logo

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྡོམ་ཤེས་བྱ་དང་འབྲེལ་བའི་གནད་དོན་གྱི་དྲི་བ་དྲིས་ལན།(གཉིས།)

རྩོམ་པ་པོ།: ཡོང་ཁུངས།:མཚོ་བྱང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། དུས་ཚོད།:2022-08-31 ཀློག་གྲངས།:
གཅིག པྲོག་གསར་གློ་ཚད་རིམས་ནད་བྱུང་སྐབས་ཀྱི་གཙོ་གནད་འདུ་གནས་ཞེས་པ་གང་ཡིན།
        པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྐབས་སུ། གཙོ་གནད་འདུ་གནས་ཞེས་པ་ནི་མི་མང་བོ་འདུ་ཞིང་འཁོར་རྒྱུག་རང་བཞིན་ཆེ་བ་དང་། འདུ་འཛོམས་རང་བཞིན་གྱི་རིམས་ནད་མཆེད་སླ་བའི་འདུ་གནས་ཏེ། དཔེར་ན། མིག་མངས་ཁང་དང་རླངས་འཁོར་འབབ་ཚུགས། གནམ་གྲུ་ཐང་། གྲུ་ཁ། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད། ལུས་སྦྱོང་རོལ་རྩེད་འདུ་གནས། སྐྲ་བཞར་ལུས་འཁྲུད་འདུ་གནས། ཞིང་ཞོར་ཐོན་རྫས(ཚོང་འདུས་ཉོ་ཚོང)ཁྲོམ་ར། ཚོང་རའི་སྒོ་རྩིས་ཚོང་ཁང་། གློག་བརྙན་ཟློས་གར་ཁང་། ཚོགས་འདུའི་ལྟེ་གནས། དཔེ་མཛོད་ཁང་། རྟེན་མཛོད་ཁང་། མཛེས་རྩལ་ཁང་སོགས་ཁང་པའི་ནང་གི་འདུ་གནས་དང་། ཚོང་ཟོག་འགྲེམས་འཚོང་དང་བཙོངས་རྗེས་ཀྱི་ཞབས་ཞུ་བྱེད་ས། ཆོས་ལུགས་བྱེད་སྒོ་སྤེལ་ས་སོགས་ཡིན།
གཉིས། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྐབས་ཀྱི་གཙོ་གནད་སྒྲིག་ཚན་ཞེས་པ་གང་ཡིན།
        པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྐབས་ཀྱི་གཙོ་གནད་སྒྲིག་ཚན་ནི་གཅིག་སྡུད་རང་བཞིན་གྱི་རིམས་ནད་མཆེད་སླ་བའི་སྒྲིག་ཚན་ལ་ཟེར་ཞིང་། དེའི་ནང་སྨན་བཅོས་སྒྲིག་ཚན་དང་བྱིས་པའི་ཕན་བདེ་ཁང་། རྒན་གསོ་ཁང་། ནད་གཡོག་ཁང་། ལྟ་སྐུལ་དོ་དམ་ཁང་། སློབ་གྲྭ། བུ་བཅོལ་སྒྲིག་ཚན། གསོ་སྦྱོང་སྒྲིག་ཚན་སོགས་ཚུད་ཡོད།
གསུམ། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྐབས་ཀྱི་གཙོ་གནད་མི་ཚོགས་ཞེས་པ་གང་ཡིན།
