེན་མཚོན་པ་ཞེས་པ།
        དེ་ལྟར་བྱས་ན་ཡང་གཡག་རྒྱབ་ཀྱིས་མིའི་ལྟོ་བར་བཙིར་གནོན་ཐེབས་ཏེ་ཁོང་གི་ཆུ་ཁ་སྣ་ནས་ཕྱིར་སྐྱུག་ཐུབ་པ་ཡིན། ཁོང་གི་ཆུ་ཕྱིར་བསྐྱུགས་ཟིན་པ་ན་མི་དེ་མྱུར་སྐྱོབ་བྱས་པ་ཡིན། མི་ཆེ་བ་དག་འདི་ལྟར་མྱུར་སྐྱོབ་བྱེད་དགོས་པ་དང་། གལ་ཏེ་བྱིས་པ་ཡིན་ན། བྱིས་པའི་མགྲིན་པ་ཤས་བརྣངས་པ་མྱུར་སྐྱོབ་བྱེད་པ་ལྟར་དུ། མི་གཅིག་གིས་བྱིས་པའི་རྐང་པ་ནས་ཡར་བཏེགས་ཤིང་མགོ་བོ་ཐུར་དུ་འཕྱངས་པར་བྱེད་པ་དང་། མི་གཞན་ཞིག་གིས་བྱིས་བའི་ཕོ་བའི་རྒྱབ་མདུན་གཉིས་ནས། བཙིར་གནོན་བྱས་ཏེ་ཁོང་གི་ཆུ་ཁ་སྣ་གཉིས་ནས་ཕྱིར་སྐྱུག་པར་བྱས་ཆོག་པ་ཡིན། ཡང་ཁྲོ་རུ་མཁན་ཆེན་ཚེ་རྣམ་ཚང་ནས་ཀྱང་། མི་ཆུའི་ནང་དུ་ལྷུང་བ་འཕྲལ་དུ་ཆུ་ཁར་བཏོན་རྗེས་དེ་མ་ཐག་མགོ་བོ་ཐུར་དུ་བསྟན། ཁ་སྦུབ་ཏུ་བཞག་པའི་སྟེང་ནས་མི་གཅིག་གིས་ལྗིད་ཕབ་ནས་གནོན་ཙམ་གནོན་ཙམ་བྱས་པས་ཆུ་མང་དུ་སྐྱུགས་ཐུབ་ན་སོས་པར་འགྱུར་བས་དེ་ནས་དྲོ་བཅོས་བྱེད་དགོས།[3]ཞེས་གསུངས་ཡོད་པ་དང་། དེ་ལས་ཁོང་གིས་མི་ཆུས་ཁྱེར་བར་ཆུ་སྐྱུགས་སུ་བཅུག་རྗེས། དྲོ་བཅོས་བྱེད་དགོས་ཞེས་ཆུ་བསྐྱུགས་ཏེ་དྲན་པ་སོས་རྗེས། བོད་ལྭ་དྲོན་པོའམ། ཡང་ན་ཉལ་ཐུལ་མཐུག་པོ། ནུབ་གོས་དྲོད་ཅན་སོགས་གང་རུང་གཡོགས་ནས་ལུས་དྲོད་གསོ་ཞིང་ལུས་གྲང་ཤུམ་བྱེད་པ་བདེ་བར་བྱེད་པ་དང་། ཁོག་ཏུ་ཇ་ཚ་མོའམ་ཡང་ན་ཆུ་ཁོལ་དྲོན་མོ་བསྟེན་ཏུ་བཅུག་ནས། ཕོ་བའི་མེ་དྲོད་སྐྱེད་དགོས་པར་གསུངས་འདུག་པ་ལྟར་བྱེད་རྒྱུ་ནི་གལ་ཆེའོ། །གཞན་ཡང་ཙན་པ་ཤི་ལ་ཧས། ཇི་སྐད་དུ། མི་ཆུས་ཁྱེར་ཏེ་ཟིན་པའི་སྤྱད་ལ། ཁས་བུབ་ཏུ་བཞག་ལ་སྟེང་ནས་མིས་མནན་ཁ་སྣ་ནས་ཆུ་དབྱུང་བར་བྱ། ཡང་ན་ཕྱུགས་ལ་ལྟོ་བ་བཀལ་ལ་འགོ་བོ་མཐུར་ལ་འཕྱང་དུ་བཅུག་ལ་དེས་སོས་པར་འགྱུར་རོ། །[4]ཞེས་ཀྱང་གསུངས་འདུག་གོ །
རྒྱུད་བཞིའི་སྨན་ཐང་ལས་བསྟན་པའི་ཐེ་ཚོམ་གྱི་གྲུར་འགྲོ་བ་ཞེས་པ།
        ཚད་ལྡན་སྨན་ཁང་དང་ཁ་ཐག་རིང་ཡང་རྐང་རྗེན་སྨན་པ་ཡོད་པའམ། ཡང་ན་ཚད་ལྡན་སྨན་ཁང་དང་ཁ་ཐག་རིང་བ་མ་ཟད་རྐང་རྗེན་སྨན་པའང་ཉིན་མོའི་རྒྱུ་སྐར་གྱི་དཔེ་རུ་སོང་བའི་རྫ་ལུང་རི་ཀྱོག་ནས། བྱིས་པ་སོགས་མི་ཆུས་ཁྱེར་བ་གློ་བུར་དུ་མྱུར་སྐྱོབ་བྱ་དགོས་པའི་གནས་ཚུལ་དང་འཕྲད་ཚེ། རྐང་རྗེན་སྨན་པའམ་ཡང་ན་མི་སེར་ཕལ་བ་ཡིན་ན་ཡང་། ཧ་ལས་ཤིང་ཧང་སངས་ནས་མི་འདུག་པར། བོད་སྨན་མཁས་པའི་སྟབས་བདེའི་ཉམས་མྱོང་འདི་ལག་ཏུ་བསྟར་རྒྱུ་ནི་ཐུགས་འཇགས་མཛད་དགོས་འདུག་གོ །
