༄༅། །དབྱར་རྩྭ་དགུན་འབུ་དང་འབྲེལ་བའི་གཏམ།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-06-15
ཀློག་གྲངས།:
དེ་ཡང་དབྱར་རྩྭ་དགུན་འབུ་ནི་ང་རང་ལོ་ན་བརྒྱད་དགུ་ཙམ་ནས་ངོས་ཟིན་ཡོད། དེ་དུས་དབྱར་རྩྭ་དགུན་འབུ་གཅིག་ལ་རིན་གོང་ཧྥུན་ལྔ་རེད། སྡེ་བའི་མི་རེ་གཉིས་ཤིག་གིས་མ་གཏོགས་བརྐོ་བར་མི་འདུག། ལོ་ན་བཅུ་གཅིག་བཅུ་གཉིས་ཙམ་ལ་སླེབས་པ་ནས་བཟུང་། ལྐོག་ལ་ཡོག་ཕ་མའི་མི་མཐོང་བའི་གནས་ནས་དུ་བ་འཐེན་པའི་ཕྱིར་དུ། ལུག་རྫ་ལུང་རི་ལུང་དུ་དེད་དེ་ཞོར་དུ་དབྱར་རྩྭ་དགུན་འབུ་བརྐོས་པ་ཡིན། སྤྱི་ལོ༡༩༨༥ཙམ་ལ་དབྱར་རྩྭ་དགུན་འབུ་གཅིག་གི་རིན་གོང་སྒོར་ཟུར་གཉིས་དང་ཧྥུན་ལྔ་ཙམ་རེད། དེ་དུས་དབྱར་རྩྭ་དགུན་འབུ་བཏུ་བ་ནི་ཆེས་མ་རུང་བ་ཐ་ཤལ་ཞིག་ཏུ་བརྩི་བཞིན་འདུག་སྟེ། རང་གི་ཕ་མ་གཙོའི་སྡེ་བའི་རྒན་པ་རྣམས་ཀྱིས་མཐོང་ན་བཀའ་བཀྱོན་དང་གཤེ་གཤེ་གཏོང་བ་ཡིན་པས། རི་སྒང་དང་ལུང་ཀྱོག་ནས་རྐུན་མ་བཞིན་ཕྱོགས་སོ་སོར་སོ་ལྟ་བྱེད་བཞིན་བཏུ་དགོས་པ་ཡིན། དེ་དུས་རྒན་པ་ཚོས་དབྱར་རྩྭ་དགུན་འབུ་འདི་བཏུས་ན། མི་ལ་ན་ཚ་འབྱུང་པ་དང་ཕྱུགས་ལ་གོད་ཁ་རྒྱག་པ་རེད་ཟེར། ཆོས་གཞུང་ལས་བྱ་སྤུ་རི་ལ་སྐྱེ་བའི་དུས།ཞེས་པ་ལྟས་ངན་འདི་རེད་ཅེས་ལབ་བཞིན་འདུག།
དེ་ནས་རིམ་གྱིས་རིམ་གྱིས་སྔར་གྱི་ལུགས་སྲོལ་དེ་འགྱུར་ནས་སྡེ་བ་ཡོངས་ནས་དབྱར་རྩྭ་དགུན་འབུ་བརྐོས་པ་རེད། ད་དུང་དབྱར་རྩྭ་དགུན་འབུ་མང་པོ་བརྐོ་མཁན་ལ་འབུ་མིག་ཟེར་ཞིང་། འབུ་མིག་ནི་སྐབས་དེར་ཀུན་གྱིས་རྒྱུ་བསོད་ཅན་དུ་བརྩི་ཞིང་ཧམ་སེམས་ཀྱི་འགྲམ་ཆུ་ལྡང་ཡུལ་དུ་གྱུར། ཁོ་བོའང་འབུ་མིག་གི་གྲས་སུ་བགྲངས་ཆོག་ཆོག་ཅིག་ཡིན། སྐབས་དེར་དབྱར་རྩྭ་དགུན་འབུ་ཞིག་གི་རིན་གོང་སྒོར་ཟུར་ལྔ་ཡིན་པ་དང་། ཟ་ཁང་གི་ཐུག་པ་དཀར་ཡོལ་གང་གི་རིན་གོང་ཡང་སྒོར་ཟུར་ལྔ་རེད། དེ་དུས་སྤྱི་ལོ༡༩༩༠ཙམ་གྱི་སྐབས་རེད། དེ་ནས་ཡུན་གྱིས་དབྱར་རྩྭ་དགུན་འབུ་ཞིག་གི་རིན་གོང་སྒོར་ཉི་ཤུ་ནས་སུམ་ཅུ་བཞི་བཅུ་བཅས་སུ་འཕར་བའི་ཁ་སང་དེ་རིང་གི་དུས་ཏེ། སྤྱི་ལོ༢༠༢༣ལོའི་གནས་ཚུལ་འདི་བཞིན་ཡིན་པ་དང་། དེང་དུས་དབྱར་རྩྭ་དགུན་འབུ་ནི་མི་མང་གི་དཔལ་འབྱོར་གྱི་ཐོན་ཁུངས་གཙོ་བོར་གྱུར་ཏེ། དབྱར་རྩྭ་དགུན་འབུ་མེད་པའི་ས་ཆ་ནི་འཚོ་བའི་ཡོང་འབབ་དམའ་ས་དང་། དབྱར་རྩྭ་དགུན་འབུ་མོད་པའི་ཡུལ་ཕྱོགས་ནི་སྟོབས་འབྱོར་གཡུར་དུ་ཟ་ས་རུ་རློམ་ཡོད་པ་ལྟར་རེད། སྡེ་བའི་རྒན་པ་ཚོར་སྔོན་དུས་དབྱར་རྩྭ་དགུན་འབུ་འཚོ་བར་ཇི་ལྟར་བེད་སྤྱོད་གཏོང་པ་རེད་ཅེས་དྲིས་ཚེ། སྔ་མོར་དབྱར་རྩྭ་དགུན་འབུ་མང་པོ་མཆིས་པ་ལས་རྐང་འགའ་རེ་བཏུས་ནས་ཆང་དུ་བསྒྲུངས་མཁན་ཡང་འདུག་མོད། དེ་འདྲའི་མང་པོ་མ་མཆིས་པ་དང་། དབྱར་རྩྭ་དགུན་འབུ་མང་དུ་སྐྱེས་པའི་ཡུལ་དེར་ནོར་ཁྱུ་འཚོས་ན། འབྲི་མོ་རྣམས་ཀྱི་འོ་མ་སྔར་ལས་མོད་པ་ཞིག་འདུག་ཟེར་བ་ཙམ་ལས། ད་ལྟ་ཚོང་ལས་དཔལ་འབྱོར་གྱི་སྲོག་ཤིང་དུ་གྱུར་པ་ལྟར། དེ་དུས་དམངས་ཁྲོད་དུ་སྤྱོད་རྒྱ་ཆེན་པོ་མེད་ཚོད་རེད། ཡིན་ན་ཡང་། བོད་ལུགས་སྨན་པ་མཁས་པས་སྨན་དུ་སྦྱར་པར་འདུག་སྟེ། «མན་ངག་བྱེ་བ་རིང་བསྲེལ་པོད་ཆུང་རབ་འབྱམས་གསལ་བའི་སྒྲོན་མེ»རུ། རྗེ་ཟུར་མཁར་མཉམ་ཉིད་རྡོ་རྗེ་མཆོག་གིས། དེ་ཡང་དབྱར་རྩྭ་དགུན་འབུ་ཞེས། །ཞེས་གསུངས་སྨན་གྱི་འཁྲུངས་དཔེ་ནི། །རྩ་རི་སྒམ་པོ་ལ་སོགས་ཀྱི། །རི་བོ་དབེན་པའི་ལྡོངས(ལྗོངས)སུ་སྐྱེ། །དབྱར་དུས་འབུ་ལ་ལོ་མའི་རྩྭ། །རི་སྒོག་འདམ་མ་འདྲ་བ་ལ། །མེ་ཏོག་ཨ་ཝ་དར་ལྗང་འདྲ། །རྩ་བ་སྟོན་མཇུག་གོ་སྙོད་འདྲ། །རོ་ནི་མངར་དང་ཅུང་ཟད་བསྐ། །ཞུ་རྗེས་མངར་ཞིང་ནུས་པ་སྣུམ། །དྲོ་ཞིང་ཅུང་ཟད་ཡང་དང་ལྡན། །རླུང་འཇོམས་མཁྲིས་པ་སེལ་བྱེད་ཅིང་། །བད་