༄༅། །ལོ་སར་གྱི་སྐབས་སུ་ཏོག་གསར་རིམས་ནད་ལ་དམིགས་ཏེ་སྐོམ་ཆུ་འཐུང་མི་རུང་བའི་རྒྱུ་མཚན།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-01-19
ཀློག་གྲངས།:
ད་ལོའི་ཏོག་གསར་རིམས་ནད་ཕོག་སྐབས། སྐོམ་ཆུ་འཐུང་ན་ལུས་ལ་གནོད་ཅིང་འཚེ་བར་འདུག།ཅེས་སྡེ་བའི་སྐད་འཕྲིན་ཚོགས་པ་སོགས་ཚོགས་པ་སྣ་ཚོགས་དང་། སྨན་པའི་ཚོགས་པ་བཅས་སུ་གླེང་དང་གླེང་ཟིན་པ་རེད། དེ་ལ་ཞིབ་ཏུ་བསམ་བློ་བཏང་ཚེ་གནས་ལུགས་མེད་པ་ཞིག་ལར་ནས་མ་ཡིན་ཏེ། བདུད་རྩི་བུམ་པ་ལས། དང་པོ་གཉན་གྱི་རི་བོ་བསྙིལ། །བར་དུ་ཚད་པའི་མེ་དབལ་བསད། །ཐ་མ་རླུང་བཅོས་ལུས་པོ་གསོ། །ཞེས་པའི་གཉན་རིམས་གསོ་བཅོས་ཀྱི་གོ་རིམ་དང་པོ། གཉན་གྱི་རི་བོ་བསྙིལ་ཅེས་པའི་དུས་སྐབས་སུ་འཁེལ་བ་གོར་མ་ཆག་ཅིང་། གཉན་གྱི་རི་བོ་བསྙིལ་བའི་དུས་སུ་སྐོམ་ཆུ་བསྟེན་ན། སྐོམ་ཆུ་ཅི་རིགས་ཀྱི་རོ་མངར་བ་ཡིན་པ་དང་། ཏོག་གསར་རིམས་ནད་ཀྱང་གཉན་ནད་ཡིན་པ་དང་། གཉན་ཞེས་པ་ཡང་། རྒྱུད་ལས། སྲིན་འཁྲུགས་ལུས་ཟུངས་ཟོས་པས་གཉན་ནད་འབྱུང་། །ཞེས་པ་ལྟར་ཡིན།
དེ་བས་རོ་མངར་བ་ནི་གཉན་སྲིན་གྱི་བདུག་རྩུབ་ཇེ་ཆེར་བསྐྱེད་པའི་ཁ་ཟས་གཙོ་བོ་ཡིན་པས། བདུད་རྩི་བུམ་པ་ལས། གཉན་ཚད་འདི་ལ་གཉན་མ་སོད་ཀྱི་བར། །དཀར་གསུམ་མངར་གསུམ་ཟས་ཀྱི་སྤྱང་ཀི་ཡིན། །ཞེས་གཉན་རིམས་འདི་ལ་གཉན་གྱི་རི་བོ་བསྙིལ་ཅེས། དཔེ་དཔེ་ཅན་གྱི་སྒོ་ནས་ཐོག་གིས་བྲག་རི་སྙིལ་བ་ལྟར་སྒོས་ཀྱི་གཉེན་པོས་གཉན་རིམས་འཇོམས་པ་སྟེ། དེ་ལྟར་གཉན་མ་སོད་པའི་བར་དུ། མངར་གསུམ་གྱི་ཁོངས་གཏོགས་སྐོམ་ཆུ་བསྟེན་ཚེ་སྤྱང་ཀི་དང་འདྲ་བའི་གཉན་སྲིན་ལ་གྲོགས་བྱས་ཏེ། ལུག་དང་མཚུངས་པའི་ནད་པའི་ཚེ་སྲོག་རྨག་མེད་བྱེད་ཚུལ་གསལ་པོར་གསུངས་པ་འདིས། ཏོག་གསར་རིམས་ནད་ན་དུས་སྐོམ་ཆུ་འཐུང་པས་གནོད་པ་ཐེབས་ཚུལ་རབ་དང་རིམ་པ་ཞིག་བརྗོད་བཞིན་པ་ནི། ཁ་སྟོང་ནང་གི་ཚིག་སྟོང་ཙམ་མ་ཡིན་པར། གནས་ལུགས་ཚད་མ་ཞིག་ཡིན་པ་ར་སྤྲོད་ཡང་དག་བགྱིས་པ་རེད། དེའི་སྟབས་ཀྱིས་སྤྱིར་ཏོག་གསར་རིམས་ནད་འགོས་ཁྱབ་མྱུར་བའི་ཁ་སང་དེ་རིང་གི་དུས་འདིར། བྱིས་པ་རྣམས་ལ་སྐོམ་ཆུ་འཐུང་དུ་མི་འཇུག་པ་དང་། སྒོས་ད་ལོའི་ལོ་སར་གྱི་སྐབས་སུ། བྱིས་པའི་ལུས་སྲོག་བདེ་ཐང་གི་ཆེད་དུ། སྔར་གྱི་འགྲོ་ལུགས་ལྟར། སྡེར་ཀའི་གསེབ་ཏུ་སྐོམ་ཆུ་མི་བཤམས་པར་སྙིང་ནས་རེ་བ་ཞུའོ། །
དེ་ལྟར་མ་ཡིན་པར་ཁྱིམ་བདག་ཚོས་ཀྱང་སེམས་ནས་སྐོམ་ཆུ་ཏོག་གསར་རིམས་ནད་ལ་གནོད་པ་ཆེ་བ་ཤེས་བཞིན་དུ། སྐོམ་ཆུའི་གནོད་པ་བྱུང་ཚུལ་ཐོས་ཀྱིན་དུ། སྡེར་ཀ་རུ་སྐོམ་ཆུ་སྣ་ཚོགས་སྤུངས་ཚེ། བྱིས་པ་ཆུང་ཆུང་ཚོ་སྐོམ་ཆུར་འཕྲད་དུས་བྱི་ལས་ཤ་མཐོང་བ་ལྟར་། རང་དབང་མེད་པར་སྐོམ་ཆུ་བག་མེད་མི་འཐུང་བའི་ངེས་པ་མེད་ཅིང་། དེས་ནི་གལ་ཏེ་ཏོག་གསར་རིམས་ནད་ན་བཞིན་པའི་བྱིས་པ་ཞིག་ལ་ཆ་མཚོན་ན། གཉན་མ་བསྙིལ་བར་ཟས་ཀྱི་སྤྱང་ཀི་དང་འཕྲད་དུ་བཅུག་པ་ཡིན་པས་ཇི་འདྲའི་ཉེན་ཁ་ཆེ་བ་ཞིག་རེད་ཨང་། དེ་བས་བོད་རོང་འབྲོག་གི་སྡེ་བ་སོ་སོ་དང་། བོད་པ་གྲོང་བསྙེགས་པ། དགོན་སྡེ་སོ་སོ། ལས་བྱེད་པ། གྲོང་ཁྱེར་བ་བཅས་ནས། ད་ལོའི་ལོ་སར་སྐབས་སུ་བྱིས་པ་ཚོར་སྐོམ་ཆུ་མི་ལྡུད་པ་ནི། གལ་ཆེན་ནང་གི་འགངས་ཆེན་ཞིག་རེད་སྙམ་མོ། །
ཚེ་རིང་ལོ་བརྒྱ།
འབྲེལ་ཡོད་འོས་སྦྱོར།