logo

བདེ་སྲུང་ཐོན་རྫས་ཀྱི་བསྟེན་ཐབས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-11-03 ཀློག་གྲངས།:
       ཚང་མའི་བདེ་ཐང་འདུ་ཤེས་ཇེ་མཐོར་སོང་བ་དང་བསྟུན་ནས།བདེ་སྲུང་ཐོན་རྫས་སྤྱོད་པ་དེ་དར་ཁྱབ་ཆེ་བའི་ལུས་ཁམས་གསོ་སྟངས་ཤིག་ཏུ་གྱུར་ཡོད། རྒན་པ་མང་པོ་ཞིག་གིས་འཚོ་རྒྱུ་དང་ཚད་ཉུང་གཞི་རྒྱུ། སྤྲི་དཀར་སོགས་ཀྱི་བདེ་སྲུང་སྨན་ཉོས་ནས་འཐུང་བཞིན་ཡོད་མོད། འོན་ཀྱང་བདེ་སྲུང་ཐོན་རྫས་ནི་རྒན་པ་ཡོད་ཚད་ལ་འཕྲོད་པའི་ངེས་པ་མེད།
བདེ་སྲུང་ཐོན་རྫས་ལ་ངོས་ཟིན་ཡང་དག་ཡོད་དགོས།
       རྒན་པ་ཁ་ཤས་ཤིག་གིས་ཁྲག་ཚིལ་དང་མཆིན་པའི་བྱེད་ནུས་ལ་བརྟག་རྗེས། “ངའི་ལུས་ལ་ནད་རིགས་གང་ཡང་མེད་པར་བདེ་ཐང་ཡིན་པ་དང་། ཉེ་སྔོན་ལུས་པོར་བརྟག་པའི་སྐབས་སུའང་ཡོད་ཚད་རྒྱུན་ལྡན་རེད། ད་ཐེངས་གློ་བུར་དུ་ཁྲག་ཚིལ་མཐོ་ཞིང་མཆིན་པའི་བྱེད་ནུས་རྒྱུན་ལྡན་མིན་པའི་རྒྱུ་མཚན་ཅི་ཡིན་ནམ”ཞེས་ཧ་མི་གོ་བར་ལུས་འདུག་པའི་སྣང་ཚུལ་དེ་ལྟ་བུ་ནི་སྒོ་བསྟེན་ཁང་དུ་རྒྱུན་པར་མཐོང་ཐུབ། གནས་ཚུལ་ཞིབ་ཏུ་དྲིས་པ་ན། རྒན་པ་དེ་དག་གི་ཁྲོད་ཀྱི་མང་ཆེ་ཤོས་ཀྱིས་རང་སྟེང་ནས་ལུས་ཁམས་བདེ་སྲུང་གི་སྨན་ཉོས་ཏེ་འཐུང་གིན་འདུག
       མི་རྣམས་ཀྱིས་བདེ་སྲུང་ཐོན་རྫས་ལ་ངོས་འཛིན་ལེགས་པོ་བྱེད་ཐུབ་ཀྱིན་མེད། ཁ་ཤས་ཤིག་གིས་བདེ་སྲུང་ཐོན་རྫས་ཀྱིས་ནད་འགོག་པ་དང་ནད་བཅའ་ཐུབ་ལ། ཐ་ན་ནད་བརྒྱ་འགོག་པའི་སྨན་མཆོག་ལྟ་བུ་ཡིན་པར་སེམས་ཡོད་པ་དང་། ཡང་ཁ་ཤས་ཤིག་གིས་བདེ་སྲུང་སྨན་འཐུང་བ་ནི་གླེན་རྟགས་ཁོ་ན་ཡིན་པས་རིན་ཐང་གང་ཡང་མེད་པར་འདོད་ཀྱིན་ཡོད། དེ་ན་ང་ཚོས་བདེ་སྲུང་ཐོན་རྫས་ལ་ཚན་རིག་དང་མཐུན་པའི་ལྟ་ཚུལ་ཞིག་ཇི་ལྟར་འཛིན་དགོས་སམ་ཞེ་ན།
