སྦྲུམ་མའི་ཟས་སྤྱོད་སྤང་བླང་གི་སྐོར།
རྩོམ་པ་པོ།:
ཡོང་ཁུངས།:གངས་ལྗོངས་མེ་ལོང་།
དུས་ཚོད།:2022-11-25
ཀློག་གྲངས།:
དང་པོ། སྦྲུམ་མ་སྤྱི་བཤད།
1. མངལ་གྱི་ཆགས་ཚུལ། མངལ་ཆགས་པ་ནི་བུད་མེད་ཕལ་ཆེར་ལོ་བཅུ་གཉིས་ལོན་ནས་ལྔ་བཅུ་མ་འདས་པའི་བར་དེར་ལུས་ཟུངས་ཀྱི་དྭངས་མ་ལས་བྱུང་ཞིང་མདངས་ཀྱི་སྙིགས་མའི་ཁམས་དཀར་དམར་གཉིས་ལས། དམར་ཆའི་ཆ་བསམ་སེའུར་གསོག་པར་མ་ཟད། དེ་ཡང་ཟླ་བ་རེ་རེའི་དུས་ཚིགས་སུ་བསམ་སེའུ་དང་འབྲེལ་བའི་བུ་སྣོད་ཀྱི་གཡས་གཡོན་རྩ་གཉིས་བརྒྱུད་དེ་བུ་སྣོད་དུ་ཞུགས་ཤིང་། མངལ་དུ་བསགས་པའི་ཁྲག་ཁ་དོག་ཅུང་ཟད་ནག་ཅིང་དྲི་མ་དང་བྲལ་བ་ཞིག་ཐུར་སེལ་རླུང་གིས་མངལ་གྱི་སྒོར་ཕྱུང་ནས་ཞག་གསུམ་གྱི་བར་དུ་ཅུང་ཟད་རེ་འཛག་པའི་དུས་ལུས་ཀྱི་ཉམས་ཤེད་ཆུང་ཞིང་བཞིན་རས་ངན་པ། ནུ་མ་དང་རྐེད་པ། མིག་སོགས་འགུལ་ཞིང་། དཀུ་ཞེས་མངལ་གཡོ་ལ། ཟླ་མཚན་ཡང་ལྡན་ཞིང་ཆགས་པས་ཀྱང་གཟིར་བ་ཡིན་ཕྱིར། སྐྱེས་པ་དང་མཉམ་དུ་བསྡད་དེ་བཟའ་ཚང་གི་འཚོ་བར་རོལ་ཚེ། དུས་དང་རྟེན་འབྲེལ་གྱི་དབང་གིས་ཕ་མའི་ཁུ་ཁྲག་སེམས་གསུམ་ལྷན་གཅིག་ཏུ་ཉིང་མཚམས་སྦྱར་ནས་མངལ་དུ་ཆགས་པར་འགྱུར་བའོ། །
2. མངལ་ཆགས་པའི་རྟགས། རྒྱུད་ལས། མངལ་ཆགས་མཚན་མས་ས་བོན་འཛིན་པ་དང་། འདོད་པ་ངོམས་ཤིང་ལུས་སྙོམས་ཤིང་ལྕི་བ་ཡིན། ཞེས་གསུངས་པ་ལྟར་རྐྱེན་སྣ་ཚོགས་འཛོམས་པ་སྟེ་ཕ་མའི་ཁུ་ཁྲག་སྐྱོན་གྱིས་མ་གོས་པ་དང་། ལས་འཛོམས་པ། རྣམ་ཤེས་བཅས་ལྷན་གཅིག་ཏུ་མངལ་དུ་ཆགས་པའི་རྟགས་སམ་མཚན་མ་ནི་ས་བོན་ཁུ་བ་དཀར་དམར་ནང་དུ་འཛིན་པ་དང་། དེའི་རེ་ཞིག་འདོད་པ་ངོམས་ཤིང་ཚིམ་པ། ལས་སྙོམ་པ་ཞེས་བྱ་བ་གང་ལའང་མི་སྤྲོ་བར་སྒྱིད་ལུག་པ་དང་། ལུས་ལྕི་བ། ཟླ་མཚན་ཆད་པ། སྙིང་གི་འཕར་