༄༅། །བོད་ཀྱི་ཆུ་སྣོད་དང་འབྲེལ་བའི་བདེ་ཐང་གླེང་བ།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-12-19
ཀློག་གྲངས།:
འགོ་བརྗོད།
དེང་སྐབས་ཨ་མདོའི་འབྲོག་ཁུལ་གཙོས་བོད་པ་མང་པོས་བདེ་ཐང་ལ་བསམ་བློ་མི་གཏོང་བར། འགྱིག་གི་ཆུ་སྣོད་ཀྱིས་གནམ་འོག་བཀང་བཞིན་པའི་གནས་བབ་སྐྱོ་བོར་སྐྱི་གཡའ་བ་དང་། རང་ཉིད་ཀྱང་ཕ་ས་འབྲོག་གི་སྨན་པ་ཞིག་ཡིན་པའི་ཆ་ནས་སེམས་ཁྲལ་ཆེ་བ་དང་། སྤུན་ཟླ་འགྱིག་དགའ་ཚོར་བདེ་ཐང་གི་འབོད་སྐུལ་ཙམ་ཡང་མ་བཏང་ན་བློས་མི་ལོངས་པར་འདུག་པས། ཁོང་རྣམ་པས་ཆུ་ཡི་ངོ་བོ་ཞག་གཅིག་མ་ལོན་པར་འགྱུར་སླ་བའི་འགྱིག་གི་ཆུ་སྣོད་དོར་ན་ཅི་མ་རུང་སྙམ་ནས། ཞག་མང་པོར་ཆུ་ཡི་ནུས་པ་སྲུང་འཛིན་བྱེད་ནུས་པའི་ཟངས་དང་རྫ་མ་ཁྲོ་ལྕགས་སོགས་ཀྱི་ཆུ་སྣོད་ཀྱི་དགེ་མཚན་གསོ་རིག་གི་གཞུང་དང་བསྟུན་ནས་ངོ་སྤྲོད་བྱ་འདོད་ཀྱི་ཀུན་སློང་ཞིག་དང་བྲེད་དངངས་ཤིག་གིས་རྩོམ་ཐུང་འདི་བྲིས་པ་ཡིན།
དང་པོ། ཆུ་ཡི་གལ་ཆེན་རང་བཞིན།
འདིར་ནི་ཐུན་མོང་འཕྲོད་བསྟེན་རིག་པའི་ཁོངས་གཏོགས་བཟའ་བཏུང་ཤེས་བྱའི་ནང་གསེས་ཆུ་སྣོད་གླེང་དུས། དེ་ལ་ཐོག་མར་ཆུ་ཡི་ཕན་ནུས་ནི། གཙང་སྨན་ཡེ་ཤེས་བཟང་པོས། ཆུ་ནི་སྲོག་ཆགས་ཀུན་གྱི་སྲོག་ཡིན་བཟང་ངན་རྗེས་འབྲང་ནུས་མཐུས་ཕན་གནོད་ཤིན་ཏུ་མང་། །འགྲོ་རྣམས་ནད་དཀོན་ཚེ་རིང་ལུས་དར་སྟོབས་སྐྱེད་གཙོ་བོ་ཆུ་ལ་རག་ལས་སོམས། །ཞེས་གསུངས་པ་དང་། ནུབ་ཕྱོགས་གསོ་རིག་གི་ཕ་རྒན་དུ་གྲགས་པའི་གྷི་རིག་གི་གསོ་རིག་པ་གྲགས་ཅན་ཧེ་ཕོ་ཁེ་རད་ཚིས། ཆུ་ནི་བདེ་ཐང་དང་འབྲེལ་བ་ཧ་ཅང་ཆེ་སྟེ། ཆུ་ཡིས་མི་ལ་བདེ་ཐང་སྩོལ་ལ། ཆུ་ཡིས་མི་ལ་ན་ཚ་ཡང་སྐྱེད།ཅེས་པ་ལྟར་དུ། ཆུ་ནི་འཚོ་བའི་ཁྲོད་མེད་ཐབས་མེད་པ། མིའི་ལུས་ཟུངས་ལས་ཁྲག་གི་གྲུབ་ཆའི་བརྒྱ་ཆའི་བརྒྱད་ཅུ་ཙམ་ཟིན་པའི་ཆེས་གལ་ཆེ་བའི་ཚེ་སྲོག་གི་གཞི་རྟེན་ཞིག་ཡིན་པ་རེད། འཇིག་རྟེན་གོ་ལའི་ས་ཁུལ་ཁ་ཤས་སུ་ཆུ་དཀོན་པས་བ་གླང་གི་གཅིན་པ་བཏུང་བ་སོགས་ཀྱང་གསར་འགྱུར་བརྙན་རིས་སོགས་ལས་མཐོང་རྒྱུ་འདུག་མོད། ཡིན་ན་རང་རེ་བོད་ཀྱི་མདོ་དབུས་མཐོ་སྒང་ལ་ཡར་ཀླུང་གཙང་བོ། མ་ཡུམ་ཆུ་བོ་རྨ་ཆུ། འབྲི་ཆུ། རྫ་ཆུ་སོགས་ཆུ་ཀླུང་མང་པོ་མཆིས་པས། ཀྲུང་གོའི་ཆུ་མཛོད་དུ་གྲགས་པ་ཡིན་པ་ནི་བསོད་ནམས་ཤིན་ཏུ་ཆེ་མོད། ཡིན་ན་ཡང་། བདུད་རྩི་ལྟ་བུའི་