       བདེ་སྲུང་ཐོན་རྫས་ཞེས་པ་ནི་ང་ཚོས་རྒྱུན་དུ་བཤད་ཀྱིན་པའི་བདེ་སྲུང་ཟས་རིགས་ལ་གོ བདེ་སྲུང་གི་བྱེད་ནུས་ལྡན་པའི་ཟས་རིགས་ནི་ཟས་རིགས་ཀྱི་རིགས་སྣ་ཞིག་ཡིན་ལ། ཟས་རིགས་དཀྱུས་མའི་ཁྱད་གཤིས་ལྡན་པར་མ་ཟད་ལུས་ཁམས་སྙོམ་སྒྲིག་གི་བྱེད་ནུས་ཀྱང་ལྡན་པས།དམིགས་བསལ་གྱི་མི་ཚོགས་ལ་འཕྲོད་མོད། འོན་ཀྱང་ནད་རིགས་འཇོམས་པའི་བྱེད་ནུས་གང་ཡང་མི་ལྡན་པ་རེད། བྱེད་ནུས་དེ་ལ་བལྟས་ན། བདེ་སྲུང་ཐོན་རྫས་ནི་སྨན་རྫས་ཀྱི་ཁོངས་སུ་མི་གཏོགས་པས། ཚོང་བ་རྣམས་ཀྱིས་བདེ་སྲུང་ཐོན་རྫས་ཀྱིས་ནད་རིགས་གང་ཞིག་འཇོམས་ཐུབ་པར་བསྒྲགས་པའི་ཚེ་ན་ཚང་མས་སེམས་ཆུང་བྱེད་དགོས། དྲིལ་སྒྲོག་དེ་ལྟ་བུའི་ནང་དུ་མགོ་བསྐོར་གྱི་ཆ་འདུས་པས། ནད་པ་རྣམས་ཀྱིས་བདེ་སྲུང་སྨན་འཐུང་ནས་ནད་རིགས་གསོ་བཅོས་བྱེད་ཐུབ་པའི་རེ་བ་བཅངས་མི་རུང་ལ།བདེ་སྲུང་སྨན་འཐུང་ཆེད་རང་ཉིད་ཀྱིས་འཐུང་བཞིན་པའི་རྒྱུན་ལྡན་སྨན་གྱི་འཐུང་འཚམས་དེ་བས་ཀྱང་འཇོག་མི་རུང་།
ལུས་པོར་བདེ་སྲུང་ཐོན་རྫས་མཁོའམ།
       སྤྱིར་བཏང་གིས་བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱེད་པ་དང་ཟས་རིགས་ལུགས་མཐུན་གྱིས་སྤྱོད་པ། ལུས་པོར་མཁོ་བའི་འཚོ་བཅུད་འདང་ཚོད་བསྟེན་པ་བཅས་ནི་རྒན་པ་རྣམས་ཀྱི་ཐོག་མའི་གདམ་ཀ་ཡིན། རྒན་པ་རྣམས་ཀྱིས་བདེ་སྲུང་ཐོན་རྫས་བསྟེན་དགོས་མིན་ནི་གཙོ་བོ་རང་ཉིད་ཀྱི་ལུས་པོའི་ཆ་རྐྱེན་ལ་རག་ལས་ཡོད།
       བདེ་སྲུང་ཐོན་རྫས་མང་ཆེ་ཤོས་ནི་འཚོ་རྒྱུ་དང་ཚད་ཉུང་གཞི་རྒྱུ། ཚད་ལོངས་ཚིལ་སྐྱུར་དང་ཚད་མི་ལོངས་པའི་ཚིལ་སྐྱུར། སྤྲི་དཀར་བཅས་ཀྱིས་གྲུབ་པ་དང་། ཚད་ལྡན་གྱི་བདེ་སྲུང་ཐོན་རྫས་ཤིག་ཡིན་ན་གྲུབ་ཆ་གཙོ་བོ་ཞིབ་ཏུ་བཀོད་ཡོད་པས། གལ་ཏེ་ཁྱེད་ལ་དངོས་གནས་གྲུབ་ཆ་གང་ཞིག་ཁ་གསབ་བྱེད་དགོས་ན། སྨན་པའི་ངག་བཞིན་བསྟེན་ཆོག དཔེར་ན། ཁྲག་ཤེད་མཐོ་བའི་རྒན་པ་རྣམས་ལ་མཚོན་ན། ལོ་མ་སྐྱུར་ཁ་གསབ་བྱས་ན་ཀླད་ཁྱིམ་ནད་རིགས་འབྱུང་བའི་ཉེན་ཁ་ཇེ་ཉུང་དུ་གཏོང་ཐུབ་པས། ནད་པ་རྣམས་ཀྱིས་ངེས་པར་དུ་སྨན་པའི་ངག་བཞིན་དགོས་མཁོ་ལྟར་བསྟེན་ཆོག་པ་དང་།ཡང་དཔེར་ན། རྒན་པ་རྣམས་ཀྱིས་ཀལ་ཁ་གསབ་བྱས་ན་རུས་སོབ་ནད་དང་དེའི་སྦྲགས་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བས། གལ་ཏེ་ཁྱེད་ཀྱིས་ཉིན་རྒྱུན་གྱི་ཟས་རིགས་ཁྲོད་ཀལ་འདང་ཚོད་ཅིག་སྡུད་ལེན་མི་ཐུབ་པ་ཡིན་ན། ཁྱེད་ཀྱིས་སྔར་བཞིན་སྨན་པའི་ངག་ལྟར་རང་ཉིད་ལ་འཚམ་པའི་ཀལ་སྨན་གདམ་གསེས་བྱེད་ཆོག