ཀན་མི་སྐྱེད་ངོ་མཚར་སྨན། །ཁྱད་པར་བྱང་སེམས་རབ་ཏུ་འཕེལ། །[1]ཞེས་ལོ་ངོ་ལྔ་བརྒྱ་ལྷག་གི་སྔོན་ནས། དབྱར་རྩྭ་དགུན་འབུའི་རོ་ནུས་ཞུ་རྗེས། ནུས་པ་བཅས་གསུངས་ཟིན་པ་མ་ཟད། དབྱར་རྩྭ་དགུན་འབུ་བསྡེབས་པའི་སྨན་སྦྱོར། རོ་བཙའ(ཙ)ཡོན་ཏན་རྒྱ་མཚོ།[2]དང་། སྦྱོར་བ་དེའི་ཕན་ནུས་ཀྱང་། ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། །ལུས་ཀྱི་ཟུངས་བདུན་རྒྱས་པ་ལ། །ཁྱད་པར་རོ་བཙའི(ཙའི)དོན་མཆོག་བྱེད། །རིགས་རྒྱུད་སྤེལ་དང་བཀྲག་མདངས་རྒྱས། །དབང་བོ་ལྔ་ནི་རྣམ་པར་བཀྲ། །འདི་ལ་ཡོན་ཏན་མཐའ་ཡས་པས། །ཚིག་གི་བརྗོད་པས་ཟད་མཐའ་མེད། །ཉམས་སུ་བླངས་ན་བདེ་ཆེན་གྱི། །ཕྱག་རྒྱ་གར་མཁན་རྣམ་དཔྱོད་ཀྱིས། །མཛེས་མ་འབུམ་གྱི་དགའ་བ་འཕྲོག །[3]ཅེས་གོང་ནས། ཁྱད་པར་བྱང་སེམས་རབ་ཏུ་འཕེལ། །ཞེས་པ་ལྟར། རོ་ཙའི་སྨན་དུ་སྦྱར་འདུག་པ་དང་། ད་སྐབས་ནང་ལོགས་དམའ་སའི་ཁུལ་གྱི་རྒྱ་རིགས་སྤུན་ཟླ་སོགས་ཀྱིས། དབྱར་རྩྭ་དགུན་འབུ་རྒན་པ་ཚོས་བསྟེན་ཚེ་གློ་ལུ་བ་དང་དབུགས་འཚངས་པ་སེལ་ཞིང་། ནད་པ་ཟུངས་ཟད་སོགས་ཀྱིས་བཏུང་ན་ལུས་ཤུགས་གསོ་ཞིང་ནད་འགོག་གི་ནུས་པ་སྔར་ལས་ཇེ་ལེགས་སུ་གཏོང་བར་འདུག །ཅེས་པའི་སྐད་ཆ་ནི་ག་ས་གང་དུ་ཁྱབ་འདུག །སྔོན་དུས་དབྱར་རྩྭ་དགུན་འབུ་ལ་ད་ལྟ་བཞིན་རིན་གོང་དེ་འདྲ་ཆེ་རྒྱུ་མེད་དུས། མང་པོ་བཏུས་པའི་ནང་གི་ཆག་རོ་ཚོང་པས་མི་ཉོ་བ་སྤར་བ་ཕྱེད་རེ་ཙམ། ང་རང་གིས་ཀྱང་ཟ་མྱོང་བ་དང་དེ་ལ་ཤ་མོ་གསེར་ཤའི་བྲོ་བ་ལྡན་པ་ཞིག་རེད། སྔོན་དུས་རྒན་པ་ཚོས་དབྱར་རྩྭ་དགུན་འབུ་ནི་ཨ་ཡེ་མེ་ལྕེབས་ཏེ། འོད་ལ་གཞལ་ཡས་ཁང་མཐོང་བ། །ཕྱེ་མ་ལེབ་དང་མར་མེ་བཞིན། །ཞེས་པའི་ཕྱེ་ལེབ་སྐྱ་བོའི་ཕྲུ་གུ་ཡིན་ཟེར་བ་དང་། ད་དུང་འབུ་ཐུལ་བ་མང་ས་རུ་དབྱར་རྩྭ་དགུན་འབུ་ཕོན་ཆེ་ཟེར། འབུ་ཐུལ་བ་ནི་ལུས་མདོག་ནག་པོ་སྤུས་ཁྱབ་པ་མགོ་དམར་པོ་ཅན། དབྱིབས་ནི་དབྱར་རྩྭ་དགུན་འབུ་དང་ཤིན་ཏུ་འདྲ་བ་ཞིག་ཡིན་ཏེ། གབ་ཚིག་ཏུ། གྱོན་མ་ཤེས་ར་སློག་ཕྱིར་ལ་སློག །འདོགས་མ་ཤེས་བྱུ་རུ་སྣ་མགོ་བཏགས། །ཞེས་པ་དེའོ། །