ཆུ་དེ་སྣོད་ཇི་ལྟ་བུ་ཞིག་ཏུ་ལྟེམས་ན་བཟང་བའི་ཕྱོགས་ལ་དེང་དུས་བསམ་བློ་གཏོང་མཁན་ནི་ཤིན་ཏུ་ཉག་ཕྲ་བ་དང་། ཆུ་ཡན་ལག་བརྒྱད་ལྡན་ཡིན་ཡང་། ལྡུག་སའི་སྣོད་མ་བཟང་ན་ཆུ་ཡི་ནུས་པ་སྣོད་ཀྱིས་ངན་པར་བསྒྱུར་ཡང་སྲིད་པས། སྐབས་བབ་བོད་པའི་སྲོལ་རྒྱུན་གྱི་དགེ་མཚན་ལྡན་པའི་ཆུ་སྣོད་འགའ་ངོ་སྤྲོད་བྱ་འདོད།
གཉིས་པ། སྲོལ་རྒྱུན་ཆུ་སྣོད་ཀྱི་འཕོ་འགྱུར།
དེ་ཡང་དེང་དུས་བོད་ཁམས་ཡོང་ཡང་དུས་རབས་གསར་བའི་དེང་རབས་ཅན་གྱི་ཚ་ཚ་འུར་འུར་གྱི་སྤྱི་ཚོགས་འཕོ་འགྱུར་གྱི་འགྲོས་དང་བསྟུན་ནས། སྔོན་གྱི་གོམས་སྲོལ་རྙིང་བ་མང་པོ་ཞིག་ལོ་རེ་ཟླ་རེ་བཞིན་འགྱུར་ལྡོག་འབྱུང་བཞིན་ཡོད། དེ་དང་བསྟུན་ནས་སྔོན་གྱི་སྲོལ་རྒྱུན་གྱི་ཆུ་སྣོད་མང་པོ་ཞིག་ལ་ཡང་འཕོ་འགྱུར་ཐེབས་ཡོད་དེ། དཔེར་ན། ང་རང་གི་ཕ་ཡུལ་ལྟ་བུ་ཞིག་མཚོན་ནས་བཤད་ན་ཡང་། སྔོན་དུས་འོ་མ་བསྲུབས་བྱེད་ཀྱི་སྣོད་ནི་ཤུག་དམར་གྱིས་བཟོས་པའི་ཟོ་བ་ཡིན་ཡང་། ད་སྐབས་འོ་བྱུག་འཕྲུལ་ཆས་བཀོལ་ནས་ལོ་མང་པོ་འགོར། སྔོན་དུས་ཟོ་བ་རུ་བུད་མེད་རྣམས་ཀྱིས་ཆུ་འཁུར་ཡང་ད་སྐབས་འགྱིག་སྣོད་ཆུ་རྒྱ་མ་ལྔ་བཅུ་ཤོང་བ་ཅན་ཨ་མདོ་དར་མཚོའི་འབྲོག་ཁུལ་ནས་ཀོ་བཟོས་ཟེར་ཡང་དོན་དུ་ཀོ་ཟོའི་སྒྲ་རེད་སྙམ། གང་ལྟར་འགྱིག་སྣོད་འདི་ལྟ་བུ་རུ་ས་གནས་ལ་ལ་ནས་ད་སྐབས་ཀྱང་བུད་མེད་རྣམས་ཀྱིས་ཆུ་འཁུར་བཞིན་འདུག །ས་བདེ་ས་ལམ་འཇམ་ས་ནས་སྐྱེས་པ་རྣམས་ཀྱིས་འཕྲུལ་རྟའམ་ཡང་ན་རླངས་འཁོར་དུ་ཆུ་སྐྱེལ་གྱིན་འདུག་མོད། གང་ལྟར་ཆུ་སྣོད་ཕལ་ཆེར་ནི་འགྱིག་སྣོད་རེད། ཡང་ལ་ལས་ལྕགས་ཟོ་ཆུ་རྒྱ་མ་ཉིས་བརྒྱ་ཅན་སྤྱོད་ཀྱི་འདུག་མོད། དེ་འགྱིག་སྣོད་དང་བསྡུར་ན་ཧ་ཅང་ཉུང་ཉུང་རེད། ཟངས་ཀྱི་སྐྱོགས་ཐོམ་གྱི་ཚབ་ཀྱང་འགྱིག་གི་སྐྱོགས་ཐོམ་གྱིས་བཀང་འདུག །ཤུག་དམར་ཟོའུ་འམ་ཨ་མདོའི་འབྲོག་སྐད་དུ་ཤུག་དམར་ཟོའུ་ཐོ་ཟེར་བ། འབྲི་མོ་བཞོ་བྱེད་ཀྱི་འོ་ཟོའུ་ཆུང་ཆུང་བཞོ་ཟོའུ་ཟེར་བ་དེའི་ཚབ་ཀྱང་ད་ལྟ་འགྱིག་ཟོའུ་ཆུང་ཆུང་གིས་བྱས་འདུག །བཞོ་ཟོའུ་འདོགས་སའི་བཞོ་ལུང་ཟེར་བ་སྔོན་ཟངས་དམར་གྱིས་བཟོས་པ་དེའི་ཚབ་ཀྱང་དེང་སྐབས་ཡོངས་སུ་འགྱིག་གིས་བཟོས་འདུག །སྔོན་གྱི་གཤོང་བཟོས་ཟེར་བའི་ཤིང་སྣོད་ཤ་དང་གོ་རེའམ་བག་ལེབ་སོགས་འཇོག་བྱེད་ཀྱི་ཚབ་ཀྱང་ཁ་དོག་སྣ་ཚོགས་ཀྱི་རྩི་བྱུག་པའི་འགྱིག་སྣོད་ཀྱིས་བྱས་འདུག །མདོར་ན་སྔོན་དུས་བོད་ཁུལ་ན་སྲོལ་རྒྱུན་གྱི་ཆུ་སྣོད་སོགས་སྣོད་ཅ་ལག་ཆེ་ཆུང་ཅི་ཞིག་མཆིས་ན། རྒྱ་དང་ཁ་ཆེའི་ཚོང་བ་རྣམས་ཀྱིས་དེའི་དབྱིབས་དང་ཚུགས་ཀ་ཇི་མ་ཇི་བཞིན་གྱི་འགྱིག་གིས་བཟོས་ནས་བཙོང་བས། དངོས་པོ་དེ་དག་གི་ཐོག་མའི་གནའ་རྫས་ཀྱི་མ་དཔེ་ཉིན་མོའི་སྐར་མ་ལྟར་གྱུར་འདུག །ད་དུང་ཆུ་ཐག་རིང་ས་ནས་ལ་ལས་ས་དོང་ཆུང་ཆུང་བརྐོས་ནས་དེའི་ནང་དུ་འགྱིག་ཤོག་ཨ་མདོའི་འབྲོག་པས་ཆུ་ཤོག་ཟེར་བ་དེ་བཏིང་ནས་ཆར་ཤ་སོགས་ཀྱི་ཆུ་འཁྱིལ་བར་བྱས་ནས་དེ་ཉིན་མང་པོར་སྤྱོད་པ་རེད། གང་ལྟར་བོད་ཀྱིས་ལོ་ངོ་ཁྲི་སྟོང་མང་པོར་ཞིབ་འཇུག་གིས་བདེ་ཐང་ལ་དམིགས་ཏེ་བཟོས་པའི་སྲོལ་རྒྱུན་གྱི་ཕ་ཟོག་གི་སྣོད་ཅ་མང་པོ་ཞིག །ལོ་ཉུང་ཉུང་དུས་ཐུང་ཐུང་ཞིག་ལ་མར་ཉལ་གྱི་རྨི་ལམ་གྱི་རྣམ་པར་གྱུར་ཟིན་པས།བོད་ཁམས་ཧྲིལ་བོ་འགྱིག་སྣོད་ཀྱིས་ཁེངས་འདུག །འདིའང་ང་རང་གི་རྒྱུས་ལོན་ལྟར་ན། ཨ་མདོའི་འབྲོག་ཁུལ་ཧ་ཅང་ཚབས་ཆེན་རེད། ཡིན་ན་ཡང་། ང་རང་སྒ་འབྲི་སྟོད་དང་ཆུ་དམར་ལེབ་ནང་ཆེན་ནག་ཆུ་མངའ་རིས་བཅས་སུ་སོང་བ་ལྟར་ན། ཨ་མདོའི་འབྲོག་ཁུལ་དང་བསྡུར་ཟངས་དམར་གྱི་སླ་ང་ཇ་སྣོད་ཟངས་སྐྱོགས་སོགས་རྒྱུན་འཛིན་བྱས་པ་ཧ་ལས་པའི་ཡག་པོ་འདུག །ཁྱད་པར་དུ་ཁམས་ཁུལ་ལ་འདིའི་ཕྱོགས་ནས་དངོས་གནས་ལེགས་ཆ་མང་པོ་འདུག །འདི་ལྟར་བསྡུར་དཔྱད་བགྱིས་ན་ང་རང་གི་ཕ་ཡུལ་སོགས་ཨ་མདོའི་འབྲོག་ཁུལ་འགྱིག་སྣོད་ཀྱིས་བཀང་འདུག་པ་ནི་ཇི་འདྲའི་ཡིད་ཕངས་པ་ཞིག་རེད། སྤྱིར་འགྱིག་སྣོད་ཀྱིས་བཀང་བ་དེ་གནས་སྐབས་སུ་སྟབས་བདེ་བ་རིན་གོང་སླ་བ་ལྟ་བུར་འདུག་ཀྱང་། དེའི་ནང་དུ་ཆུ་རུལ་སླ་བས་ཡུན་རིང་གི་ལུས་སྲོག་བདེ་ཐང་གི་ཆ་ནས་ཧ་ཅང་གནོད་པ་ཞིག་ཡིན་པས་མཉམ་འཇོག་བྱ་དགོས་འདུག་གོ །
གསུམ་པ། སྲོལ་རྒྱུན་ཆུ་སྣོད་ཀྱི་བདེ་ཐང་དགེ་མཚན།
སྐབས་སུ་བབས་པ་རྗེ་དེའུ་དམར་བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ལག་ལེན་གཅེས་རིགས་བཏུས་པ་སྨན་ཀུན་བཅུད་དུ་བསྒྲུབས་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཛོད་ལས། སྣོད་ཀྱི་ཁྱད་པར་རྐྱལ་གྲོད་ཞག་མི་ཐུབ། །ཤིང་སྣོད་ཞག་གཉིས་མི་ཐུབ་ལྕགས་སྣོད་ཀྱིས། །ཞག་གསུམ་མི་ཐུབ་ཟངས་ཀྱིས་ཞག་བཞི་ཐུབ། །རྫ་མས་ལྔ་ཐུབ་རྡོ(དཀར་ཡོལ་ཀྱང)ཡོལ་ཞག་དྲུག་ཐུབ། །ཞ་ཉེའི་སྣོད་ཀྱིས་ཞག