རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་གསར་པ་བཅུ་བཏོན་པ།
རྩོམ་པ་པོ།:མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-12-09
ཀློག་གྲངས།:
སྔར་ལས་ལྷག་པར་རིམས་ནད་འགོག་སྡོམ་ལ་ལེགས་སྒྱུར་བྱ་ཆེད་བྱེད་ཐབས་གསར་པ་བཅུ་བཏོན་པ།
ཟླ12པའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་ནང་རྐྱེན་ཕྱོགས་བསྡུས་ཚན་ཁག་གིས«པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྡོམ་བྱེད་ཐབས་སྔར་ལས་ལེགས་སྒྱུར་དང་དངོས་འབེབ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ»བཀྲམ་ཤིང་། ནང་དོན་ཆ་ཚང་གཤམ་གསལ་ལྟར།
(དང་པོ) ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་ཉེན་ཁའི་ས་ཁོངས་བཀར་བ།
ཐོག་ཁང་དང་སྡེ་ཚན། ཐོག་བརྩེགས། སྡོད་དམངས་བཅས་ལ་ཉེན་ཁ་ཆེ་བའི་ས་ཁུལ་དུ་དབྱེ་འབྱེད་གཏན་འབེབས་བྱེད་པ་ལས། སྡོད་ཁུལ་དང་སྡེ་ཁུལ། སྲང་ལམ(ཞང་དང་གྲོང་རྡལ)སོགས་ཀྱི་ས་ཁོངས་ལ་རང་དགར་སྒོས་རྒྱ་སྐྱེད་བཏང་ནས་བཀག་སྡོམ་བྱ་མི་ཆོག་ལ། བྱེད་ཐབས་གཞན་དག་བརྒྱུད་ནས་གནས་སྐབས་ཙམ་གྱི་བཀག་སྡོམ་དང་ཚོད་འཛིན་སོགས་ཀྱི་བྱེད་ཐབས་ཀྱང་སྤྱོད་མི་ཆོག
(གཉིས་པ) སྔར་ལས་ལྷག་པར་ཉིང་སྐྱུར་བརྟག་དཔྱད་ཀྱི་བྱ་བ་ལེགས་སྒྱུར་བྱ་དགོས།
ཉིང་སྐྱུར་བརྟག་དཔྱད་ཀྱི་ཁྱབ་ཁོངས་སྔར་ལས་ཇེ་ཆུང་དུ་གཏོང་བ་དང་བརྟག་དཔྱད་བྱེད་ཐེངས་ཇེ་ཉུང་དུ་གཏོང་དགོས་པ་ལས་སྲིད་འཛིན་གྱི་ས་ཁོངས་ལྟར་ཁོངས་མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་མི་ཆོག རིམས་འགོག་ལས་དོན་གྱི་དགོས་མཁོ་ཡོད་ན་འགོག་རྫས་ཞིབ་དཔྱད་ཚད་ལེན་བྱ་ཆོག
ཉེན་ཁ་ཆེ་བའི་ལས་རྐང་གི་ལས་མི་དང་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མི་སྣར་འབྲེལ་ཡོད་གཏན་འབེབ་ལྟར་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་མོད། མི་སྣ་གཞན་པ་རྣམས་རང་འདོད་ལྟར་བརྟག་དཔྱད་བྱེད་འདོད་ཡོད་ཚེ་ཞིབ་བཤེར་བྱ་ཆོག