ད་སྐབས་དབྱར་རྩྭ་དགུན་འབུ་ཅུང་ཙམ་རེ་ཤ་ཁུ་དང་གྲོ་ཕྱེའི་ཐུག་པ། སྔོ་ཚལ་དུ་གཡོས་སྦྱོར་བྱས་ཏེ་ཟ་བའང་མང་དུ་འདུག །ཏོག་དབྱིབས་ནད་དུག་གི་ནད་རྗེས་སེལ་བྱེད་དུ་ཡང་དབྱར་རྩྭ་དགུན་འབུ་བསྟེན་ན་ཨེ་ལེགས་སམ་སྙམ་སྟེ། ཏོག་དབྱིབས་ན་ཚ་བྱུང་ནས་དུས་ཡུན་རིང་པོ་ཞིག་འགོར་ཟིན་ན་ཡང་། ད་དུང་མི་འགའ་ཤས་ལ་སྐབས་སྐབས་སུ་དུས་ངེས་མེད་དུ་གྲང་ཤུམ་བྱེད་ཅིང་རུས་ཚིགས་ཨེན་ཙམ་ན་བ་དང་། ཁ་ཤས་ལ་དྲན་བརྗེད་ཆེ་བ། འགའ་ཤས་ཀྱི་གཉིད་ཡེར་བ། ཁ་ཅིག་ལ་གློ་ལུ་རྒྱག་པ། ཡང་སྐོར་ཅིག་གི་སེམས་ཁམས་མི་བདེ་བ། མང་ཆེ་བ་ཐང་ཆད་པ་བཅས་ཀྱི་ནད་གཞུག་གི་མངོན་རྟགས་ཅི་རིགས་ཤིག་མཆིས་པས། ས་གནས་རང་གི་གསར་སྐྱེས་ཀྱི་དབྱར་རྩྭ་དགུན་འབུ་འདི་མི་རང་རང་གི་ཆ་རྐྱེན་དང་བསྟུན་ཏེ་ཅུང་ཙམ་རེ་ཚོད་ལྟའི་ཚུལ་དུ་བསྟེན་ན། བདུད་རྩི་བུམ་པ་ལས། ཐ་མར་རླུང་བཅོས་ལུས་པོ་གསོ། །[4]ཞེས་པའི་གཉན་རིམས་ཀྱི་ཆེས་མཇུག་མཐའི་ལུས་ཟུངས་གསོ་བའི་དགོངས་པ་དང་ཡང་མཐུན་པར་སེམས་སོ། །
དཔྱད་གཞིའི་ཡིག་ཆ།
[1][2][3] «མན་ངག་བྱེ་བ་རིང་བསྲེལ་པོད་ཆུང་རབ་འབྱམས་གསལ་བའི་སྒྲོན་མེ» ཟུར་མཁར་མཉམ་ཉིད་རྡོ་རྗེས་མཛད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༣ལོའི་ཟླ༨པར་པར་ཐེངས་དང་པོ་དཔར། P༣༧༧-༣༧༨ P༣༧༧ P༣༧༨-༣༧༩
[4] «སློབ་དཔོན་པད་འབྱུང་གི་སྨན་ཡིག་གཅེས་བཏུས» སློབ་དཔོན་པད་མ་འབྱུང་གནས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༦ལོའི་ཟླ༡པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༧
འབྲེལ་ཡོད་འོས་སྦྱོར།