        པྲོག་གསར་ནད་དུག་མངོན་པའི་ཉེན་ཁ་ཆེ་བ་དང་བརྒྱུད་སྤེལ་ཉེན་ཁ་ཆེ་བ། འགོག་རྒོལ་ནུས་པ་ཅུང་དམའ་བ་བཅས་ཀྱི་མི་ཚོགས་ལ་ཟེར་ཞིང་། དེའི་ཁྲོད་དུ་སྨན་དོན་མི་སྣ་དང་། ཡུལ་སྤོར་དང་འགག་སྒོ། ཁྲོམ་རའི་ལྟ་སྐུལ་དོ་དམ་མ་ལག་བཅས་ཀྱི་འཐབ་ས་དང་པོའི་མི་སྣ། ཉེན་རྟོག་པ། བདེ་སྲུང་། ཁོར་སྲུང་ལས་བཟོ་པ། གཙང་སྦྲ་བྱེད་མཁན། འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་མི་སྣ། མྱུར་སྐྱེལ་ཕྱིར་འཚོང་མི་སྣ། མི་མང་འདུ་འཛོམས་བྱ་ཡུལ་གྱི་ཞབས་ཞུ་བ། ཆུ་གློག་དང་སོལ་རླངས་སོགས་ཀྱི་ལས་དོན་མི་སྣ། རྒན་པ། དལ་འཕར་རྨང་གཞིའི་རང་བཞིན་གྱི་ནད་ཕོག་མཁན། སྦྲུམ་མ། བྱིས་པ། རྨས་སྐྱོན་ཕོག་པའི་མི་སོགས་འདུ་བ་ཡིན།
བཞི། པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་གོ་རིམ་ཁྲོད་གང་དག་ལ་དོ་སྣང་བྱེད་དགོས།
        འགོག་ཁབ་རྒྱག་པའི་བརྒྱུད་རིམ་ཁྲོད། འགོག་ཁབ་རྒྱག་ཡུལ་གྱིས་གཤམ་གསལ་གྱི་དོན་ཚན་ལ་དོ་སྣང་དང་གཞོགས་འདེགས་བྱེད་དགོས་ཏེ། སྨན་ཁབ་མ་བརྒྱབ་སྔོན་དུ་པྲོག་གསར་ནད་དུག་འགོག་ཁབ་ཀྱི་འབྲེལ་ཡོད་ཤེས་བྱ་དང་འགོག་ཁབ་རྒྱག་པའི་བརྒྱུད་རིམ་སྔོན་ལ་རྒྱུས་ལོན་བྱེད་དགོས། སྨན་ཁབ་རྒྱག་དུས་འབྲེལ་ཡོད་ལག་ཁྱེར(ཐོབ་ཐང་ལག་ཁྱེར་དང་ལམ་ཡིག་སོགས)ཁྱེར་དགོས་པ་མ་ཟད། ས་གནས་དེ་གའི་འགོག་སྡོམ་གྱི་བླང་བྱ་གཞིར་བཟུང་ནས། རང་ཉིད་ལ་འགོག་སྲུང་ཡག་པོ་བྱེད་དགོས་པ་དང་། ཡུལ་དངོས་ཀྱི་འགོག་ཁབ་རྒྱག་པའི་ལས་དོན་མི་སྣའི་འདྲི་རྩད་ལ་གཞོགས་འདེགས་བྱས་ཏེ། རང་ཉིད་ཀྱི་བདེ་ཐང་གནས་ཚུལ་དང་འགོག་ཁབ་ཀྱི་འཛེམ་བྱ་སོགས་ཀྱི་ཆ་འཕྲིན་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས། སྨན་ཁབ་བརྒྱབ་རྗེས། སྐར་མ30ལ་ལྟ་རྟོག་བྱེད་དགོས་པ་དང་། སྐྱི་པགས་ཀྱི་གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས་པ་ལས། ལག་པས་འགོག་ཁབ་བརྒྱབ་སའི་གནས་ལ་རེག་མི་རུང་།
        གལ་ཏེ་འགོག་ཁབ་བརྒྱབ་པར་རྒྱུན་ལྡན་མིན་པའི་རྟགས་འདྲ་བྱུང་ན། སྨན་ཁབ་རྒྱག་མཁན་སྡེ་ཚན་ལ་སྙན་སེང་ཞུ་དགོས་པ་དང་། དགོས་མཁོ་ཡོད་ན་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།
ལྔ། འགོག་ཁབ་བརྒྱབ་རྗེས་ཆུ་ཚོད་ཕྱེད་ཀར་ལྟ་རྟོག་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།
        འགོག་ཁབ་བརྒྱབ་རྗེས་མི་ཉུང་ཤས་ཤིག་ལ་དོས་དྲག་རང་བཞིན་གྱི་ཚོར་ལོག་གི་རྟགས་བྱུང་བ་དང་མགོ་ཡོམ་འཁོར་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད། ཚེ་སྲོག་གི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོ་བའི་དོས་དྲག་རང་བཞིན་གྱི་ཚོར་ལོག་གི་རྟགས་མང་ཆེ་བ་སྨན་ཁབ་བརྒྱབ་རྗེས་ཀྱི་སྐར་མ30ཡི་ནང་འབྱུང་སྲིད། གལ་ཏེ་དོས་དྲག་རང་བཞིན་གྱི་ཚོར་ལོག་གི་རྟགས་བྱུང་ཚེ། ཡུལ་དངོས་སུ་དུས་ཐོག་ཏུ་སྨན་བཅོས་བྱེད་ཐབས་སྤྱོད་ཐུབ། མགོ་ཡོམ་འཁོར་ནས་བརྒྱལ་བའང་མང་ཆེ་བ་ནི་སྨན་ཁབ་བརྒྱབ་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་འབྱུང་བ་ཡིན། གལ་ཏེ་སྨན་ཁབ་བརྒྱབ་རྗེས་མྱུར་དུ་ལྟ་རྟོག་བྱ་ཡུལ་དང་ཁ་བྲལ་ན། མགོ་ཡོམ་འཁོར་བའི་རྐྱེན་གྱིས་འགོག་ཁབ་རྒྱག་ཡུལ་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཐེབས་སྲིད། དེར་བརྟེན། འགོག་ཁབ་རྒྱག་ཡུལ་འགོག་ཁབ་བརྒྱབ་རྗེས་སྨན་ཁབ་རྒྱག་མཁན་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་ས་ཁོངས་སུ་སྡོད་པའམ་ཆུ་ཚོད་ཕྱེད་ཀ་ཙམ་ལ་ལྟ་རྟོག་བྱེད་དུ་འཇུག་དགོས།
དྲུག ཅི་ཞིག་ལ་འགོག་ཁབ་ཀྱི་སྣང་ཚུལ་མི་ལེགས་པ་ཟེར།
        འགོག་ཁབ་ཀྱི་སྣང་ཚུལ་མི་ལེགས་པ་ཞེས་པ་ནི་ཚད་ལྡན་གྱི་འགོག་ཁབ་དེ་ཚད་ལྡན་གྱིས་བརྒྱབ་རྗེས། འགོག་ཁབ་རྒྱག་པའི་དམིགས་ཡུལ་དང་འབྲེལ་བ་མེད་པའམ་བསམ་ཡུལ་ལས་འདས་པའི་གནོད་འཚེའི་སྣང་ཚུལ་ཡོད་པར་ཟེར། དེར་སྤྱིར་བཏང་གི་སྣང་ཚུལ་དང་རྒྱུན་ལྡན་མིན་པའི་སྣང་ཚུལ་གཉིས་ཡོད། སྤྱིར་བཏང་གི་སྣང་ཚུལ་ནི་གཙོ་བོ་འགོག་ཁབ་རྒྱག་ཡུལ་ལ་བྱུང་བའི་ཅུང་མི་བདེ་བའི་སྣང་ཚུལ་ཡོད་ཀྱང་དྲག་སླ་བ་དང་ལུས་པོའི་སྣང་ཚུལ་ཕྲན་བུ་སྟེ། དཔེར་ན། འགོག་ཁབ་བརྒྱབ་ས་དམར་པོར་གྱུར་བ་དང་སྐྲངས་བ། སྲ་མོར་གྱུར་བ། ན་ཟུག་ལངས་པ་སོགས་ལུས་ཡོངས་ཀྱི་སྣང་ཚུལ་ལ་ཟེར། རྒྱུན་ལྡན་མིན་པའི་སྣང་ཚུལ་ནི་གཙོ་བོ་འགོག་ཁབ་རྒྱག་ཡུལ་གྱི་ཕུང་གྲུབ་དབང་བོའམ་བྱེད་ནུས་ལ་གནོད་འཚེ་ཐེབས་པའི་འབྲེལ་ཡོད་སྣང་ཚུལ་ལ་ཟེར་ཞིང་། བྱུང་ཚད་ཤིན་ཏུ་ཉུང་། དཔེར་ན་དོས་དྲག་རང་བཞིན་གྱི་ཚོར་ལོག་ཚབས་ཆེན་གྱི་སྣང་ཚུལ་ཡོད་པ་སོགས་ལྟ་བུ་ཡིན།

མཚོ་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འདོན་སྤྲོད་བྱས།
མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྱུར།

2022ལོའི་ཟླ8ཚེས26ཉིན།
འབྲེལ་ཡོད་འོས་སྦྱོར།