་བདུན་ཐུབ་པར་བཤད། །མཁར་བ་ཟངས་མཚུངས་ཁྲོ་ནག་རྫ་དང་འདྲ། །[1]ཞེས་པ་འདི་ད་ལྟའི་སྤྱི་ཚོགས་འཚོ་བའི་ཁྲོད་བཀོལ་སྤྱོད་ལེགས་པོ་བྱས་ན་འགྱིག་གི་ཆུ་སྣོད་ལས་དགེ་མཚན་ཆེ་བར་འདུག་པས། གཤམ་ནས་རེ་རེ་བཞིན་གླེང་བར་བྱ།དེ་ཡང་ཆུ་སྣོད་ཀྱི་ཁྱད་པར་བཤད་ན། རྐྱལ་བ་དང་གྲོད་པུ་རུ་ཆུ་བླུགས་ན་ཞག་མ་གཅིག་ཙམ་ལ་ཡང་ཆུའི་ངོ་བོ་མ་འགྱུར་བར་ནུས་པ་རྒྱུན་འཛིན་བྱེད་མི་ནུས་ཞེས་པའི་དོན་རེད་འདུག །འདི་ལས་རྐྱལ་བ་དང་གྲོད་བུ་རུ་ཆུ་བཅུས་ན་ཉིན་དེར་བླངས་པ་ཉིན་དེར་སྤྱོད་ཚར་དགོས་པ་བཤད་འདུག །སྔོན་ཆད་ང་རང་ཆུང་དུས་ལུག་གི་གྲོད་པུ་རུ་ཆུ་བཅུས་ནས་འཇོག་པ་ཞིག་རེད། རྐྱལ་བ་རུ་ཆུ་འཇོག་པ་ཞིག་མཐོང་མ་མྱོང་མོད། གནའ་མིའི་ཁ་བརྡ་རུ་གཡག་གི་ཀོ་བའི་རྐྱལ་བ་མཐུད་ནས། རྒྱ་ཆུ་དཀར་མིག་གིས་རྨ་ཆུ་འབྲས་ཐང་ནས་ཆོས་རྗེ་རུ་དྲངས་རྩིས་བྱས་པ་རེད། ཅེས་པ་སོགས་ལ་དཔྱད་ན་གཡག་གི་ཀོ་བ་སོགས་ལས་བྱས་པའི་ཆུ་སྣོད་ཀྱི་རྐྱལ་བ་ཡང་ཡོད་ཚོད་འདུག །གང་ལྟར་པགས་པའི་རྐྱལ་བ་དང་ལུག་གི་གྲོད་པུ་རུ་ཆུ་བཞག་ན། ཉིན་གཅིག་ལས་འགོར་མི་ཉན་པ་དང་ཉིན་གཅིག་ལས་དུས་འགོར་ཚེ་ཆུ་ཡི་ངོ་འགྱུར་ནས་བཅུད་ཉམས་པ་གསུངས་འདུག །འདི་ལ་བསམ་བློ་ཞིག་བཏང་ན་ད་སྐབས་ཨ་མདོའི་འབྲོག་ཁུལ་དུ་ཆེས་ཆེར་སྤྱོད་བཞིན་པའི་འགྱིག་གི་ཆུ་སྣོད་འདི། ལུག་གི་གྲོད་པུ་དང་ཀོ་བའི་རྐྱལ་བ་སོགས་ལས་ཀྱང་ནུས་པ་དམན་ངེས་པ་དང་། འགྱིག་གི་ཆུ་སྣོད་དང་རྐྱལ་གྲོད་ཀྱི་ནུས་པ་འདྲ་བ་ཡིན་པའི་དབང་དུ་བཏང་ན་ཡང་། འགྱིག་སྣོད་དུ་ཉི་མ་གཅིག་ལ་མ་གཏོགས་ཆུ་འཇོག་མི་ཉན་པ་དང་། ཉིན་དེར་བཅུས་པའི་ཆུ་ཉིན་དེར་སྤྱོད་དགོས་འདུག་སྙམ། ཡིན་ན་ཡང་། ད་སྐབས་འཚོ་བ་དངོས་ཀྱི་ཁྲོད་འགྱིག་སྣོད་དུ་ཉིན་ཞག་མང་པོར་ཆུ་འཇོག་དང་འཇོག་བཞིན་འདུག་པ་ནི་ཞེ་ཡེར་བ་ཞིག་མ་ཡིན་ནམ། དེ་ཡིས་ཤེས་མེད་ཚོར་མེད་དུ་ཕོ་མཆིན་སོགས་ལུས་ཕུང་ལ་གནོད་པ་རབ་དང་རིམ་པ་ཐེབས་ཀྱིན་པ་ལྡོག་མེད་རེད་སྙམ། ད་སྐབས་ཆུང་བྱིས་པ་ནས་ཆེ་རྒན་དར་གཞོན་གསུམ་མང་ཆེ་བའི་ཕོ་བ་ན་བཞིན་པ་ཡང་། གཅིག་ཏུ་ཞོར་ཟས་སོགས་ཀྱིས་བསྐྱེད་ཟིན་ལ། གཉིས་སུ་ན་འགྱིག་སྣོད་དུ་ཆུ་ཡུན་རིང་བཞག་པས་ཆུའི་ངོ་བོ་འགྱུར་བ་ལས་བྱུང་བ་མ་རེད་ཅེས་སུ་ཞིག་གིས་སྨྲ་ནུས་སམ། དེ་བས་གང་ལྟར་འགྱིག་སྣོད་ཆུ་སྣོད་བྱེད་པ་འདི་དོར་ན་དགེ་མཚན་ཆེ་བར་འདུག་སྙམ། འོ་ན། འགྱིག་སྣོད་ཆུ་སྣོད་དུ་མི་རུང་ན་དེའི་ཚབ་ཏུ་ཅི་ཞིག་ཆུ་སྣོད་དུ་ལེགས་ཟེར་ན། བོད་སྔ་མའི་སྲོལ་རྒྱུན་གྱི་ཞག་མང་པོར་ཆུའི་ནུས་པ་རྒྱུན་འཛིན་བྱེད་ནུས་པ་དག་སྤྱོད་དགོས་ཏེ། གོང་ནས་གསུངས་པ་ལྟར་དུ་ཤིང་སྣོད་ཀྱིས་ཞག་གཉིས་མི་ཐུབ་ཅེས་པས། སྔོན་གྱི་ཤུག་དམར་གྱི་ཟོ་བ་དང་ཟོའུ་སོགས་སུ་ཆུ་བཞག་ཚེ་ཞག་མ་གཉིས་ལ་ཆུ་བཞག་ན་ཆུའི་ནུས་པ་ཤོར་འགྲོ་མོད། ཡིན་ན་ཡང་། ཞག་གཅིག་ལ་ཆུའི་ངོ་བོ་མི་འགྱུར་བ་ཡིན་ཞེས་པའི་དོན་སྟེ། ཞག་གཅིག་ཅེས་པ་ནི་ཉིན་ཞག་གཅིག་གི་དོན་ཡིན་པས། ད་སྐབས་ལྟར་ན་ཆུ་ཚོད་ཉེར་བཞི་ཡི་ཡུན་ཡིན་པ་ཀུན་གྱིས་རྟོགས་དགོས་པར་འདུག །ལྕགས་རིགས་ཀྱི་ཆུ་སྣོད་ཀྱིས་ཞག་མ་གསུམ་ལ་ཆུའི་ནུས་པ་འཛིན་མི་ཐུབ་ཀྱང་། ཞག་མ་གཉིས་ལ་ཆུའི་ངོ་བོ་རྒྱུན་འཛིན་བྱེད་ནུས་ཞེས་པ་དང་། ལྕགས་སྣོད་ནི་སྲོལ་རྒྱུན་གྱི་ལྕགས་ཀྱི་སླ་ང་དང་དེང་དུས་ཀྱི་ལྕགས་ཟོ་སོགས་རེད། ཟངས་ཀྱིས་ཞག་བཞི་ཐུབ་ཅེས་པས་ཟངས་ཀྱི་སྣོད་དུ་ཆུ་བཞག་ན་ཞག་མ་བཞི་སྟེ། ཉིན་ཞག་བཞི། ཆུ་ཚོད་དགུ་བཅུ་གོ་དྲུག་ལ་ཆུའི་ངོ་བོ་མ་འགྱུར་བར་ནུས་པ་སྲུང་འཛིན་བྱེད་པ་བསྟན་འདུག །ཟངས་སྣོད་འདི་ཆུ་སྣོད་ལས་ཤ་བཙོ་བྱེད་བྱས་ན་ཡང་དགེ་མཚན་ཆེ་སྟེ། དཔེར་ན། སྔོན་གྱི་མཁར་ཟངས་ཞེས་པའི་ཟངས་རག་གི་སླ་ང་རུ་ས་སྐྱོན་ཏེ་ས་ལྷོག་གིས་ཤི་བའི་ནོར་ནག་གི་ཤ་བཙོས་པ་ཡིན་ན་ས་ལྷོག་གི་ནད་འབུ་ཕྲ་མོ་ཟངས་ཀྱི་སླ་ངའི་ནུས་པས་བཅོམ་ཟིན་པས། དེ་རྗེས་ནོར་ནག་གི་ཤ་དེ་ཅི་ལྟར་ཟོས་ཀྱང་མི་ལ་ས་ལྷོག་འགོ་མི་སྲིད་པ་ལྟར་རེད། དེ་ནི་སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས། ཟངས་ཀྱི་ནུས་པ་བཤད་སྐབས། དུག་འཇོམས།[2]ཞེས་པ་དང་། ཀྲུང་སྨན་མཁས་པ་ལིས་ཧྲི་ཀྲེན་གྱི་སྨན་གྱི་བསྟན་བཅོས་སྔོ་འབུམ་ཆེ་མོ་ལས་ཀྱང་། སྲིན་འཇོམས།[3]ཞེས་ཟངས་ཀྱི་ནུས་པ་བསྟན་པ་བཞིན། དོན་དུ་དུག་འཇོམས་ཞེས་པ་ནི་སྲིན་འཇོམས་ཞེས་པ་དང་དོན་གཅིག་ཡིན་པ་ནི། ཟངས་ཀྱི་སླ་ང་རུ་ས་ལྷོག་གི་ནོར་ནག་གི་ཤ་བཙོས་ན་ལྷོག་པའི་ནད་འབུ་ཕྲ་མོ་འཇོམས་འགྲོ་བའི་ཉམས་མྱོང་དངོས་ལས་བདེན་དཔང་བྱས་འདུག །སྔོན་ཆད་ངའི་ཕ་ཡུལ་དུ་ཡང་མཁར་ཟངས་ཞེས་པའི་ཟངས་ཀྱི་སླ་ང་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་འབུར་མ་ཅན་རེ་གཉིས་མཐོང་རྒྱུ་འདུག་མོད། ཕྱིས་སུ་དེ་དག་ལ་ལས་ཚོང་བར་བཙོང་བ་དང་། ལ་ལས་ལབ་ཙེའི་གཟུངས་གཞུག་ཏུ་མར་ཁུ་དང་རིན་ཆེན་གྱི་སྣོད་འབུལ་ཟིན་པས། ད་སྐབས་ཉིན་མོའི་རྒྱུ་སྐར་བཞིན་མཐོང་དཀོན་པོ་རེད། ཡིན་ན་ཡང་སྒ་སྐྱེ་རྒུ་སོགས་ཁམས་ཁུལ་ན་ད་སྐབས་ཀྱང་ཟངས་ཀྱི་སླ་ང་སོགས་ཟངས་སྣོད་ཤིན་ཏུ་མང་པོ་སྤྱོད་ཀྱིན་པ་ནི། བདེ་ཐང་གི་ཕྱོགས་ནས་བཤད་ན་བསྟོད་བསྔགས་ཀྱི་མཐེ་བོང་བསྒྲེངས་འོས་པ་ཞིག་རེད་ལ། རེ་བ་ནི་ཟངས་ཀྱི་ཅ་ལག་དེ་དག་མུ་མཐུད་དུ་རྒྱུན་འཛིན་བྱེད་རྒྱུ་དང་ཁྱད་པར་དུ་ཟངས་ཀྱི་སླ་ང་སོགས་ཆུ་སྣོད་བྱེད་རྒྱུ་ནི་བཀའ་དྲིན་ཆེ། ཨ་མདོའི་འབྲོག་ཁུལ་ནས་ཀྱང་ཟངས་ཀྱི་སླ་ང་ཟངས་ཀྱི་ཅ་ལག་མང་པོ་ཁམས་ཁུལ་བཞིན་དུ་སྤྱོད་པར་རེ་བ་ཤིན་ཏུ་ཆེ། རྫ་མས་ལྔ་ཐུབ་ཅེས་པས་རྫ་མ་ཆུ་སྣོད་བྱས་ན་ཉིན་ཞག་ལྔ་ལ་ཆུའི་ངོ་བོ་མི་འགྱུར་བར་ནུས་པ་སྲུང་འཛིན་བྱེད་ཐུབ་པ་བསྟན་འདུག་པས། རྫ་མ་འདི་ཆུ་སྣོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་རེད། ངའི་ཕ་ཡུལ་སོགས་ཨ་མདོའི་འབྲོག་ཁུལ་ན་རྫ་མ་སྤྱོད་པའི་སྲོལ་མི་འདུག་པ་དང་། དེ་ནི་སྔོན་དུས་འབྲོག་པས་རྩྭ་ཆུའི་དགོས་མཁོ་ལྟར་རུ་དབྱར་ས་དགུན་ས་སྟོན་ས་དཔྱིད་ས་བཅས། རེ་རེ་བཞིན་དུས་ཚིགས་ལ་བགོས་ནས་སྐྱས་འདེགས་དགོས་པ་དང་། ཁལ་འགེལ་ས་གཡག་ཡིན་པས་རྫ་མ་ཆེན་པོ་ཞིག་འགེལ་ཐབས་བྲལ་བས་སྟབས་མི་བདེ་བ་དང་། གཉིས་སུ་རྫ་མའི་རྒྱུ་སྤུས་དེ་འདྲའི་སྲ་མཁྲེགས་ཅན་ཞིག་མིན་པས་ཆག་སླ་བ་བཅས་ཀྱི་དབང་གིས། འབྲོག་ཁུལ་དུ་རྫ་མ་ཆུ་སྣོད་དུ་སྤྱོད་སྲོལ་མེད་ལ། བཀོལ་ཐབས་ཀྱང་བྲལ་བས་རེད། ཡིན་ན་ཡང་། དེང་དུས་འབྲོག་ཁུལ་གྱི་འཚོ་བ་ལ་ཡང་གནམ་ས་བླ་འོག་གི་འཕོ་འགྱུར་ཐེབས་ཡོད་པས། སྔར་དང་མི་འདྲ་བར་སྔོན་དུས་ཀྱི་གཡག་གི་ཚབ་ཏུ་རླངས་འཁོར་ཆེ་མ་ཆུང་གསུམ་ཡིན་པ་དང་། རུ་བ་ཡང་རྩྭ་ས་བགོས་ནས་ལྕགས་ར་བསྐོར་ཡོད་པས། ལོ་རྒན་པ་དང་བྱིས་པ་སོགས་ཕལ་ཆེར་དགུན་ས་རུ་སྔོན་དུས་ཀྱི་སྦྲ་རྒན་དུད་པ་ཅན་གྱི་ཚབ་ཏུ། ཁང་བ་གང་ལེགས་ཕུབ་ནས་གཞི་སྡོད་བྱས་ཡོད་པས། གཅིག་ནས་རྫ་མ་ཆེན་པོ་ཞིག་ཉོས་ན་ཡང་རླངས་འཁོར་གྱིས་འདྲུད་སླ་བ་དང་། གཉིས་སུ་ཁང་བ་རུ་གཞི་སྡོད་བྱས་ཡོད་པས་ཆུ་སྣོད་རྫ་མ་བྱས་ཀྱང་སྟབས་བདེ་བར་བརྟེན། ད་ནས་བཟུང་མ་མཐའ་ཡང་འབྲོག་པ་དགུན་མཚེར་གྱི་ཁང་བ་རུ་གཞི་འདུག་བྱེད་པ་རྣམས་ཀྱིས་ཆུ་སྣོད་རྫ་མ་བྱེད་པར་རེ་བ་སྙིང་ནས་ཞུ། རོང་ཁུལ་དུ་རྫ་མ་ཆེ་ཆུང་མང་པོ་ཆུ་སྣོད་དང་། སྣུམ་ནག་གི་སྣོད། སྔོ་ཚོད་བསྙལ་སྣོད་བཅས་བྱེད་པའི་སྲོལ་ནི་ཕ་ཡུལ་དར་མཚོ་རྫོང་དུ་ད་སྐབས་ཀྱང་མཆིས་པ་དང་། བདེ་ཐང་གི་ཆེད་དུ་སྲོལ་བཟང་འདི་མུ་མཐུད་རྒྱུན་འཛིན་བྱེད་རྒྱུ་ཐུགས་ལ་འཇགས་པར་འཚལ། རྡོ(དཀར་ཡོལ་ཀྱང)ཡོལ་ཞག་དྲུག་ཐུབ་ཅེས་པ་ལས། རྡོ་ལས་བསྒྲིགས་པའི་ཆུ་སྣོད་ཨེ་ཡིན་ནམ་སྙམ་མོད། མིན་ཡང་སྲིད་པས་རེ་ཞིག་གཞན་གྱི་དཔྱད་བྱར་མི་འཇོག་ཐབས་མེད་བྱུང་། དཀར་ཡོལ་གྱི་རྒྱུ་ཆ་ལས་བཟོས་པའི་སྣོད་དུ་ཆུ་བཞག་ན་ཞག་མ་དྲུག་ལ་ཆུའི་ངོ་བོའི་ནུས་པ་སྲུང་འཛིན་བྱེད་ཐུབ་པ་བསྟན་འདུག་པ་དང་། འདི་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པས། དེང་དུས་ཀྱི་ཤེལ་ཕོར་སོགས་ཕོར་བ་སྣ་ཚོགས་ཕན་ནུས་ཀྱང་ངོས་མི་ཟིན་པ་དག་མི་སྤྱོད་པར་དཀར་ཡོལ་དུ་ཇ་བསྟེན་རྒྱུ་རྒྱུན་འཛིན་བྱེད་དགོས་འདུག །ཞ་ཉེའི་སྣོད་ཀྱིས་ཞག་བདུན་ཐུབ་པར་བཤད།ཅེས་པས་ཞ་ཉེའི་སྣོད་དུ་ཆུ་བཞག་ན་ཞག་མ་བདུན་ལ་ཆུའི་ནུས་པ་རྒྱུན་སྲུང་བྱེད་ཐུབ་པ་བསྟན་པ་རེད་མོད། ཡིན་ན་ཡང་། ཞ་ཉེ་ཆུ་སྣོད་བྱེད་པ་ཞིག་ཨ་མདོའི་འབྲོག་རོང་ཁུལ་དུ་མཐོང་བ་ལྟ་ཅི་ཐ་ན་ཐོས་ཀྱང་མ་མྱོང་མོད། མ་མཐོང་ཕྱིར་ན་མེད་མ་ཡིན།ཞེས་པའི་དཔེ་ལྟར་རྗེ་དེའུ་དམར་བས་གསུངས་པར་གཞིགས་ན་ཁོང་གི་ཕ་ཡུལ་གོ་འཇོ་སོགས་ཁམས་ཁུལ་ལམ། ཡང་ན་མངའ་རིས་ནག་ཆུ་གང་རུང་ཞིག་ཏུ་ཞ་ཉེ་ཆུ་སྣོད་བྱེད་པའི་དཔེ་ཡང་ཡོད་སྲིད། ཡོད་ན་དེ་རྒྱུན་འཛིན་བྱས་ན་བདེ་ཐང་ལ་ཆེར་ཕན་པ་ནི་རྗེ་དེའུ་དམར་བས་གསུངས་པ་བཞིན་རེད། རིགས་ལམ་འདི་ལ་གཞིགས་ནས་ཕྱིས་སུ་མིག་ལ་མཛེས་ཤིང་རྒྱུ་སྤུས་གྲ་དག་ཅན་གྱི་དེང་རབས་ལུགས་ཀྱི་ཇ་ཕོར། དཔེར་ན། ཕྱི་ཤེལ་ཡིན་ཡང་ནང་དུ་ཞ་ཉེའི་རྒྱུ་ཆ་ཅན་གསར་བཟོ་བྱས་ན་ཡང་། བདེ་ཐང་གི་ཐད་ནས་དཔྱད་ན་རིན་ཐང་ཧ་ཅང་ཆེ་སྙམ་པ་དང་། ཤེལ་གོང་ཤེལ་ཕྲེང་ལས་ཀྱང་། ཞ་ཉེས་དུག་འཇོམས་ཤ་རོ་གཅོད་པར་བྱེད། །[4]ཅེས་གསུངས་ཡོད་པ་རེད། མཁར་བ་ཟངས་མཚུངས་ཞེས་པས། མཁར་བའི་ཆུ་སྣོད་ཀྱི་ནུས་པ་ནི་ཟངས་སྣོད་དང་མཚུངས་ཏེ། ཞག་མ་བཞི་ལ་ཆུའི་ནུས་པ་རྒྱུན་འཛིན་བྱེད་ནུས་ཞེས་པའོ། །ཁྲོ་ནག་རྫ་དང་འདྲ་ཞེས་པས། ཤེལ་གོང་ཤེལ་ཕྲེང་ལས། རྡོ་བཞུས་པ་ལས་བྱུང་བའི་ཁྲོ་ལྕགས་རྒྱ་ནག་པས་བཞུ་བླུགས་བྱས་པའི་སྣོད་རིགས་འབྱུང་བ་བརྡུང་དུ་མེད།[5]ཅེས་པའི་ཆུ་སྣོད་ཀྱིས་རྫ་མ་བཞིན་དུ་ཞག་མ་ལྔ་ལ་ཆུའི་ནུས་པ་སྲུང་འཛིན་བྱེད་ཐུབ་པ་བསྟན་པའོ། །