གྲངས་ཇེ་མགྱོགས་སུ་འགྲོ་བ། ཉིན་ཞག་ཉི་ཤུ་ནས་སུམ་ཅུ་འགྲོ་བའི་སྐབས་སུ་སྐྱུག་མེར་ལངས་པ་དང་། སྐྱུར་བའི་རིགས་དང་ཟས་སྐོམ་སྣ་ཚོགས་ཟ་འདོད་པ། གཅིན་ཁ་སྙི་བ་བཅས་བྱུང་ན་ནི་མངལ་ཆགས་ངེས་པར་མ་ཟད། སྦྲུམ་མའི་དུས་ཀྱི་བརྒྱུད་རིམ་ནང་དེ་ཡང་ཞིབ་ཏུ་བརྗོད་ན་ཉ་ཡི་གནས་སྐབས་དང་། རུས་སྦལ་གྱི་གནས་སྐབས། ཕག་གི་གནས་སྐབས་གསུམ་དུ་མངལ་གནས་ཀྱི་བུ་དེའི་ལུས་ཁམས་རིམ་བཞིན་གསལ་བར་སྨིན་ནས་སྦྲུམ་མའི་རྒྱུ་ཞབས་རིམ་བཞིན་ཆེར་མངོན་ཏེ་ཕྱིར་འབུར་ཡོང་བ་ནི་མངལ་ཆགས་ཟིན་པའི་ཐོག་མའི་མངོན་རྟགས་རྫོགས་ནས་ཡོངས་སུ་སྨིན་ཞིང་རྒྱས་པའི་རྟགས་མཚན་ཡིན།
གཉིས་པ། སྦྲུམ་མའི་ཟས་སྐོམ་གྱི་སྤང་བླང་།
1. ཟས་ཀྱི་སྤང་བླང་། མ་ཡིས་རོ་དྲུག་དང་ལྡན་པའི་ཟས་སྐོམ་གང་རུང་ཟོས་པ་རྣམས་ཐོག་མར་ཕོ་བའི་མེད་དྲོད་གསུམ་གྱིས་མྱག་བཞུ་དྭངས་སྙིགས་ཕྱེ་ནས། དྭངས་མ་དེ་ཉིད་བསམ་སེའུ་ནས་མའི་བུ་སྣོད་གཡས་གཡོན་གྱི་རྩ་ལམ་བརྒྱུད་པ་དང་། དེ་ནས་མངལ་གནས་ལུས་ཅན་གྱི་ལྟེ་བར་བརྒྱུད་ནས་ལུས་ཉིད་འཕེལ་ཞིང་རྒྱས་པར་བྱ་དགོས་པས། བྱིས་པ་མངལ་གནས་དུས་སུ་བསྟེན་དགོས་པའི་ཁ་ཟས་ལ་སྦྲུམ་པའི་རང་བཞིན་དང་ཕོ་བའི་མེ་དྲོད། ཡུལ་དང་དུས་སོགས་དང་སྦྱར་ཏེ་རང་ཉིད་ཀྱིས་བཟའ་བར་འདོད་པའི་ཁ་ཟས་རྣམས་རན་པར་བསྟེན་དགོས། ལུས་ཟུངས་འཚོ་བའི་རྟེན་བྱེད་པའི་ཁ་ཟས་ལ་སྦྲུམ་མའི་རྒྱུན་དུ་རླུང་ལ་ཕན་ཞིང་ཁྲག་གསོ་བའི་ཟས་གཙོ་བོ་རྩམ་པ་དང་། འབྲས། གྲོ་ཕྱེ་སོགས་གཙོ་བྱས་ལུག་ཤ་དང་སྐམས་ཤ། ཤ་ཁུ། རུས་བཅུད་ཀྱི་ཁུ་བར་བཟང་པོ་དྲུག་དག་བཏབ་ནས་བསྟེན་པར་མ་ཟད། སྒོ་ང་དང་ཤིང་ཏོག་ངང་ལག