རྒན་གསོ་ཁང་དང་ཕན་བདེ་ཁང་། སྨན་ལས་སྡེ་ཁག བུ་བཅོལ་ཁང་། སློབ་གྲྭ་ཆུང་འབྲིང་སོགས་དམིགས་གསལ་ས་ཁུལ་ལས་གཞན་པའི་ས་ཁུལ་དུ་ཉིང་བསྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་དང་བདེ་ཐང་ཨང་རིས་ལ་བལྟ་མི་དགོས།
གཙོ་གནད་ལས་ཁུངས་དང་ཁེ་ལས་ཆེ་གྲས། དམིགས་འཛུགས་ཀྱི་ས་ཁུལ་བཅས་ལ་ཁོངས་གཏོགས་ས་ཁུལ་རང་གིས་འགོག་སྡོམ་གྱི་བྱེད་ཐབས་གཏན་ཁེལ་བྱ་ཆོག
ས་ཁོངས་བརྒལ་ནས་འགུལ་སྐྱོད་བྱེད་པའི་མི་སྣའི་ཉིང་སྐྱུར་བརྟག་དཔྱད་གྱི་མཇུག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་དང་བདེ་ཐང་ཨང་རིས་ལ་བལྟ་མི་དགོས་པ་མ་ཟད། དམིགས་སར་འབྱོར་བའི་བརྟག་དཔྱད་ཀྱང་བྱ་མི་དགོས།
(གསུམ་པ) ལོག་བཀར་རྣམ་པ་ལེགས་སྒྱུར་བྱ་དགོས།
རིམས་ནད་བགོས་ཡོད་མཁན་ལ་ཚན་རིག་ལྟར་དབྱེ་འབྱེད་སྨན་བཅོས་བྱ་དགོས་སྟེ། ནད་རྟགས་མེད་པའི་ནད་པའམ་ནད་པ་ཡངས་མོ་ཅན་ཡིན་ན་ཁྱིམ་སྡོད་ལོགས་བཀར་བྱེད་པའི་ཆ་རྐྱེན་འཛོམས་ཚེ་སྤྱིར་བཏང་དུ་ཁྱིམ་སྡོད་ལོག་བཀར་བྱ་ཆོག་ལ། རང་འདོད་ལྟར་གཅིག་བསྡུས་ལོགས་བཀར་བྱས་ཀྱང་ཆོག ཁྱིམ་སྡོད་ལོགས་བཀར་བྱེད་སྐབས་བདེ་ཐང་ལ་ཞིབ་བཤེར་བྱེད་དགོས་ཏེ། ལོགས་བཀར་བྱས་པའི་ཉིན6པ་དང7གཉིས་ལ་བསྟུད་མར་ཐེངས2ལ་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པ་དང་། ཉིང་སྐྱུར་བརྟག་དཔྱད་ཀྱིctགྲངས≥35ཡིན་ན་ད་གཟོད་ལོགས་བཀར་བྱེད་མཚམས་འཇོག་ཆོག གལ་ཏེ་ནད་གཞི་ཇེ་བཙོག་ལ་གྱུར་ཚེ་དུས་ཐོག་ཏུ་གཏན་ཁེལ་སྨན་ཁང་དུ་སྨན་བཅོས་བྱེད་དགོས།
ཁྱིམ་སྡོད་ལོགས་བཀར་གྱི་ཆ་རྐྱེན་འཛོམས་ཤིང་འབྲེལ་འདྲིས་དམ་ཟབ་ཅན་ཡིན་ན་ཉིན5རིང་ཁྱིམ་སྡོད་ལོགས་བཀར་བྱ་ཆོག་ལ། རང་འདོད་ལྟར་གཅིག་བསྡུས་ལོགས་བཀར་བྱས་ཀྱང་ཆོག ལོགས་བཀར་བྱས་པའི་ཉིན5པའི་བརྟག་དཔྱད་མཇུག་འབྲས་སྲིབ་གཤིས་ཡིན་ཚེ་ལོག་བཀར་བྱེད་མཚམས་འཇོག་ཆོག
(བཞི་བ) ཉེན་ཁ་ཆེ་བའི་ས་ཁུལ་ལ“མྱུར་བཀག་མྱུར་གྲོལ”གྱི་ལམ་སྲོལ་དངོས་འབེབས་བྱེད་དགོས།