མཇུག་བསྡུ་བ།
མདོར་ན་བརྒྱ་བཤད་ཚིག་གི་རྩ་བ་དང་། སྟོང་བསྲུབས་འོ་མའི་མར་ལོ་ནི། སྲོལ་རྒྱུན་གྱི་མཁར་ཟངས་དང་ཤུག་ཟོ་ཟངས་སྐྱོགས་སོགས།བདེ་ཐང་ལ་ཕན་པའི་སྲོལ་རྒྱུན་གྱི་ཕ་ཟོག་རྣམས་མིང་གི་ལྷག་མར་བྱས་ཏེ། ལེགས་ཉེས་བླང་དོར་གྱི་བསམ་གཞིགས་ཅུང་ཙམ་ཡང་མེད་པར། ཆུ་སྣོད་འགྱིག་སྣོད་སྣ་ཚོགས་ཀྱིས་བཀང་བའི་ཨ་མདོའི་འབྲོག་ཁུལ་གཙོར་བྱས་པའི་མདོ་དབུས་ཁམས་གསུམ་གྱི་འགྱིག་སྣོད་སྤྱོད་པར་དགའ་བའི་སྤུན་ཟླ་རྣམས་ཀྱིས། ད་ནས་བཟུང་རིགས་རྒྱུད་ཀྱི་བདེ་ཐང་དང་། ཁྱིམ་ཚང་གི་བདེ་ཐང་། རང་ཉིད་ཀྱི་བདེ་ཐང་། གཅེས་ཕྲུག་གི་བདེ་ཐང་བཅས་ཀྱི་ཕྱིར་དུ། འགྱིག་གི་ཆུ་སྣོད་དོར་ནས་ཟངས་ཀྱི་ཆུ་སྣོད། རྫ་མའི་ཆུ་སྣོད། དཀར་ཡོལ། ཞ་ཉེའི་ཆུ་སྣོད། མཁར་བའི་ཆུ་སྣོད། ཁྲོ་ནག་གི་ཆུ་སྣོད་སོགས་བཀོལ་བར་སྙིང་ནས་ཐལ་མོ་སྦྱོར་བ་དང་། གཞན་དུ་རྗེ་དེའུ་དམར་བའི་ལག་ལེན་གཅེས་རིགས་བཏུས་པ་སྨན་ཀུན་བཅུད་དུ་བསྒྲུབས་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཛོད་ལས། རྫ་མའི་ཆུ་སྣོད་བཅས་ཀྱིས་ཆུ་ཡི་ངོ་བོ་མི་འགྱུར་བར་ཞག་མ་ཅི་ཙམ་ལ་ནུས་པ་རྒྱུན་འཛིན་བྱེད་ཐུབ་པ་གསུངས་པའི་རྩ་ཚིག་ལ། རང་བློས་ལྕོགས་ཚོད་ཀྱིས་འགྲེལ་བཤད་རྒྱག་ཁུལ་བྱས་པར་མ་རྟོགས་ལོག་རྟོག་གི་ཆ་ཅི་མཆིས་པར་མཐོལ་ལོ་བཤགས་ལ།དཔྱོད་ལྡན་རྣམ་པས་ནོར་བ་ཡོ་བསྲང་ཡོད་པར་ཞུའོ། །དགེའོ། །དཔྱད་གཞིའི་ཡིག་ཆ།
[1] ༄༅། །གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ་བཞུགས་སོ། །དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༤ལོའི་ཟླ༥བར་པར་ཐེངས་དང་པོ་དཔར། P༥༢༤
[2] ༄༅། །སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་། དགའ་བོའི་རྡོ་རྗེས་མཛད། མི་རིགས་དཔེ་སྐྲུན་ཁང་གིས༢༠༡༨ལོའི་ཟླ༧པར་པེ་ཅིན་དུ་པར་ཐེངས་དྲུག་པ་བརྒྱབ། P༣༨
[3]《本草纲目》明李时珍. 倪泰一.李智谋编译。重庆出版集团,重庆出版社出版。2015年、P71
[4][5] ཤེལ་གོང་ཤེལ་ཕྲེང་། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༡ལོའི་ཟླ༥པར་པེ་ཅིན་དུ་པར་ཐེངས༡པོ་བརྒྱབ། P༡༡༧ P༡༡༨
2022.12.7
འབྲེལ་ཡོད་འོས་སྦྱོར།