ཀུ་ཤུ། ཚ་ལུ་མ། ཁམ་བུ། ལི་སོགས་སིལ་ཏོག་གི་རིགས་དང་། ཚལ་དཀར། ལ་ཕུག་དང་སྒོ་ང་འདྲེས་པའི་ཁུ་བ་སོགས་གང་འཕྲོད་རྣམས་བསྟེན་པར་བྱ་དགོས། སྦྲུམ་མའི་ལུས་ཟུངས་ལ་གནོད་ཆེ་བའི་ནུས་པ་ལྕི་བསིལ་དང་ལྡན་པ་ཉེས་པ་གསུམ་སློང་བར་བྱ་དགོས། སྔར་མ་གོམས་པའི་རིགས་གློ་བུར་དུ་མང་ཟ་བྱེད་པ། དུས་མིན་དུ་ཟ་བ་སོགས་ནི་མི་འཕྲོད་པར་དུག་ཏུ་འགྱུར་བས། དེ་འཕྲལ་དུ་མ་བུ་གཉིས་ཀའི་ཚེ་སྲོག་འདོར་བའམ་རླུང་ལ་སོགས་པའི་ཉེས་པ་འཁྲུགས་ནས་མི་བཟོད་པའི་ཟུག་རྔུ་འདེབས་པར་བྱེད་པས་ངེས་པར་དེ་དག་བསྡམས་ནས་ཟས་སྐོམ་ལེགས་པོ་ཞིག་བསྟེན་རྒྱུ་ནི་ཤིན་ཏུ་གལ་ཆེ།
2. སྐོམ་གྱི་སྤང་བླང་། སྐོམ་གྱི་རིགས་ལ་འོ་མ་དྲོན་མོ་དང་། ཞོ། ཆང་འཇམ། རུས་ཐང་། ཤ་ཁུ། ཆུ་སྐོལ་སོགས་སྦྲུམ་མའི་ལུས་ཁམས་དང་འདོད་ཕྱོགས་བཅས་ལ་བསྟུན་ནས་རན་ཙམ་བསྟེན་པར་བྱ་དགོས། ཡིན་ཡང་ཞག་གཅིག་འདས་པའི་ཆུ་སྐོལ་དང་། མི་གཙང་བ་ཚྭ་ཅན་གྱི་ཆུ། ཇ་གར་པོ། རང་བྱུང་མ་ཡིན་པ་མིས་བཟོ་བྱས་པའི་སྐོམ་ཆུ་སོགས་འཐུང་ཡུན་ལས་བརྒལ་བ་དང་། རྫས་འགྱུར་རང་བཞིན་ལྡན་པའི་ཁུ་བ་སོགས་དང་། ཁ་ཧྥེ་དང་ཨ་རག་རིགས་མཐའ་དག་ཀྱང་གང་ཐུབ་ཀྱིས་སྤང་བར་བྱ་དགོས། ལྷག་པར་མངལ་སྦྲུམ་པའི་དུས་ཨ་རག་སོགས་འཐུང་དྲགས་ནས་ར་རོ་བར་གྱུར་ཏེ་ཐང་དུ་འགྱེལ་བ་སོགས་ཀྱིས་བྱིས་པ་མངལ་ཤོར་ཡང་འབྱུང་ལ། མཆིན་ནད་ཡང་འབྱུང་ཉེན་ཆེ་བའི་སྐོམ་སོགས་གང་འདོད་དུ་མི་བསྟེན་པར་དེ་དག་གི་ཡོན་ཏན་དང་སྐྱོན་སོགས་ཤེས་པར་བྱས་ཏེ་སྦྲུམ་མའི་ལུས་ཀྱི་དགོས་མཁོ་དང་བསྟུན་ནས་ལེགས་པར་བསྟེན་དགོས་སོ། །
གསུམ་པ། སྦྲུམ་མའི་སྤྱོད་ལམ་གྱི་སྤང་བླང་།
སྤྱོད་ལམ་ཞེས་པ་ནི་སྒོ་གསུམ་པོ་བྱ་བའི་ཡུལ་ལ་འཇུག་པའི་སྤྱོད་པ་སྟེ་གང་དང་གང་ལ་དེ་དང་དེས་ཉེ་བར་ལོངས་སྤྱོད་པ་ཞིག་ལ་ཟེར་ཞིང་། སྦྲུམ་མའི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཡང་དག་པར་བསྟེན་ན་རང་ཉིད་ལ་ནད་མི་འབྱུང་བར་མ་ཟད་མ་བུ་གཉིས་ཀྱི་བདེ་ཐང་ལའང་ཕན་པ་ཆེན་པོ་ལྡན་པས་སྤྱོད་ལམ་གང་དག་རང་ཉིད་ཀྱི་ལམ་དུ་ཁྱེར་རུང་བ་དང་གང་དག་མི་རུང་བ་ཡིན་པ་ཤེས་དགོས་པར་མ་ཟད། རྒྱུན་ལྡན་གྱི་མི་ལྟར་རང་གི་ལུས་སེམས་དང་མཐུན་པའི་སྤྱོད་པ་ཡག་པོ་བྱ་དགོས། རང་ཉིད་ལ་མངལ་ཆགས་པའི་རྟགས་བྱུང་རྗེས་དུས་རྒྱུན་དུ་འོས་འཚམ་གྱིས་འགུལ་སྐྱོད་བྱེད་པ་དང་། རྒྱུན་པར་ལུས་ལ་ཆུ་གཙང་དྲོ་འཇམ་གྱིས་ཁྲུས་བྱེད་པ། དེ་བཞིན་དུ་བདུན་ཕྲག་རེ་རེ་བཞིན་མངལ་གནས་ཀྱི་བུ་དེ་ཇི་ལྟར་ཇེ་ཆེར་འགྲོ་བ་ཇི་བཞིན་དེ་དང་འཚམ་པའི་རྩོལ་བཅག་དང་ངལ་གསོ། ཉལ་སྟངས། གོན་པ་སོགས་གང་ལ་དེ་འཚམ་བྱ་དགོས། ད་དུང་ཁོར་ཡུག་གི་གཙང་སྦྲ་ལ་ཡང་དོ་སྣང་བྱས་ཏེ་མ་བུ་གཉིས་ཀའི་བདེ་ཐང་ལ་ཤུགས་སྣོན་རྒྱག་པ་དང་། ལྷག་པར་བྱིས་པ་སྐྱེས་རན་པའི་དུས་སུ་མའི་ཉེ་འཁོར་སོགས་ལ་གཙང་སྦྲ་ལེགས་པོ་བྱ་དགོས། འདི་ནི་མོ་ནད་དང་མངལ་གནས་ཀྱི་ཕྲུ་གུ་སོགས་ལ་ནད་མི་འབྱུང་བའི་དགེ་མཚན་ཉག་གཅིག་རེད། གཞན་ཡང་དངོས་པོ་འདེགས་འཁུར་སོགས་ཀྱི་ལས་ཆེན་པོ་བྱེད་པ་དང་། དུས་ཡུན་རིང་བོར་རྐེད་པ་སྒུར་བ་དང་ཙོག་པུར་བསྡད་དེ་ལས་ཀ་ལས་པ། ཆུ་གྲང་དུ་ཞུགས་པ། ས་སྲ་མོ་བརྐོ་བ། སྐ་རགས་དམ་པོར་བཅིང་བ། དུས་ཡུན་རིང་བོར་ཁ་བརྡ་བྱེད་པ་དང་། ཡང་ན་སྐད་ཆེན་པོས་དཔེ་ཆ་འདོན་པ། སེམས་ལས་ཆེ་བ། ཞིང་ཕྱུགས་ཀྱི་སྨན་རྫས་དང་གཞན་པའི་དུག་ཡོད་དངོས་པོར་ཐུག་རེག་བྱེད་པ། བཤང་གཅི་སོགས་བཀག་པའམ་ཤེད་ཀྱིས་བཙིར་བ། གཉིད་ལོག་པའི་དུས་ཚོད་མ་འདང་བ་སོགས་འདུ་བ་གསུམ་འཁྲུགས་པར་བྱས་ཏེ་ནང་མང་པོ་སློང་བར་བྱེད་པ་དང་། ཡང་ན་བྱིས་པ་མངལ་ལས་ཤོར་བ་དང་སྔ་སྐྱེས་ཀྱི་གནས་ཚུལ་སོགས་འབྱུང་བའི་སྤྱོད་ལམ་གྱི་རིགས་སོགས་སྤང་དགོས། དེ་མིན་གློག་ཀླད་དང་ལག་ཁྱེར་ཁ་པར་སོགས་གློག་ཆས་རིགས་བེད་སྤྱོད་བྱ་རྒྱུ་ཇེ་ཉུང་དུ་གཏོང་བ་དང་། ལྷག་པར་མངལ་སྦྲུམ་པའི་ཐོག་མའི་ཟླ་བ་གསུམ་གྱི་རིང་ལ་CTདངXགློག་པར་གྱི་བརྟག་ཆས་སོགས་ངེས་པར་སྤང་དགོས། མངལ་ཆགས་པའི་དུས་མགོའི་ཟླ་གསུམ་གྱི་རིང་ལ་བུ་རོགས་ཆ་ཚང་ཞིག་ཆགས་མེད་པས་བཟའ་ཚང་མཉམ་དུ་མ་བསྡད་ན་བཟང་ལ། ཁྱད་པར་གཉེན་སྒྲིག་པའི་རྗེས་སུ་རང་ཤུགས་ཀྱིས་བྱིས་པ་མངལ་ཤོར་བྱུང་མྱོང་བའི་བུད་མེད་དེ་བཟའ་ཚང་དུ་མཉམ་དུ་གཏན་ནས་འདུག་མི་རུང་བ་དང་ཡང་ན་ཚོད་འཛིན་བྱ་དགོས། མངལ་ཆགས་ནས་མཇུག་མཐའི་ཟླ་གསུམ་གྱི་རིང་ལ་བསླེབས་པ་དང་། ལྷག་པར་བྱིས་པ་སྐྱེས་རན་པའི་སྔོན་གྱི་ཟླ་གཅིག་གི་རིང་ལ་བཟའ་ཚང་དང་མཉམ་དུ་འདུག་མི་རུང་། མངལ་ཆགས་ནས་ཟླ་དྲུག་ལྷག་འགོར་རྗེས་ཕྱིའི་རྐྱེན་གྱིས་ཕོག་ཐུག་བྱེད་སླ་བས་འགུལ་སྐྱོད་སོགས་ལུས་ཀྱི་སྤྱོད་ལམ་ལ་ངེས་པར་གཟབ་དགོས།
བཞི་པ། སྦྲུམ་མའི་སྨན་དཔྱད་ཀྱི་སྤང་བླང་།
སྦྲུམ་མའི་དུས་སུ་ཟས་སྤྱོད་སོགས་ཀྱི་དབང་གིས་རྒྱུན་མཐོང་བླ་གཉན་ནད་དེ་སྙིང་མི་བདེ་བ་དང་། གཉིད་ཡེར་བ། ཁྲག་ཤེད་མཐོ་བ། ཆམ་པ། ལུས་པོ་སྐྲངས་པ་སོགས་དང་། ཡང་ན་སྦྲུམ་མ་ལ་ལར་སྔོན་ནད་རྙིང་མཁྲིས་ཚད་དང་སྨུག་པོ། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་སོགས་སླར་འཕར་སྲིད་པས། འདི་དག་ལ་སྔོན་འགོག་དང་མཉམ་འཇོག་བྱ་དགོས། གལ་ཏེ་ནད་འདི་དག་ལྡང་ནས་སྨན་སོགས་ངེས་པར་བསྟེན་དགོས་ཚེ་སྨན་ཁང་དུ་སོང་ནས་སྨན་པའི་མངགས་བཀོད་ལྟར་ཕོ་བའི་འཇུ་བདེ་ཞིང་སྨན་ནུས་མྱུར་དུ་ཐོན་ཐུབ་པ། མངལ་གནས་ཀྱི་བུ་ལ་གནོད་པ་མེད་པའི་སྨན་སོགས་བསྟེན་དགོས། །

འབྲེལ་ཡོད་འོས་སྦྱོར།