       མཉམ་འཇོག་བྱེད་དགོས་པ་ཞིག་ནི། བདེ་སྲུང་ཐོན་རྫས་ཚད་བརྒལ་གྱིས་བསྟེན་ན་མཇུག་འབྲས་ངན་པ་བཟོ་སྲིད་དེ། དཔེར་ན་འཚོ་རྒྱུAཡིས་མཚན་ལོང་ནད་འགོག་ཐུབ་མོད། འོན་ཀྱང་ཚད་བརྒལ་གྱིས་བསྟེན་ན་སྐྲ་ཕུད་པ་དང་མགོ་ན་བ། སྐྱུགས་མེར་ལངས་པ་སོགས་ཀྱི་ནད་རྟགས་འབྱུང་བ་དང་། སྤྲི་དཀར་ཚད་བརྒལ་གྱིས་བསྟེན་ན་མཆིན་པ་དང་མཁལ་མའི་ཁུར་བོ་ཇེ་ལྕི་རུ་བཏང་སྟེ། མཆིན་པའི་བྱེད་ནུས་འཁྲུགས་པ་དང་། བུད་མེད་རྣམས་ཀྱིས་ཡུན་རིང་དུ་སྐུལ་རྩི་འདྲེས་པའི་ཐོན་རྫས་བསྟེན་ན་ཐོག་མའི་དུས་སུ་ངོ་མདངས་ཇེ་ཡག་ཏུ་འགྲོ་མོད། འོན་ཀྱང་བསྟེན་ཡུན་རིང་ན་ནང་གི་ཟགས་ཐོན་འཁྲུགས་པ་རེད། དེ་ལས་གཞན་ད་རུང་ཚིལ་རིགས་དངོས་པོ་ཚད་བརྒལ་གྱིས་བསྟེན་ན་ཁྲག་ཚིལ་ཇེ་མཐོར་འགྲོ་བ་དང་ཁྲག་རྩའི་བདེ་ཐང་ལ་གནོད་འཚེ་ཐེབས་སླ།
       བདེ་སྲུང་ཐད་ཀྱི་རྒྱུན་ཤེས།
       
རྒན་པ་རྣམས་ཀྱིས་བདེ་སྲུང་བྱེད་དགོས་སམ་ཞེ་ན། ངེས་པར་དུ་བྱེད་དགོས་མོད། འོན་ཀྱང་ཡང་དག་པ་ཡི་སྒོ་ནས་བདེ་སྲུང་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན། དཔེར་ན་འཚོ་བར་ཆོས་ཉིད་ལྡན་པ་དང་འཚོ་བཅུད་དོ་སྙོམས་ཡིན་པ། ལུས་སྦྱོང་འོས་འཚམ་བྱེད་པ། སེམས་ཁམས་སྐྱིད་པོ་ཡོང་བ། དུས་བཅད་ལྟར་ལུས་ལ་བརྟག་པ། དལ་གཤིས་ནད་རིགས་ཚོད་འཛིན་བྱེད་པ་སོགས་ནི་ཡང་དག་གི་བདེ་སྲུང་བྱེད་ཐབས་ཡིན།
       རྒན་པ་རྣམས་ཀྱིས་ལུས་པོར་ནད་རྟགས་གང་ཞིག་བྱུང་རྗེས། མྱུར་དུ་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་བརྟག་དཔྱད་དང་གསོ་བཅོས་བྱེད་དགོས་པ་ལས། གང་འདོད་དུ་རང་སྟེང་ནས་བདེ་སྲུང་སྨན་འཐུང་མི་རུང་། ཡིད་ལ་ངེས་དགོས་པ་ཞིག་ནི། ལུས་པོར་མཁོ་བ་དེ་ནི་བདེ་སྲུང་སྨན་མཆོག་ཡིན་ལ། ལུས་པོར་མི་མཁོ་བ་ནི་རིན་གོང་ཇི་ལྟར་མཐོ་རུང་ལུས་ཀྱི་ཁུར་བོར་འགྱུར་ངེས་སོ། །
འབྲེལ་ཡོད་འོས་སྦྱོར།