logo

ཟླ་མཚན་སྐོར་གྱི་དཔྱད་གླེང་།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-06-21 ཀློག་གྲངས།:
༄༅། །བུད་མེད་དར་མ་ལོ་ན་ལྔ་བཅུར་མ་སོན་པར་ཟླ་མཚན་ཆད་ཚེ་གསོ་བཅོས་དགོས་མིན་གྱི་བགྲོ་གླེང་།
ཧྲོང་བོ་ཚེ་བརྟན་རྒྱལ།

       སྐབས་འདིའི་གླེང་གཞི་ནི་བུད་མེད་ན་ཆུང་དང་བུད་མེད་དར་མ་ལོ་ན་ལྔ་བཅུ་ལ་མ་ལོན་པར་ཟླ་མཚན་ཆད་པར་གསོ་བཅོས་དགོས་མིན་རང་གི་ཉམས་མྱོང་དང་འབྲེལ་བའི་བགྲོ་གླེང་ཙམ་ཡིན་ནོ། །
དང་པོ། ཟླ་མཚན་ཆད་པའི་དུས་རྒྱུད་ལས་བཤད་པ།
       དེ་ཡང་དཔལ་ལྡན་རྒྱུད་བཞིའི་གྲུབ་པ་ལུས་ཀྱི་ཆགས་ཚུལ་གྱི་སྐབས་སུ། བུད་མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར། །དྭངས་མ་ལས་བྱུང་ཟླ་རེར་བསགས་པའི་ཁྲག །རྩ་ཆེན་གཉིས་ནས་ནག་ཅིང་དྲི་བྲལ་བ། །རླུང་གིས་མངལ་གྱི་སྒོར་འབྱིན་ཞག་གསུམ་འཛག །[1]ཅེས་པ་བཞིན་དུ། བུད་མེད་གང་དག་ལོ་ན་བཅུ་གཉིས་སམ་ལུས་ཟུངས་དང་རྩ་རླུང་གི་སྟོབས་རྫོགས་མཚམས་ནས་ལྔ་བཅུའི་བར་ཟས་སྐོམ་གྱི་དྭངས་མ་རྣམས་ལས་རིམ་བཞིན་བྱུང་བའི་མཐའ་མ་མདངས་ཀྱི་སྙིགས་མར་ཁམས་དཀར་དམར་གྱི་ཆ་གཉིས་སུ་ཡོད་པའི་དམར་ཆ་དེ་བསམ་སེའུ་ནས་བུ་སྣོད་གཡས་གཡོན་དུ་འབྲེལ་བའི་རྩ་ཆེན་གཉིས་བརྒྱུད་ཟླ་བ་རེ་རེ་བཞིན་གྱི་དམར་ཕྱོགས་ཀྱི་དུས་ཚེས་བཅུ་དྲུག་ནས་སུམ་ཅུའི་བར་དུ་མངལ་ལམ་བུ་སྣོད་དུ་རིམ་པར་གསོག་པ་ནས་སླར་དཀར་ཕྱོགས་ཀྱི་དུས་ཚེས་གཅིག་ནས་བཅོ་ལྔའི་བར་གྱི་དུས་སྐབས་སུ་ཁྲག་དེ་བུ་སྣོད་ནས་བརྡོལ་ཏེ་ཁ་དོག་ཅུང་ཟད་ནག་ཅིང་དྲི་མ་བྲལ་བ་ཞིག་ཐུར་སེལ་རླུང་གིས་མངལ་གྱི་སྒོར་འབྱིན་ནས་ཞག་གསུམ་མམ་ལྔའི་བར་དུ་འཛག་པ་ཡིན་ཞིང་། དེ་ལ་ཛྙ་ན་དྷ་རི་སྟེ་རྗེ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་ནང་ཐུགས་སྲས་དམ་པ་