༄༅༎ཆང་རག་ཚད་རན་པར་འཐུངས་པའི་ཕན་ཡོན་བསྟན་པ།
རྩོམ་པ་པོ།:སྤེན་པ།
ཡོང་ཁུངས།:ཉིང་ཁྲི་གྲོང་ཁྱེར་བོད་སྐད་ཨུད་གཞུང་ལས་ཁང་།
དུས་ཚོད།:2024-01-30
ཀློག་གྲངས།:
ཆང་རག་གི་ངོ་བོ་བསྟན་པ།
དེ་ཡང་བོད་ཀྱི་གསོ་བ་རིག་པའི་དགོངས་པ་ལྟར་ན་ཆང་རག་ནི་བཅུད་ཆེན་པོ་བཞི་ལས་འབྲུའི་བཅུད་ཀྱི་ཁོངས་སུ་གཏོགས་ཤིང་། འབྲུ་སྣའི་རིགས་ཀྱི་བཅུད་རྣམས་གཤེར་གཟུགས་ཀྱི་ངོ་བོར་ཕབ་པའི་འཐུང་བྱ་ཞིག་ལ་བྱ། བོད་ཀྱི་གསོ་བ་རིག་པའི་རྩ་གཞུང་དཔལ་ལྡན་རྒྱུད་བཞི་ལས། ཆང་ནི་མངར་སྐྱུར་ཁ་ལ་ཞུ་རྗེས་སྐྱུར། །རྣོ་དྲོ་རྩུབ་ཕྲ་ཅུང་ཟད་ཐུར་དུ་འཁྲུ། །ཞེས་བསྟན་པ་ལྟར། ཆང་རག་ནི་ངོ་བོ་དྲོད་ཡིན་ཞིང་། ནུས་པ་རྣོ་ཞིང་མྱུར་ལ་རྩུབ་ཅིང་ཕྲ་བའི་ཁྱད་ཆོས་ལྡན་པ། ཅུང་ཟད་ཐུར་དུ་འཁྲུ་བ་སྟེ། བསྟེན་མཁན་མི་སོ་སོའི་ལྟོ་བ་སྲ་སྙི་སོགས་ལ་དཔག་སྟེ་ཕལ་ཆེ་བ་ལྟོ་བ་བཤལ་གྱི་ཡོད་ལ། གཅིན་པའང་མྱུར་དུ་བབས་པའི་ཁྱད་ཆོས་ལྡན། ཡང་ཆང་བཅུད་ཤིན་ཏུ་མཐོ་བའི་ཨ་རག་ལྟ་བུར་མཚོན་ན་གཅིན་པ་མྱུར་དུ་བབས་པའི་ཁྱད་ཆོས་གོང་དང་མཚུངས་མོད། དེས་ལྟོ་བ་མི་འཁྲུ་བ་ནི་ཆང་བཅུད་ཤིན་ཏུ་གར་བས་དེའི་ངོ་བོའང་དྲོད་ཆེན་པོར་གྱུར་ཏེ་མི་འཁྲུ་བའོ། །ཆང་རག་གི་རོའམ་བྲོ་བ་ལ་དབྱེ་ན་ནས་ཆང་ལྟ་བུ་བསྙལ་སྟངས་དང་། བསྙལ་སའི་དྲོད་ཚད། དུས་ཚོད་སོགས་ཀྱི་རྐྱེན་པས་རོ་མངར་སྐྱུར་ཁ་བ་གསུམ་ཡོང་བཞིན་ཡོད་ལ། ཨ་རག་དང་སྦི་རག་ལྟ་བུ་མྱང་ཤེས་ན་དེ་ལ་རོ་ལན་ཚྭ་བ་ཕུད་རོ་ལྔ་ཙམ་ཚང་བར་བཤད། འོན་ཀྱང་དེ་རྣམས་འཐུངས་རྗེས་ཕོ་བའི་ནང་དུ་ཚང་མ་ཞུ་རྗེས་རོ་སྐྱུར་མོར་འགྲོ་གི་ཡོད། དེས་ན་ཆང་རག་རྒྱུན་དུ་བསྟེན་ཚེ་རོ་དྲུག་ལས་སྐྱུར་བ་བསྟེན་པའི་དགེ་སྐྱོན་གང་ལྡན་པ་རྣམས་ཤུགས་སུ་ཤེས་དགོས་ལ། དེ་བས་དེ་ཚད་དང་རན་པ་འཐུངས་ཚེ་བཅུད་ཆེན་པོར་ལག་པ་འཆང་བ་དང་འདྲ་ཞིང་ཐལ་དྲགས་པར་བསྟེན་ཚེ་དུག་ལྔ་ལ་ལག་པ་འཆང་པ་ལྟ་བུ་ཡིན་པས་ཀུན་གྱིས་མགོ་སྙོམས་མཛོད་དགོས།
ཆང་རག་ཚད་རན་པར་འཐུངས་པའི་ཕན་ཡོན་བསྟན་པ།
དེ་ཡང་ཆང་རག་ཚད་དང་རན་པ་འཐུངས་ཚེ་མིའི་གཟུགས་གཞི་བདེ་ཐང་ལ་ཕན་ཐོགས་ངེས་ཅན་ཡོད་ཅིང་ཁྱད་པར་དུ་དེ་ཉིད་སྨན་དང་སྦྱར་ཏེ་སྨན་ཆང་བཟོས་ཏེ་བསྟེན་ན་ནད་གཞི་མང་པོ་དྲག་བསྐྱེད་ཡོང་བར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པའོ། །གཞན་བོད་སྨན་འགའ་ཞིག་སྨན་རྟ་ཆང་གིས་བྱས་ཏེ་འཐུང་ན་སྨན་ནུས་མྱུར་དུ་ནད་ཀྱི་སྟེང་དུ་འཁྲིད་པའི་དམིགས་བསལ་གྱི་ནུས་པའང་ལྡན། ཆང་རག་ཚད་རན་པར་འཐུངས་པའི་ཕན་ཡོན་ཐད་བོད་ཀྱི་གསོ་བ་རིག་པའི་རྩ་གཞུང་དཔལ་ལྡན་རྒྱུད་བཞི་ལས། དྲོད་འབར་སྤོབས་སྐྱེད་གཉིད་འཕེལ་བད་རླུང་སེལ། །ཞེས་གསུངས་པ་ལྟར། དེས་ཕོ་བའམ་ལུས་ཡོངས་ཀྱི་དྲོད་བསྐྱེད་ཐུབ་པ་སྟེ་ནམ་རྒྱུན་ནས་གཟུགས་པོ་དྲོད་ཞན་པ་དང་གཟུགས་པོ་འཁྱགས་སྐབས་བསྟེན་ན་ལེགས་ལ། བྱ་བ་ཆེ་ཕྲ་ཀུན་ལ་སེམས་ཁྲལ་བྱེད་མཁན་ནམ་སེམས་བུག་དོགས་པའི་མི་རྣམས་ལ་སེམས་ཀྱི་སྙིང་སྟོབས་བསྐྱེད་པའམ་བློ་ཁོག་ཡངས་པོར་གནས་ཐུབ་པ། གཉིད་ཡེར་བའམ་གཉིད་ཞན་པ་རྣམས་གཉིད་འཕེལ་བར་བྱེད་པ། དེ་མིན་བད་ཀན་དང་རླུང་ལས་གྱུར་པའི་ནད་རྣམས་སེལ་ཐུབ་པ། གཞན་ཆང་རྣམས་ཞུ་རྗེས་སྐྱུར་བ་ཡིན་པས། དེ་ལ་རོ་སྐྱུར་བའི་ཡོན་ཏན་རྣམས་ཀྱང་ལྡན་པ་དེ། དཔལ་ལྡན་རྒྱུད་བཞི་ལས། སྐྱུར་བས་དྲོད་སྐྱེད་ཡི་ག་འབྱེད་པ་དང་། །ཚིམ་འདྲུལ་གཅོད་བྱེད་འཇུ་ཞིང་རེག་པ་