ཉེན་ཁ་ཆེ་བའི་ས་ཁུལ་དུ་བསྟུད་མར་ཉིན5རིང་ནད་དུག་འགོས་པའི་ནད་པར་གསར་བ་གཅིག་ཀྱང་མ་བྱུང་ཚེ་དུས་ཐོག་ཏུ་བཀག་སྡོམ་ལྷོད་དགོས།
(ལྔ་བ) མང་ཚོགས་ཀྱི་གཞི་རྩའི་སྨན་རྫས་དགོས་མཁོ་ལ་ཁག་ཐེག་བྱ་དགོས།
ས་གནས་སོ་སོའི་སྨན་རྫས་ཚོང་ཁང་རྣམས་རྒྱུན་ལྡན་ལྟར་གཉེར་སྐྱོང་བྱ་རྒྱུ་ལས་གང་འདོད་ལྟར་སྒོ་བརྒྱག་མི་ཆོག དྲ་ལམ་དང་ཡུལ་དངོས་ནས་ཚ་བ་ཞི་བ་དང་གློ་ལུད། དུག་འགོག ཆམས་ནད་སོགས་ཀྱི་སྨན་ཉོ་བར་ཚོད་འཛིན་ཅི་ཡང་བྱེད་མི་ཆོག
(དྲུག་པ) མགྱོགས་མྱུར་སྒོས་རྒན་རྒོན་ལ་པྲོག་གསར་ནད་དུག་གི་འགོག་སྨན་བརྒྱག་པར་སྐུལ་འདེད་གཏོང་དགོས།
ས་གནས་སོ་སོས་མུ་མཐུད་ནས་རིམས་འགོག་སྨན་ཁབ་བརྒྱག་འོས་ཡོངས་རྒྱག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ལོ་ན60—79བར་གྱི་རྒན་རྒོན་ལ་འགོག་སྨན་བརྒྱག་ཚད་མཐོ་རུ་གཏོང་བ་དང་། ལོ་ན80ཡན་གྱི་མི་ཚོགས་ལ་སྨན་ཁབ་བརྒྱག་པར་ཆེད་དུ་བཀོད་སྒྲིག་བྱ་དགོས།
རྒན་རྒོན་རྣམས་ལ་ལྗང་མདོག་བགྲོད་ལམ་དང་གནས་སྐབས་ཀྱི་སྨན་ཁབ་བརྒྱག་ས། སྐོར་སྐྱོད་ཀྱི་སྨན་ཁབ་བརྒྱག་པའི་རླངས་འཁོར་སོགས་ཀྱི་བྱེད་ཐབས་སྤྱད་ནས་སྨན་ཁབ་བརྒྱག་པའི་ཞབས་ཞུ་ལེགས་སྒྱུར་བྱ་དགོས།
རིམ་པ་བཞིན་སྨན་བཅོས་མི་སྣར་ཚན་རིག་དང་མཐུན་པའི་སྨན་ཁབ་བརྒྱག་སྟངས་དང་སྨན་ཁབ་བརྒྱག་དུས་ཀྱི་འཛེམ་བྱ་སྐོར་གསོ་སྦྱོང་བྱས་ཏེ་སྨན་ལས་མི་སྣར་ཚན་རིག་ལྟར་སྨན་ཁབ་བརྒྱག་པ་དང་འཛེམ་བྱ་དབྱེ་འབྱེད་བྱེད་པར་མཛུབ་ཁྲིད་བྱེད་དགོས།
ཚན་རྩལ་ཁྱབ་གདལ་གྱི་དྲིལ་སྒྲོག་བྱ་བ་ཞིབ་ཚགས་སུ་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་རྒན་རྒོན་ལ་སྨན་ཁབ་བརྒྱག་པར་སྐུལ་སློང་བྱ་དགོས་པ་མ་ཟད། ས་གནས་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་རྒན་རྒོན་ལ་རིམས་འགོག་སྨན་ཁབ་བརྒྱག་པའི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱ་དགོས།