སུམ་སྟོན་ཡེ་ཤེས་གཟུངས་ཀྱི་བཤད་རྒྱུད་འགྲེལ་བ་འབུམ་ནག་གསལ་སྒྲོན་ལས་ཀྱང་། ཇི་སྐད་དུ། ལོ་བཅུ་གཉིས་ལོན་པ་ནས་ལྔ་བཅུ་མན་ལ་འཛགས་ཏེ། ཟས་ཀྱི་དྭངས་མ་ལུས་ཟུངས། ཟས་སྤྱི་དང་སྨན་ལུས་ཟུངས་བདུན་དུ་བརྒྱུད་ནས། བསམ་སེའུའི་གཡས་གཡོན་ནས་རྩ་གཉིས་འབྱུང་བ་སྟེ། བུ་སྣོད་ཀྱི་ཁ་དང་འབྲེལ་བ་དེ་ནས་རྒྱུས་ཏེ། ཟླ་བ་གཅིག་མངལ་དུ་བསགས། ཟླ་བའི་དུས་སུ་རླུང་གིས་མངལ་སྒོ་ཕྱེ་ནས། ཁྲག་མདོག་ནག་ཅིང་དྲི་ཆེ་བ་གཅིག་མངལ་སྒོར་ཞག་གསུམ་འཛགས།[2]ཞེས་གསུངས་པ་བཞིན་ནོ། །
གཉིས་པ། བུད་མེད་དར་མར་ཟླ་མཚན་ཆད་པར་གསོ་བཅོས་དགོས་མིན་གྱི་རང་ལུགས།
       དེ་ཡང་ནད་ཐོག་ནས་བུད་མེད་དར་མར་ཟླ་མཚན་ཆད་པ་མང་པོར་འཕྲད་རྒྱུ་འདུག་པ་དང་། དེ་ལས་ཁོ་ཚོ་ཐམས་ཅད་ཧ་ཅང་དངངས་འཚབ་སྐྱེ་བཞིན་འདུག་པ་མ་ཟད། ལ་ལས་ཟླ་མཚན་ཆད་པ་ནད་ཅིག་ཏུ་བརྩིས་ནས་ནུབ་ལུགས་ཀྱི་ཧང་ཐུ་ཐོན(黄体酮)ཞེས་པའི་སྨན་དེ་བཙན་གྱིས་ཤ་གནད་དུ་ཁབ་རྒྱག་བཞིན་འདུག་པ་རེད། དེ་ནི་གཙོ་བོ་ཁོ་ཚོས་བསྟེན་བཞིན་པའི་སྨན་པ་རྣམས་ཀྱི་ངོས་འཛིན་དང་། ལམ་སྟོན། གདམས་པ། ཁ་དམར་བཅས་དང་འབྲལ་ཐབས་མེད་པ་ནི་སྨོས་ཅི་དགོས། རོང་འབྲོག་ཁུལ་གྱི་བུད་མེད་རྣམས་ཀྱིས་ཡི་གེ་མི་ཤེས་པས་རང་སྟེང་ནས་ཟླ་མཚན་ཆད་པ་ནི་ནད་ཡིན་མིན་གྱི་བརྡར་ཤ་སྨན་དཔེ་དང་དྲྭ་ངོས་ཡིག་ཐོག་སོགས་ནས་གཅོད་དཀའ་བ་དང་། ཁོ་ཚོའི་སྐྱེས་པ་ཡང་མང་ཆེ་བ་ཡིག་རྨོངས་པ་ཡིན་པའི་དབང་གིས་རང་གི་ཆུང་མར་ཆེས་སྤྱིར་བཏང་གི་བདེ་ཐང་མཛུབ་སྟོན་ཙམ་ཡང་བྱེད་ཐབས་བྲལ་བ་རེད། དེའི་སྟབས་ཀྱིས་རི་མཐོ་ལུང་ཀྱོག་གི་རོང་འབྲོག་བུད་མེད་རྣམས་ལ་མཚོན་ན། མགོ་རྨི་ལམ་འཁྲུག་ན་ཞུ་ས་དང་། རྐང་ཚེར་མ་ཟུག་ན་སྟོན་ས་ཉག་གཅིག་མཆིས་པ་ནི་ས་གནས་ཀྱི་གཞུང་གི་སྨན་པ་ཡིན་ན་འདྲ། སྒེར་ཚུགས་སྨན་པ་ཡིན་ཡང་རུང