        མདོར་ན། བྱིས་པ་རྣམས་ལ་མཚོན་ན། དབྱར་གནང་གི་སྐབས་སུ་ཕ་མས་ནམ་རྒྱུན་བྱིས་པར་ཆུར་བརྐྱལ་མི་ཉན་པའི་བསླབ་བྱ་མཛད་རྒྱུ་དང་། དབྱར་གནང་གཏོང་དུས་འཛིན་བདག་དགེ་རྒན་གྱིས་ཀྱང་སློབ་མ་རྣམས་ལ་ཆུའི་ཉེན་ཁར་འཛེམས་དགོས་པའི་ཁ་ཏ་བྱ་དགོས། གལ་ཏེ་བྱིས་པ་ཆུ་འགྲམ་ལས་རྩེད་མོ་རྩེ་ས་མེད་པ་ཡིན་ན། ཁྱིམ་བདག་གིས་བྱིས་པ་ཆུ་འགྲམ་དུ་རྩེད་དུས་སུ། ཆུ་མ་ཡོང་གོང་གི་རགས་ཀྱི་དཔེ་བཞིན་བྱིས་པར་ཆུར་བརྐྱལ་གྱི་འགག་ཐུང་བསྐོན་དགོས། དེ་ལྟར་བྱས་ཚེ་གལ་ཏེ་བྱིས་པ་ཆུར་ལྷུང་བ་ཡིན་ཡང་ཉེན་ཁ་ཅུང་ཆུང་ཞིང་སྲོག་སྐྱོབ་པའི་གོ་སྐབས་ལྟོས་བཅས་ཀྱིས་བཟང་བ་རེད། དེར་མ་ཟད་ཁྱིམ་བདག་རང་གིས་ཀྱང་ནམ་རྒྱུན་ཆུར་བརྐྱལ་འགག་ཐུང་གྲ་སྒྲིག་ཅི་ལེགས་བྱ་དགོས་ཤིང་། གལ་ཏེ་བྱིས་པ་སྐྱོབ་དགོས་བྱུང་ཚེ་རང་གིས་ཀྱང་ཆུར་བརྐྱལ་འགག་ཐུང་གོན་ནས་ཆུར་ལྡིང་དགོས། དེ་ལྟར་བྱས་ན་ཆུར་བརྐྱལ་འགག་ཐུང་མེད་པར་གློ་བུར་དུ་ཆུར་ཞུགས་པ་སྟེ། གཅེར་བུ་མདུང་ཁར་མཆོངས་པ་ལྟ་བུའི་ཉེན་ཁ་ལྟོས་བཅས་ཀྱི་ཆུང་བར་སྙམ། གང་ལྟར་ཆུ་འགྲམ་དུ་གནས་པའི་ཁྱིམ་ཚང་ཞིག་ལ་མཚོན་ན། བྱིས་པར་ཁ་ལྟ་མིག་ལྟ་དང་ཆུར་རྐྱལ་མི་ཉན་པའི་ཁ་ལ་སློབ་གསོ་ཡག་པོ་བྱེད་དགོས་པ་མ་ཟད། ཐ་ན་ཁྱིམ་བདག་དང་བྱིས་པ་གཉིས་ཀས་ཆུར་ལྷུང་ན་ཆུར་མི་ནུབ་ཅིང་ཆུས་མི་འཁྱེར་བའི་ཤེས་བྱ་མང་པོ་ཞིག་ལ་སློབ་སྦྱོང་བྱ་རྒྱུ་ཡང་ཁ་ཚ་དགོས་གཏུགས་ཤིག་རེད་སྙམ་མོ། །
 
དཔྱད་གཞིའི་ཡིག་ཆ།
[1] བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་པར་ཐེངས༣བཏབ། p༤༧
[2] མན་ངག་རིན་ཆེན་འབྱུང་གནས། འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༧ལོའི༡༢པར་པར་ཐེངས་དང་པོ་དཔར། p༧༡༠
[3] ཁྲོ་རུ་ཚེ་རྣམ་གྱི་གསུང་རྩོམ། ཁང་སར་བསོད་ནམས་འཆི་མེད་དང་གཡང་མེར་ཟུང་གིས་ཕྱོགས་བསྒྲིགས་ཞུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༣ལོའི་ཟླ༧པར་པར་ཐེངས༡བཏབ། P༡༦༨
[4] བི་ཇི་པོ་ཏི་ཁ་སེར། ཙན་པ་ཤི་ལ་ཧ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༦ལོའི་ཟླ་༡པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༤༥༡
2022-8-13
འབྲེལ་ཡོད་འོས་སྦྱོར།