(བདུན་པ) གཙོ་གནད་མི་སྣའི་བདེ་ཐང་གནས་ཚུལ་ལ་རྒྱུས་ལོན་དང་རིགས་དབྱེ་དོ་དམ་བྱེད་པར་ཤུགས་སྣོན་དགོས།
གཞི་རིམ་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས“དྲ་མཐིལ”དང་ཁྱིམ་ཚང་གི་བདེ་ཐང་སྲུང་བའི“སྒོ་སྲུང་བའི”ནུས་པ་འདོན་སྤེལ་བྱས་ཏེ། ཁོངས་གཏོགས་ས་ཁུལ་དུ་སྙིང་དང་ཁྲག་རྩའི་ནད་དང་། དལ་འགོག་གློ་ནད། གཅིན་པ་མངར་འགྱུར་གྱི་ནད། དལ་བའི་རང་བཞིན་གྱི་མཁལ་ནད། སྐྲན་ནད། རིམས་འགོག་ནུས་པ་ཞན་པ་སོགས་ཀྱི་ནད་གཞི་ཕོག་པའི་རྒན་རྒོན་ཡོད་མེད་དང་པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་བརྒྱབ་ཡོད་མེད་ཀྱི་གནས་ཚུལ་རྒྱུས་ལོན་བྱས་ནས་རིམ་བཀར་རིམ་དབྱེ་སྒོས་དོ་དམ་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།
(བརྒྱད་པ) སྤྱི་ཚོགས་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པ་དང་གཞི་རྩའི་སྨན་བཅོས་ཞབས་ཞུ་ལ་ཁེག་ཐག་བྱ་དགོས།
ཉེན་ཁ་ཆེན་པོ་མེད་པའི་ས་ཁུལ་ཀྱི་མི་སྣ་འགྲོ་འོང་ལ་བཀག་འགོག་བྱ་ཆོག་པ་མ་ཟད། གང་འདོད་ལྟར་ལས་མཚམས་འཇོག་པ་དང་ཐོན་སྐྱེད་བྱེད་མཚམས་འཇོག་པ། ལས་མཚམས་འཇོག་པ་བཅས་བྱ་མི་ཆོག སྨན་ལས་མི་སྣ་དང་སྤྱི་བདེ། འགྲིམ་འགྲུལ་ཟོག་འགྲེམ། ཚོང་ཁང་། ཆུ་གློག་རླངས་དྲོད་སོགས་གཞི་རྩའི་སྨན་བཅོས་ཞབས་ཞུ་དང་སྤྱི་ཚོགས་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་པའི་མི་སྣ་རྣམས“མིང་ཐོ་དཀར་པོ”ནང་བཅུག་ནས་དོ་དམ་བྱ་རྒྱུ་དང་། དེ་འབྲེལ་ཀྱི་མི་སྣ་རྣམས་མི་སྒེར་གྱི་འགོག་སྲུང་བཟང་བོ་བསྒྲུབ་རྒྱུ་དང་རིམས་འགོག་སྨན་ཁབ་བརྒྱག་པ། བདེ་ཐང་ལྟ་ཞིབ་ཚད་ལེན་བཅས་བྱས་ཏེ་བྱ་བའི་སྒྲིམ་ལམ་ལྟར་རྒྱུན་གཏན་གྱི་སྨན་བཅོས་ཞབས་ཞུ་དང་། གཞི་རྩའི་འཚོ་བའི་དངོས་ཟོག ཆུ་གློག་རླངས་དྲོད་སོགས་མཁོ་འདོན་གྱི་ལས་ཀ་བསྒྲུབ་གང་ཐུབ་བྱེད་དགོས། མང་ཚོགས་ཀྱིས་བཏོན་པའི་ཛ་དྲག་དང་དཀའ་ངལ། རེ་སྒུག་བྱེད་བཞིན་པའི་གནད་དོན་རྣམས་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ་དང་རིམས་ནད་ཐག་གཅོད་བྱེད་པའི་དུས་ཚོད་ནང་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་སྐོང་ཅི་ཐུབ་བྱེད་དགོས།
(དགུ་བ) རིམས་འབྲེལ་གྱི་བདེ་འཇགས་འགན་སྲུང་བྱ་བ་ནན་གྱིས་བསྒྲུབ་དགོས།
བྱེད་ཐབས་སྣ་ཚོགས་གྱིས་མེ་གསོད་མེ་འགོག་གི་བགྲོད་ལམ་དང་སྡེ་ཚན་གྱི་སྒོ། སྡོད་ཁུལ་གྱི་སྒོ་ཆེན་སོགས་ལ་བཀག་འགོག་བྱེད་པའི་བྱ་སྤྱོད་གཏན་འགོག་བྱས་ཏེ་མང་ཚོགས་རྣམས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པ། ཉེན་གཡོལ་བྱེད་པ་སོགས་ཕྱི་ཕྱོགས་སུ་འགྲོ་བར་བཀག་འགོག་ཅི་ཡང་མི་ཐེབས་པ་ཁག་ཐག་བྱེད་དགོས། དེ་མིན་སྡེ་ཁུལ་དང་ཆེད་དོན་སྨན་བཅོས་ལས་ཁུངས་བར་འབྲེལ་མཐུད་ལམ་སྲོལ་འཛུགས་ཏེ་ཁེར་སྡོད་རྒན་རྒོན་དང་ནར་མ་སོན་པའི་བྱིས་པ། སྦྲུམ་མ། དབང་བོ་སྐྱོན་ཅན། གཅོང་ནད་ཕོག་མཁན་སོགས་ལ་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་དགོས། བཀག་སྡོམ་ཚོད་འཛིན་མི་སྣ་དང་ནད་པ། འཐབ་ཕྱོགས་དང་པོའི་ལས་བྱེད་མི་སྣ་སོགས་ལ་ཐུགས་ཁུར་དང་སེམས་ཁམས་ཁྲིད་སྟོན་ཀྱི་ནུས་ཤུགས་ཆེ་རུ་གཏོང་དགོས།
(བཅུ་བ) སྔར་ལས་ལྷག་པར་སློབ་གྲྭའི་རིམས་ནད་བཀག་སྡོམ་གྱི་བྱ་བ་ལེགས་སྒྱུར་བྱ་དགོས།
ས་གནས་སོ་སོའི་སློབ་གྲྭ་རྣམས་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ལེགས་པོ་བྱས་ཏེ། རིམས་ནད་བྱུང་མེད་པའི་སློབ་གྲྭ་རྣསས་རྒྱུན་ལྡན་ལྟར་ཡུལ་དངོས་ནས་སློབ་ཁྲིད་བྱེད་མགོ་རྩོམ་རྒྱུ་དང་སློབ་གྲྭའི་ནང་གི་སྒོ་རྩིས་ཚོང་ཁང་དང་། ཟ་ཁང་། ལུས་རྩལ་ཁང་། དཔེ་མཛོད་ཁང་སོགས་རྒྱུན་ལྡན་ལྟར་སྒོ་འབྱེད་དགོས། ད་རུང་རིམས་ནད་ཡོད་པའི་སློབ་གྲྭ་དག་གིས་ཉེན་ཁའི་ས་ཁོངས་དབྱེ་འབྱེད་གཏན་འཁེལ་བྱས་ཏེ། ཉེན་ཁ་མེད་པའི་ས་ཁོངས་སུ་སྔར་བཞིན་རྒྱུན་ལྡན་གྱི་སློབ་ཁྲིད་དང་འཚོ་བ་རོལ་ཐུབ་པར་ཁག་ཐེག་བྱེད་དགོས། །
འབྲེལ་ཡོད་འོས་སྦྱོར།