་། བོད་ལུགས་སྨན་པ་ཡིན་ཡང་རུང་། ནུབ་ལུགས་སྨན་པ་ཡིན་ན་འདྲ། ཀྲུང་ལུགས་སྨན་པ་ཡིན་ཡང་རུང་། གང་ལྟར་སྨན་པ་རྣམས་ལ་བཀའ་འདྲི་བྱེད་པ་ལས་ཐབས་ཅི་ཡང་མེད་པ་རེད། འདིའི་སྐབས་སུ་ཁོ་མོ་ཚོས་བློ་འདྲི་བྱེད་ཡུལ་གྱི་སྨན་པ་དེས་ཟླ་མཚན་ཆད་པ་ནད་རེད། དེ་ལ་སྨན་བསྟེན་དགོས་ཞེས་ན་བུད་མེད་དེ་ཚོས་སྨན་པ་དེས་བསྩལ་བའི་སྨན་དེ་ཁོང་དུ་བསྟེན་པ་རེད། ནུབ་ལུགས་ཀྱི་གཤེར་ཁབ་རྒྱོབས་ཞེས་ན་ཁོ་མོ་ཚོས་དེ་ལྟར་དང་ལེན་བྱེད་པ་རེད། གང་ལྟར་སྨན་པ་རྣམས་ཀྱིས་ཇི་ལྟར་གདམས་ན་ཟླ་མཚན་ཆད་པའི་བུད་མེད་དར་མ་དེ་ཚོས་དེ་ལྟར་བྱེད་པ་རེད། འདིའི་རྩ་བའི་རྩ་བ་ཡང་སྨན་པའི་ལག་ལེན་ཉམས་མྱོང་དང་གཟབ་ནན་བཅས་ལ་རག་ལུས་པར་སེམས། རྒྱུ་མཚན་ནི། སྨན་པ་ནད་ཐོག་གི་མྱོང་བ་ཞན་པ་རྣམས་ཀྱིས་བུད་མེད་དར་མ་ལོ་ན་ལྔ་བཅུར་མ་སོན་པ་ཞིག་གི་ཟླ་མཚན་ཆད་པ་ནི་ན་ཚ་དངོས་ཤིག་ལ་ངོས་བཟུང་སྟེ་སྨན་སྟེར་བ་དང་། ནུབ་ལུགས་ཀྱི་འབྲེལ་ཡོད་གཤེར་ཁབ་རྒྱག་པ་བཅས་ཀྱི་ཐབས་ཤེས་སྤྱོད་པ་རེད། ཡང་སྨན་པ་ནད་བརྟག་ལ་དེ་འདྲའི་ནན་ཏན་དང་གཟབ་ནན་མིན་པ་རྣམས་ཀྱིས་བལྟ་རེག་དྲི་གསུམ་དང་། ཆུ་རྟགས། གློག་པར་སོགས་ལ་དཔྱད་ཞིབ་མི་བྱེད་པར་བྲེལ་མ་འཚུབ་ལ་བུད་མེད་དར་མའི་ཟླ་མཚན་ཆད་པ་ཟླ་མཚན་འགྱིངས་པ་དང་ཁྲག་སྐྲན་ཆགས་པ་སོགས་སུ་བརྩིས་ཏེ་ཁྲག་བཤིག་རྡོ་རྗེ་ཕ་ལམ་སོགས་སྟེར་བར་བྱེད་པ་དང་། དེས་ཀྱང་ཕན་སྐྱེད་མ་བྱུང་ན་རང་རང་གིས་རྟོགས་ཚོད་ལྟར་ནུབ་ལུགས་ཀྱི་འབྲེལ་ཡོད་སྨན་སྤྱོད་པར་བྱེད་པ་རེད། གང་ལྟར་འདི་དང་འདི་ལྟ་བུའི་སྨན་པའི་བསླབ་སྟོན་མང་པོ་ཞིག་གིས་བུད་མེད་དར་མ་ལོ་ན་ལྔ་བཅུར་མ་སོན་པ་ཐམས་ཅད་ལ་དངངས་སྐྲག་སྐྱེ་རུ་བཅུག་པ་རེད། ང་རང་གཞི་རིམ་རྫོང་རིམ་པའི་བོད་སྨན་ཁང་ཞིག་ནས། རོང་འབྲོག་ཁུལ་གྱི་ནད་པ་མང་པོར་གསོ་བཅོས་བྱས་པའི་ལོ་ངོ་ཉི་ཤུ་ལྷག་གི་ནད་ཐོག་ལག་ལེན་ཁྲོད་དུ། གསར་མོ་ལོ་ན་ཉེར་བདུན་ཉེར་བརྒྱད་ཅན། ལོ་སུམ་ཅུ་སོ་ལྔ་སོ་དྲུག་སོ་བདུན་ཅན། བཞི་བཅུ་ཅན། ཞེ་བཞི་ཞེ་ལྔ་ཞེ་བདུན་ཅན་བཅས་མདོར་ན། ལོ་ཉེར་ལྔ་ནས་ལྔ་བཅུའི་བར་གྱི་བུད་མེད་མང་པོར་ཟླ་མཚན་ཆད་པར་འཕྲད་མྱོང་བ་དང་། ཁོ་མོ་ཚོའི་གནས་ཚུལ་ལ་རྒྱུས་ལོན་བྱེད་མྱོང་ཞིང་། ཁོ་མོ་ཚོར་བོད་ལུགས་བལྟ་རེག་དྲི་གསུམ་གྱི་སྒོ་ནས་བརྟག་དཔྱད་བྱས་པ་མ་ཟད། ཁོ་བོས་ད་དུང་བུད་མེད་ན་ཆུང་ཟླ་མཚན་ཆད་པ་དག་ལ་མངལ་ཆགས་ཡོད་མེད་དྲི་ཆུར་བརྟག་བཤེར(尿妊娠)བྱས་པ་ཡིན་ཞིང་། དེ་ལས་དྲི་ཆུ་གདགས་གཤིས་ཡིན་ན་བུད་མེད་དེར་མངལ་ཆགས་པ་དང་། དྲི་ཆུ་སྲིབ་གཤིས་ཡིན་ན་མངལ་ཆགས་མེད་པ་རེད། མངལ་ཆགས་པ་ཡིན་ན་ཟླ་མཚན་ཆད་པའི་རྒྱུ་མཚན་དེ་ཡིན་པ་དང་། མངལ་ཆགས་མེད་པ་ཡིན་ན་ཆུ་མང་དུ་བཏུང་སྟེ་དྲི་ཆུ་ལྒང་པར་མང་དུ་གསོག་རྗེས་སྒྲ་བརྒལ་གློག་ཆས(彩色B超)བཀོལ་ནས་མངལ་དུ་ཁྲག་སྐྲན་འདྲིལ་ཡོད་མེད་ལ་བརྟག་དཔྱད་བྱས་པ་ཡིན། དེ་ལས་མངལ་དུ་ཁྲག་སྐྲན་ཆགས་ཡོད་ན་བུད་མེད་དེའི་ཟླ་མཚན་ཆད་པའི་རྐྱེན་དེ་ཡིན་པ་དང་། དེ་ལ་ད་གཟོད་ཁྲག་བཤིག་རྡོ་རྗེ་ཕ་ལམ་ཏེ། ཁྲག་བཤིག་རྡོ་རྗེ་ཕ་ལམ་སྦྱོར་བ་འདིས། །སྨུག་པོ་མཆིན་ཁྲག་རྒྱས་དང་ཚ་གྲང་འཐབ། །མོ་ནད་སྟོད་གཟེར་ཁྲག་འགྱིངས་ཕོ་བར་འགྲིལ། །ཁྲག་ཚབས་ཁྲག་སྐྲན་བརྡབས་ཁྲག་ལུས་པ་སོགས། །མ་ལུས་འཇོམས་པ་མྱོང་གྲུབ་ཟབ་མོ་རྒྱ། །[3]ཞེས་པ་དང་། ཡང་ན་ཞི་བྱེད་བཅུ་གཅིག་སྟེ། ཞི་བྱེད་བཅུ་གཅིག་སྐྱེས་ཟུག་གཅོག་པ་དང་། །མོ་ནད་ཁྲག་སྐྲན་འདྲིལ་བ་བཤིག་པར་བྱེད། །ཁྱད་པར་བཙས་རྗེས་སྲིན་གླང་འགྲིལ་རོ་ལ། །འདི་ལས་ལྷག་པའི་གདམས་པ་གཞན་ན་མེད། །[4]ཅེས་པ། གཞན་དུ་སྟར་བུ་དྲུག་པ་སྟེ། སྟར་བུ་རུ་རྟ་ཞིམ་ཤིང་དང་། །མཛེ་ཚ་སྒ་སྐྱ་ཚ་ལ་དྲུག །མོ་ནད་ཁྲག་ཚབས་ཁྲག་སྐྲན་སེལ། །[5]ཞེས་པ་སོགས་ལས་གང་ལ་གང་འཚམས་ཤིག་བསྟེན་དུ་བཅུག་པ་ཡིན། དེ་ལྟར་མ་ཡིན་པར་དྲི་ཆུར་བརྟག་ན་མངལ་ཆགས་མེད་པ་དང་། སྒྲ་བརྒལ་བརྟག་ཞིབ་ལས་མངལ་དུ་ཁྲག་སྐྲན་འདྲིལ་མེད་པ། ཟླ་མཚན་ཆད་པ་མ་གཏོགས་ལུས་ཕུང་བདེ་ཐང་ཅན་ཡིན་ན་བོད་སྨན་གྱི་འདྲིལ་བཤིག་གི་སྨན་བྱིན་པ་མིན་ལ། ནུབ་ལུགས་ཀྱི་ཧང་ཐུ་ཐོན(黄体酮)སོགས་ནི་དེ་བས་ཀྱང་ཤ་གནད་དུ་ཁབ་རྒྱག་ཏུ་མ་བཅུག་པ་ཡིན། མངལ་དུ་ཁྲག་སྐྲན་མེད་པར་ཁྲག་བཤིག་མང་དུ་བསྟེན་དུ་བཅུག་པ་ཡིན་ན། ཟླ་མཚན་འབྱུང་རྒྱུ་ལྟ་ཅི། དེ་ལས་ལུས་ཕུང་གི་གནས་ངེས་མེད་ཅིག་ནས་ཁྲག་རྡོལ་བའི་ཉེན་ཁ་ཡང་འབྱུང་སྲིད། དེ་བས་དེ་ལ་མཉམ་འཇོག་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་སེམས། དེ་ཡང་བུད་མེད་ལོ་ཆུང་ཟླ་མཚན་ཆད་པ་ཕལ་ཆེར་ནི་རང་གི་ནད་ཐོག་ཉམས་མྱོང་ལྟར་ན་ལུས་ཟུངས་ཞན་ཞིང་ཁྲག་ཤུགས་དམའ་བ་ཅན་ཤ་སྟག་འདུག་པས། དེ་ལ་ཟས་བཅུད་ཀྱིས་ལུས་ཟུངས་གསོ་ཞིང་སེམས་ཁམས་དྭངས་པར་བྱེད་པ། སེམས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བ། མྱ་ངན་མེད་པ། བཟའ་འཁོན་མེད་པ། སྐོམ་ཆུ་མི་འཐུང་བ། ཝུ་ཆང་མི་འཐུང་བ། ལུས་ཧ་ཅང་འཁྱགས་པར་མི་བྱེད་པ་བཅས་བྱས་པ་ཡིན་ན། བུད་མེད་ལ་ལ་ཟླ་བ་ཁ་ཤས་དང་། འགའ་ཞིག་ལོ་རེ་གཉིས། ཡང་སྐོར་ཞིག་ལོ་སུམ་ཅུ་རུ་ཟླ་མཚན་ཆད་ཀྱང་བཞི་བཅུ་ནས་འཛགས་པ་བཅས་ཀྱི་སྣང་ཚུལ་འདྲ་མིན་འབྱུང་བཞིན་འདུག་པ་རེད། འདི་ནི་རང་གི་ནད་ཐོག་གི་ཉམས་མྱོང་ཡིན་པས་རོང་འབྲོག་ཁུལ་གྱི་བུད་མེད་ལོ་ན་ལྔ་བཅུར་མ་སོན་པ་རྣམས་ལ་སྐབས་སྐབས་སུ་ཟླ་མཚན་ཆད་པའི་གནས་ཚུལ་འབྱུང་ཡང་དེ་ནི་མངལ་ཆགས་པ་དང་མངལ་དུ་ཁྲག་སྐྲན་འདྲིལ་བ་མིན་ན། དེ་ལ་དེ་འདྲའི་དངངས་འཚབ་ལངས་མི་དགོས་པ་དང་། སྨན་པ་རྣམས་ཀྱིས་བརྟག་དཔྱད་ཞིབ་འཇུག་ལེགས་པོར་བྱེད་པ་ལས། གང་འདོད་ཇི་འདོད་མི་ལབ་པ་དང་། ནད་མེད་པར་ཁྲག་བཤིག་གི་སྨན་སྦྱོར་མི་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན་ནོ། །