སེལ། །རླུང་འགགས་རྒྱུ་ཞིང་བསྟེན་དྲག་ཁྲག་མཁྲིས་བསྐྱེད། །ཅེས་གསུངས་པ་ལྟར་དེས་ཕོ་བ་གཙོ་བོར་གྱུར་པའི་ལུས་ཀྱི་མེ་དྲོད་བསྐྱེད་པ་དང་། ཁ་ཟས་ཀྱི་དང་ག་འབྱེད་པར་ཕན་པ། བློ་ཡིད་ཚིམ་པ་སྟེ་གང་སེམས་ཁྲལ་བྱེད་སའི་ཡུལ་དེ་གནས་སྐབས་བརྗེད་པར་གྱུར་པས་སེམས་གུ་ཡངས་ཤིང་བློ་ཡིད་ཚིམ་སྟེ་བདེ་བར་གནས་ཐུབ་པ། ཟས་དང་ཕོ་བའི་སྙིགས་མ་བད་ཀན་རྣམས་བཤིག་པ་དང་། གཅོད་པ། འཇུ་བ་སོགས་བྱེད་པ་སྟེ་ཟས་འཇུ་དཀའ་བ་རྣམས་འཇུ་རོགས་བྱེད་ཐུབ་པ། དེ་མིན་རླུང་གི་རྒྱུ་བ་འགགས་པ་རྣམས་ཏེ་དཔེར་ན་ལྟོ་བ་སྦོས་པ་རྣམས་སེལ་ཐུབ་པ་བཅས་སོ། །
དེ་མིན་ཁ་ལག་ཟོས་རྗེས་ཆང་རག་ཅུང་ཟད་བསྟེན་ན་ཟུས་སྐོམ་འཇུ་རོགས་དང་ཟས་དུག་ཕོག་པ་སྔོན་འགོག་བྱེད་ཐུབ། གོང་དུ་བསྟན་པ་ནི་ཆང་གཙོ་བོར་གྱུར་པའི་ཆང་རག་སྤྱི་ཚད་རན་པར་འཐུངས་པའི་ཕན་ཡོན་ཡིན་ཞིང་། གཞན་ཡང་ཆང་རག་གི་རྒྱུ་མི་འདྲ་བ་ལ་བལྟོས་ནས་ཕན་ནུས་མི་འདྲ་བ་སྣ་ཚོགས་ཡོད་ཅིང་། ཁྱད་པར་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་སྨན་གྱི་ནུས་པ་ཆང་དུ་འཐིམ་པར་བྱས་པའི་སྨན་ཆང་ཤིན་ཏུ་མང་པོ་བསྟན་ཡོད་དེ། དཔེར་ན་ཛྭ་ཏིའི་སྨན་ཆང་གིས་སྙིང་རླུང་སེལ་ཐུབ་པ། བུར་ཆང་གིས་རླུང་ནད་སེལ་ཐུབ་པ། སེང་ལྡེང་བགྲུངས་ཆང་གིས་ཆུ་སེར་སེལ་ཐུབ་པ། གཟེ་ཆང་གིས་མཁལ་ནད་སེལ་ཐུབ་པ། ཏིག་ཏའི་ཆང་གིས་རླུང་ཚད་སེལ་ཐུབ་པ་སོགས་མདོར་ན་བོད་སྨན་མཁས་དབང་ཟུར་མཁར་བློ་གྲོས་རྒྱལ་པོས། རྫས་བཞིན་ཡོན་ཏན་རྗེས་མཐུན་ཆང་། །ཆང་གི་ཡོན་ཏན་ཀུན་ལས་ལྷག། ཞེས་རྫས་གང་དང་སྦྱར་བའི་ཆང་དེར་རྫས་དེའི་ནུས་པ་རབ་ཏུ་འཕེལ་བར་གྱུར་ཞིང་གོང་དུ་གསུངས་པའི་དྲོད་བསྐྱེད་པ་ལ་སོགས་པའི་ཆང་གི་ནུས་པ་དེ་དག་ལས་རྫས་གང་དེའི་ནུས་པ་ཆེ་བར་བཤད། མདོར་ན་སྨན་ཆང་ལ་སོགས་པ་ནད་གཞི་སེལ་བའི་དགོས་པར་དམིགས་ཏེ་མང་ཙམ་བསྟེན་དགོས་མོད། སྤྱིར་ན་ཆང་ནི་ཚད་དང་རན་པ་འཐུངས་ན་གཟུགས་གཞི་བདེ་ཐང་ལ་ཕན་པ་དང་ཆང་ནད་སོགས་མི་ཡོང་སྟེ། ཟླ་ཟེར་ལས། རིག་པར་ཆང་འཐུང་གང་གིས་ནི། །ནད་ནི་འབྱུང་བར་འགྱུར་མ་ཡིན། །ཞེས་ཆང་དེ་ཚད་རན་པར་འཐུངས་ན་ལུས་ལ་ཕན་ཞིང་ཆང་ནད་མ་ན་བ་སོགས་ཡོང་བར་བཤད། དེ་ཡང་ཆང་ཚད་རན་པའི་ཚད་གཞིའི་ཐད་དེང་དུས་ཚན་རིག་པས་ཞིབ་འཇུག་བྱས་པ་ལྟར་ན། རང་གི་གཟུགས་པོའི་གནས་བབས་དེར་ཆང་འཚམ་མིན་ལ་དཔག་སྟེ། ཉིན་རེར་སྦི་རག་ཤེལ་དམ་ཧའོ་ཧྲེང༢༠༠ཙམ་དང་ཨ་རག་དེའི་བཅུ་ཆ་གཅིག་ཙམ། རྒུན་ཆང་དེའི་ལྔ་ཆ་གཅིག་ཙམ་མཆོད་ན་ཚད་རན་པོ་ཡོད་པར་བཤད། བོད་སྨན་སྨན་གཞུང་ལྟར་ན། ཆང་ནི་ཞིམ་པོ་ཕོར་བ་རེ། །ཉིན་རེ་བཞིན་དུ་བཏང་བར་བྱ། །ཞེས་གསུངས་པ་ལྟར་ཉིན་གཅིག་གི་ཚད་ནི་ཕོར་བ་གང་རེ་ཡིན་པར་བསྟན་པའོ། །
རེའུ་མིག ཟུར་མཁར་བློ་གྲོས་རྒྱལ་པོའི་མེས་པོའི་ཞལ་ལུང་ལས་བསྟན་པའི་ཆང་གི་ཕན་ནུས་ཟུར་བཀོད།
ཆང་རག་ཐལ་དྲགས་པའི་གནོད་སྐྱོན་བསྟན་པ།
ཇི་སྐད་དུ། ཚུལ་བཞིན་སྤྱད་ན་སྨན་ཡིན་ལ། །དེ་ལས་ལྡོག་ན་དུག་ཏུ་གྱུར། །ཞེས་པའི་དཔེ་ལྟར་ང་ཚོས་ནམ་རྒྱུན་ནས་ཆང་རག་འཐུངས་ཚེ་ཚད་རན་པོ་འཐུངས་རྒྱུ་དང་གཟུགས་པོ་བདེ་ཐང་ལ་དམིགས་ཏེ་འཐུངས་རྒྱུ་ཤིན་ཏུ་གལ་ཆེ་ཞིང་། དེ་ལྟར་མ་བྱས་ཚེ་རང་ཉིད་ལ་གནོད་པ་ཤིན་ཏུ་ཆེན་པོ་ཡོད་དེ། དཔལ་ལྡན་རྒྱུད་བཞི་ལས། ཐལ་དྲགས་སེམས་བསྒྱུར་བག་མེད་ངོ་ཚ་འཇིག །ར་རོ་དང་པོ་བག་མེད་གནས་ལ་གནས། །རྣམ་རྟོག་ངན་བཅོམ་བདེ་བ་ཡིན་སྙམ་སེམས། །ར་རོ་གཉིས་པ་གླང་ཆེན་སྨྱོན་པ་ལྟར། །ཁ་ན་མ་ཐོ་ཚུལ་ཁྲིམས་འཆལ་བའི་གནས། །ར་རོ་ཐ་མ་སེམས་མེད་རོ་ལྟར་ཉལ། །གང་ཡང་མི་ཤེས་མུན་པའི་གནས་སུ་ལྷུང་། །ཞེས་གསུངས་པ་ལྟར་ཆང་རག་ཐལ་དྲག་ཚེ་ཐོག་མར་རང་སེམས་རང་གིས་ཚོད་འཛིན་བྱེད་མི་ཐུབ་པས་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ལོག་པར་གྱུར་པ་དང་སྒོ་གསུམ་བག་མེད་དུ་གནས་པ་སྟེ་ངོ་ཚ་མེད་པར་གྱུར་པ། ཁྱད་པར་དུ་ར་རོ་དང་པོ་སྟེ་མྱོས་མ་ཐག་པའི་ཚེ་བག་མེད་པའི་གནས་ལ་ལྷུང་ཞིང་རགས་པའི་རྣམ་རྟོག་ངན་པ་སྡུག་བསྔལ་བ་སོགས་ཕལ་ཆེར་བཅོམ་ནས་བདེ་བ་ཡིན་སྙམ་སེམས་པ། ར་རོའི་གནས་སྐབས་གཉིས་པར་སླེབས་ཚེ་གླང་ཆེན་སྨྱོན་པ་ལྟར་གྱུར་ནས་ཁ་ན་མ་ཐོ་བ་འཛེམ་བག་མེད་པར་འཇིག་རྟེན་ན་སྨད་པར་འོས་པའི་བྱ་བ་ཀུན་དང་ཚུལ་ཁྲིམས་འཆལ་བའི་གནས་སུ་འཇུག་ཅིང་གནས་པ་ཡིན་ནོ། ར་རོ་ཐ་མ་སྟེ་ཆང་རག་གིས་མྱོས་པའི་མཐར་ཐུག་པ་དེའི་ཚེ་བག་མེད་པའི་རོ་ལྟར་ཉལ་ཞིང་སྤང་བླང་གི་བྱ་བ་གང་ཡང་མི་ཤེས་པ་མུན་པ་འཐིབས་པ་ལྟ་བུའི་གནས་སུ་ལྷུང་བར་བཤད།
གཞན་ཡང་ཆང་རག་ཐལ་དྲགས་པར་འཐུངས་པའི་གནོད་སྐྱོན་ཐད་བོད་སྨན་མཁས་དབང་གཙང་སྟོད་དར་མ་མགོན་པོ་མཆོག་གིས་ཆེད་དུ་ལེའུ་གཅིག་བསྟན་ཡོད་ཅིང་། དེའི་ནང་དོན་རྣམས་མདོར་བསྡུས་ཏེ་འཆད་ན། དེ་ལས་ལུས་འདར་ཞིང་སྙིང་ལ་གནོད་པར་བཤད་པ་སྟེ་ཆང་རག་འཐུངས་མང་ན་དེ་ལ་རྩ་རྣམས་སྦྲིད་པའི་ནུས་པ་ལྡན་པས་དེ་ལངས་ཤོར་དུ་སོང་བས་ཆང་མ་འཐུང་པའི་དུས་སུ་ལུས་འདར་བར་གྱུར་པ། ཀླད་པའི་རྩ་དཀར་གྱི་ནུས་པ་ཉམས་པར་གྱུར་ཞིང་ཆང་གི་རྩུབ་པའི་ནུས་པས་ཁྲག་རྩ་མཁྲེགས་པོར་གྱུར་ཏེ་ཁྲག་ཤེད་མཐོ་བ་དང་སྙིང་ནད་ན་བ་སོགས་སྙིང་ཀླད་ཁྲག་རྩའི་ནད་རྣམས་བསྐྱེད་པར་བྱེད་པ། ཡང་དེས་ཁྲག་མཁྲིས་ཚ་བ་འཕེལ་བར་བཤད་པ་ནི་རོ་སྐྱུར་བའི་ནུས་པ་བསྟན་སྐབས་རྒྱུད་ལས། རླུང་འགགས་རྒྱུ་ཞིང་བསྟེན་དྲག་ཁྲག་མཁྲིས་བསྐྱེད། །ཅེས་གསུངས་པ་ལྟར་ཆང་རག་གི་ཞུ་རྗེས་ཕོ་བར་སླེབས་སྐབས་རོ་སྐྱུར་བར་འགྲོ་བས་དེས་ཁྲག་མཁྲིས་འཕེལ་བར་བྱེད་པ། ཆང་རག་འཐུངས་ཆེ་ན་ཁྲག་མཁྲིས་འཕེལ་བས་དེས་ད་དུང་དྲེག་ནད་ན་ཉེན་ཡོད་པ། ཆང་རག་གི་རོ་སྐྱུར་བ་དང་ངོ་བོ་རྣོ་ལ་མྱུར་བ་དེས་ཕོ་བའི་སྐྱི་པགས་ལ་ཕོག་ཐུག་སོང་སྟེ་ཕོ་བ་སྨུག་པོ་སོགས་ཀྱི་ནད་ན་ཉེན་ཡོད་པ། ཡང་སྐྱུར་བས་ཁྲག་མཁྲིས་འཕེལ་བ་དང་མཆིན་པ་ནི་ཁྲག་གི་མཚོ་དང་མཁྲིས་པའི་རྟེན་ཡིན་པས་དེ་གཉིས་རྣམ་པར་འཕེལ་ན་མཆིན་པ་ལ་ཤིན་ཏུ་གནོད་པ་སྟེ་མཆིན་པའི་ནད་གཞི་ན་ཉེན་ཡོད་པ། དེ་མིན་ད་དུང་ཆང་རག་ཐལ་དྲགས་པའི་རྐྱེན་གྱིས་ནད་གཞི་མང་དག་ཅིག་ན་སྲིད་པ་དང་ལྷག་པར་དུ་འབྲས་ནད་ཅན་གྱི་ནད་པ་དང་གཅིན་སྙི་ཟ་ཁུའི་ནད་པ། དྲེག་ནད་དང་ཁྲག་འཕེལ་གྱི་ནད་པ་སོགས་ཀྱིས་ཆང་རག་བསྟེན་ཚེ་ནད་གཞི་ཚབས་ལྕི་རུ་འགྲོ་བའོ། །དེས་ན་ཆང་རག་ཐལ་མ་དྲགས་པར་ཚད་རན་པོ་འཐུང་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་། ཐལ་མ་དྲག་པའི་ཚད་ནི་གོང་དུ་ཚད་རན་པར་འཐུངས་པའི་ཕན་ཡོན་སྐབས་བསྟན་ཡོད།
ནང་དོན་མཁོ་འདོན་པ། སྤེན་པ།

ནས་ཆང་། | 青稞酒 | ཆང་ནི་མངར་སྐྱུར་ཁ་ལ་ཞུ་རྗེས་སྐྱུར། །རྣོ་དྲོ་རྩུབ་ཕྲ་ཅུང་ཟད་ཐུར་དུ་འཁྲུ། ། དྲོད་འབར་སྤོབས་སྐྱེད་གཉིད་འཕེལ་བད་རླུང་སེལ། ། |
འབྲས་ཆང་། | 米酒 | འབྲུའི་ཆང་སྐྲན་དང་དམུ་རྫིངས་དང་། །རྟུག་སྐེམ་གློ་གཅོང་སེལ་བ་དང་། ། རླུང་འཇོམས་ཚིལ་དང་ཁྲག་བསྐྱེད་ཅིང་། །གཅིན་བདེར་འབྱིན་ཞིང་བད་ཀན་བསྐྱེད། ། |