གསུམ་པ། རྒྱུད་འགྲེལ་གྲགས་ཅན་དག་ལས་ཟླ་མཚན་ཆད་དུས་ཇི་ལྟར་གསུངས་ཡོད་ཚུལ།
       བདག་གིས་གོང་ནས་བུད་མེད་དར་མ་ལོ་ན་ཉི་ཤུ་རྩ་སྟོད་ནས་སུམ་ཅུ་ཅན་དང་། བཞི་བཅུ་ནས་ཞེ་ལྔ་ཞེ་དྲུག་ཞེ་བདུན་ཅན་ལ་ཟླ་མཚན་ཆད་པ་ནད་ཐོག་ལག་ལེན་ཁྲོད་འཕྲད་རྒྱུ་འདུག་པའི་གནས་ཚུལ་རབ་དང་རིམ་པ་ཞིག་སྨྲས་ཟིན་པ་དེ། དཔལ་ལྡན་རྒྱུད་བཞི་རུ། བུད་མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར། །ཞེས་པའི་དགོངས་དོན་དང་མི་འགལ་ལམ། དེ་ལ་ཕྱིས་ཀྱི་རྒྱུད་འགྲེལ་གྲགས་ཅན་རྣམས་སུ་བུད་མེད་ལོ་ན་བཅུ་གཉིས་ནས་ལྔ་བཅུར་མ་སོན་པར་ཟླ་མཚན་ཆད་འགྲོ་ཟེར་བའི་སྒྲུབ་བྱེད་འགོད་རྒྱུ་མཆིས་སམ་ཞེ་ན། རྒྱུད་འགྲེལ་གྲགས་ཅན་འགར་དེ་དང་ཕྱོགས་མཐུན་པར་གསུངས་འདུག་སྟེ། དཔེར་ན། སྐྱེམ་པ་ཚེ་དབང་ཚང་གིས། དོན་ལ་ལོ་བཅུ་གཉིས་དང་ཟླ་བ་གསུམ་ན་ལུས་ཟུངས་དང་རྩ་རླུང་གི་སྟོབས་རྫོགས་པས་ཟླ་མཚན་དང་པོར་འབྱུང་ཞིང་། ལྔ་བཅུ་ཕན་ཆད་ནི་ལུས་སྟོབས་བྲི་བ་དང་། རྩ་རྣམས་སྐམ་པས་ཟླ་མཚན་མི་འབྱུང་ཞིང་བུ་ཆགས་པའི་ནུས་པ་མེད་དོ་ཞེས་འཆད་ན་འགལ་མེད་དུ་འགྱུར་མོད། འོན་ཀྱང་སྐྱེད་ཆེ་ཆུང་ཚེ་ལོའི་སྐྱེ་བྲི་སོགས་ཀྱི་བྱེ་བྲག་དུ་མར་ཤེས་པར་བྱས་ཏེ་ལས་ཀྱི་དབང་གིས་སོ། །[6]ཞེས་ལུས་སྟོབས་སོགས་ཀྱི་དབང་གིས་ལྔ་བཅུར་སོན་ཚེ་ཟླ་མཚན་ཆད་འགྲོ་ཟེར་བ་དག་ལ། བཅུ་གཉིས་ནས་ལོ་ན་ལྔ་བཅུར་མ་སོན་པར་ཟླ་མཚན་མི་ཆད་ཅེས་ཁ་ཚོན་གཅོད་རྒྱུའང་དཀའ་བའི་རྒྱུ་མཚན་གསུངས་འདུག་པ་དང་། དོན་དངོས་ལས་ཀྱང་ལུས་ཟུངས་དང་སྟོབས་ཀྱི་དབང་གིས་སུམ་ཅུ་བཞི་བཅུ་ནས་ཟླ་མཚན་གཏན་ཆད་འབྱུང་མཁན་ཡང་འདུག་ལ། ལོ་ན་ལྔ་བཅུ་དྲུག་ཅུར་བྱིས་པ་སྐྱེས་པའི་བུད་མེད་ཡང་ང་ཚོས་ཤེས་གསལ་ལྟར་མང་པ་དང་། ད་དུང་ལོ་ན་ལྔ་བཅུའི་ནང་སྐྱེས་པའི་བྱིས་པ་ལ་ཨ་མདོའི་འབྲོག་ཁུལ་དུ་ལྔ་བཅུའི་རྔ་དཀར་ཞེས་འབོད་བཞིན་པ་ལྟར་རོ། །གཞན་ཡང་བེེ་སྔོན་ལས་ཀྱང་། དེ་ཡང་བུད་མེད་ཕལ་ཆེར་རྣམས་ལོ་བཅུ་གཉིས་ལོན་ནས་ལྔ་བཅུ་མ་འདས་ཀྱི་བར་དེར་ཁ་ཟས་ཀྱི་དྭངས་མ་རྣམས་ལས་རིམ་བཞིན་བྱུང་བའི་ཁུ་བ་དམར་པོ་བསམ་སེའུར་གནས་པ་དེ་ཉིད་ཟླ་བ་རེ་རེ་བཞིན་བསམ་སེའུར་བསགས་པའི་ཁྲག་ཡིན་ལ། །[7]ཞེས་ཕལ་ཆེར་བཀོལ་ཡོད་པ་དང་། ཕལ་ཆེར་ཞེས་པ་མ་ཚང་ཚིག །མི་ཚང་ཚང་བར་སྟོན་པའང་ཡིན། །ཞེས་པ་ལྟར། བུད་མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར་དུ་ཕལ་ཆེར་ཟླ་མཚན་འབྱུང་བ་ཡིན་མོད། འོན་ཀྱང་བུད་མེད་ལ་ལར་ངེས་པ་མེད་ཅེས་གསུངས་པ་ཡིན་ནོ། །མཁན་ཆེན་ཁྲོ་རུ་ཚེ་རྣམ་ཚང་གིས་ཀྱང་། ཟླ་མཚན་དེ་ཡང་བུད་མེད་སྦྲུམ་མ་མ་གཏོགས་བུད་མེད་རྣམས་སྤྱིར་བཏང་ཙམ་དུ་ལོ་ན་བཅུ་གཉིས་ལོན་པའི་དུས་ནས་སམ། བྱེ་བྲག་ཏུ་བུད་མེད་སོ་སོའི་ལུས་ཟུངས་དང་། རྩ་རླུང་གི་སྟོབས་ནམ་རྫོགས་མཚམས་ནས་ལོ་ངོ་ལྔ་བཅུ་ཡས་མས།[8]ཞེས་ཁོང་གིས་སྤྱིར་བཏང་ཞེས་པ་དང་། ཡང་ལྔ་བཅུ་ཡས་མས་ཞེས་མཁས་པའི་ལེགས་བཤད་དྲི་མ་མེད་པ་ནད་ཐོག་ལག་ལེན་དང་ར་འཕྲོད་པ་ཅིག་གསུངས་འདུག་པ་ལས། བུད་མེད་བཅུ་གཉིས་ནས་ལྔ་བཅུའི་བར་ཞེས་མཐའ་གཅིག་ཏུ་ཁ་ཚོན་བཅད་མི་འདུག་གོ །
མཇུག་བསྡུ་བ།
       འདི་ལྟར་བདག་གིས་བུད་མེད་དར་མ་ལོ་ན་ལྔ་བཅུར་མ་སོན་པ། མངལ་ཆགས་མེད་པ་དང་། མངལ་དུ་ཁྲག་སྐྲན་འདྲིལ་མེད་པ་རྣམས་ལ་ཟླ་མཚན་མི་འབྱུང་ཡང་། དེ་ནི་བཙན་དང་ཤུགས་ཀྱིས་སྨན་བསྟེན་ནས་ཟླ་མཚན་འབབ་ཏུ་འཇུག་དགོས་པ་ཞིག་མ་ཡིན་པར། ངལ་གསོ་རྒྱག་པ། ལུས་ཟུངས་གསོ་བ། སེམས་ཁམས་སྙོམས་སྒྲིག་སོགས་ཀྱི་ཐབས་ལ་བརྟེན་ན། ལུས་ཀྱི་འཚོ་བཅུད་འདང་བ་དང་། ལུས་ཟུངས་སོར་ཆུད་པ་ན་ད་གཟོད་རང་བཞིན་གྱིས་ཟླ་མཚན་འབབ་པར་འདོད་པའི་བསམ་ཚུལ་ཙམ་པོ་ཞུས་ཡོད་པས། འདི་ལ་མ་རྟོགས་ལོག་རྟོག་གི་འགལ་ཆ་མཆིས་ན་ཀུན་གྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །

དཔྱད་གཞིའི་ཡིག་ཆ།
[1] ༄༅།།བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༦ལོའི་ཟླ༥པར་པར་ཐེངས༥བཏབ། p༤༡༧
[2] ༄༅། །བཤད་རྒྱུད་འགྲེལ་བ་འབུམ་ནག་གསལ་སྒྲོན། ཛྙ་ན་དྷ་རིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༡༩༩༨ལོའི་ཟླ༦པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། p༡༢
[3][4] ༄༅། །སྨན་སྦྱོར་ལེགས་བསྒྲིགས་ཡང་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༤ལོའི་ཟླ༨པར་དཔར་ཐེངས་གཉིས་པ་དཔར། p༢༢ P༢༠༧
[5] ༄༅། །ཕན་བདེ་ནོར་བུའི་བང་མཛོད། ཀརྨ་ངེས་ལེགས་བསྟན་འཛིན། མི་རིགས་དཔེ་སྐྲུན་ཁང་གིས༢༠༡༣ལོའི་ཟླ༤པར་པེ་ཅིན་དུ་དཔར་ཐེངས་གཉིས་པ་བརྒྱབ། P༥༨༣
[6] ༄༅། །རྒྱུད་བཞིའི་རྣམ་བཤད། སྐྱེམ་པ་ཚེ་དབང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༢ལོའི་ཟླ༡༢པར་དཔར་ཐེངས་གཉིས་པ་དཔར། P༡༠༩
[7] ༄༅། །རྒྱུད་བཞིའི་གསལ་བྱེད་བེེ་ཌཱུརྱ་སྔོན་པོ། །སྟོད་ཆ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༨པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P༨༣
[8] གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། མཁན་ཆེན་ཁྲོ་རུ་ཚེ་རྣམ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༡ལོའི་ཟླ༡༠པར་དཔར་ཐེངས་དང་པོ་དཔར། P༩༤-༩༥
འབྲེལ་ཡོད་འོས་སྦྱོར།