ཆང་དྭངས། | 白酒 | ཆང་དྭངས་ཡོན་ཏན་དེ་འདྲ་ལས། །ཡིད་འོང་ཡང་ཞིང་རྣོ་བ་དང་། ། གཟེར་དང་ལུད་པ་དབུགས་མི་བདེ། །སྐྱུག་བྲོ་བཤང་འགག་སྦོས་ཆམ་འཇོམས། ། |
རྒུན་ཆང་། | 红酒(葡萄酒) | རྒུན་ཆང་ནད་སྦྱོང་སྙིང་ལ་ཕན། །ཤིན་ཏུ་དྲོ་མིན་མངར་ཞིང་འཁྲུ། ། མཁྲིས་རླུང་ཅུང་ཟད་བསྐྱེད་སྐྱ་རྦབ། །གཅིན་ནད་གཞང་འབྲུམ་སྲིན་ནད་སེལ། ། |
ཇི་སྐད་དུ། ཚུལ་བཞིན་སྤྱད་ན་སྨན་ཡིན་ལ། །དེ་ལས་ལྡོག་ན་དུག་ཏུ་གྱུར། །ཞེས་པའི་དཔེ་ལྟར་ང་ཚོས་ནམ་རྒྱུན་ནས་ཆང་རག་འཐུངས་ཚེ་ཚད་རན་པོ་འཐུངས་རྒྱུ་དང་གཟུགས་པོ་བདེ་ཐང་ལ་དམིགས་ཏེ་འཐུངས་རྒྱུ་ཤིན་ཏུ་གལ་ཆེ་ཞིང་། དེ་ལྟར་མ་བྱས་ཚེ་རང་ཉིད་ལ་གནོད་པ་ཤིན་ཏུ་ཆེན་པོ་ཡོད་དེ། དཔལ་ལྡན་རྒྱུད་བཞི་ལས། ཐལ་དྲགས་སེམས་བསྒྱུར་བག་མེད་ངོ་ཚ་འཇིག །ར་རོ་དང་པོ་བག་མེད་གནས་ལ་གནས། །རྣམ་རྟོག་ངན་བཅོམ་བདེ་བ་ཡིན་སྙམ་སེམས། །ར་རོ་གཉིས་པ་གླང་ཆེན་སྨྱོན་པ་ལྟར། །ཁ་ན་མ་ཐོ་ཚུལ་ཁྲིམས་འཆལ་བའི་གནས། །ར་རོ་ཐ་མ་སེམས་མེད་རོ་ལྟར་ཉལ། །གང་ཡང་མི་ཤེས་མུན་པའི་གནས་སུ་ལྷུང་། །ཞེས་གསུངས་པ་ལྟར་ཆང་རག་ཐལ་དྲག་ཚེ་ཐོག་མར་རང་སེམས་རང་གིས་ཚོད་འཛིན་བྱེད་མི་ཐུབ་པས་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ལོག་པར་གྱུར་པ་དང་སྒོ་གསུམ་བག་མེད་དུ་གནས་པ་སྟེ་ངོ་ཚ་མེད་པར་གྱུར་པ། ཁྱད་པར་དུ་ར་རོ་དང་པོ་སྟེ་མྱོས་མ་ཐག་པའི་ཚེ་བག་མེད་པའི་གནས་ལ་ལྷུང་ཞིང་རགས་པའི་རྣམ་རྟོག་ངན་པ་སྡུག་བསྔལ་བ་སོགས་ཕལ་ཆེར་བཅོམ་ནས་བདེ་བ་ཡིན་སྙམ་སེམས་པ། ར་རོའི་གནས་སྐབས་གཉིས་པར་སླེབས་ཚེ་གླང་ཆེན་སྨྱོན་པ་ལྟར་གྱུར་ནས་ཁ་ན་མ་ཐོ་བ་འཛེམ་བག་མེད་པར་འཇིག་རྟེན་ན་སྨད་པར་འོས་པའི་བྱ་བ་ཀུན་དང་ཚུལ་ཁྲིམས་འཆལ་བའི་གནས་སུ་འཇུག་ཅིང་གནས་པ་ཡིན་ནོ། ར་རོ་ཐ་མ་སྟེ་ཆང་རག་གིས་མྱོས་པའི་མཐར་ཐུག་པ་དེའི་ཚེ་བག་མེད་པའི་རོ་ལྟར་ཉལ་ཞིང་སྤང་བླང་གི་བྱ་བ་གང་ཡང་མི་ཤེས་པ་མུན་པ་འཐིབས་པ་ལྟ་བུའི་གནས་སུ་ལྷུང་བར་བཤད།
གཞན་ཡང་ཆང་རག་ཐལ་དྲགས་པར་འཐུངས་པའི་གནོད་སྐྱོན་ཐད་བོད་སྨན་མཁས་དབང་གཙང་སྟོད་དར་མ་མགོན་པོ་མཆོག་གིས་ཆེད་དུ་ལེའུ་གཅིག་བསྟན་ཡོད་ཅིང་། དེའི་ནང་དོན་རྣམས་མདོར་བསྡུས་ཏེ་འཆད་ན། དེ་ལས་ལུས་འདར་ཞིང་སྙིང་ལ་གནོད་པར་བཤད་པ་སྟེ་ཆང་རག་འཐུངས་མང་ན་དེ་ལ་རྩ་རྣམས་སྦྲིད་པའི་ནུས་པ་ལྡན་པས་དེ་ལངས་ཤོར་དུ་སོང་བས་ཆང་མ་འཐུང་པའི་དུས་སུ་ལུས་འདར་བར་གྱུར་པ། ཀླད་པའི་རྩ་དཀར་གྱི་ནུས་པ་ཉམས་པར་གྱུར་ཞིང་ཆང་གི་རྩུབ་པའི་ནུས་པས་ཁྲག་རྩ་མཁྲེགས་པོར་གྱུར་ཏེ་ཁྲག་ཤེད་མཐོ་བ་དང་སྙིང་ནད་ན་བ་སོགས་སྙིང་ཀླད་ཁྲག་རྩའི་ནད་རྣམས་བསྐྱེད་པར་བྱེད་པ། ཡང་དེས་ཁྲག་མཁྲིས་ཚ་བ་འཕེལ་བར་བཤད་པ་ནི་རོ་སྐྱུར་བའི་ནུས་པ་བསྟན་སྐབས་རྒྱུད་ལས། རླུང་འགགས་རྒྱུ་ཞིང་བསྟེན་དྲག་ཁྲག་མཁྲིས་བསྐྱེད། །ཅེས་གསུངས་པ་ལྟར་ཆང་རག་གི་ཞུ་རྗེས་ཕོ་བར་སླེབས་སྐབས་རོ་སྐྱུར་བར་འགྲོ་བས་དེས་ཁྲག་མཁྲིས་འཕེལ་བར་བྱེད་པ། ཆང་རག་འཐུངས་ཆེ་ན་ཁྲག་མཁྲིས་འཕེལ་བས་དེས་ད་དུང་དྲེག་ནད་ན་ཉེན་ཡོད་པ། ཆང་རག་གི་རོ་སྐྱུར་བ་དང་ངོ་བོ་རྣོ་ལ་མྱུར་བ་དེས་ཕོ་བའི་སྐྱི་པགས་ལ་ཕོག་ཐུག་སོང་སྟེ་ཕོ་བ་སྨུག་པོ་སོགས་ཀྱི་ནད་ན་ཉེན་ཡོད་པ། ཡང་སྐྱུར་བས་ཁྲག་མཁྲིས་འཕེལ་བ་དང་མཆིན་པ་ནི་ཁྲག་གི་མཚོ་དང་མཁྲིས་པའི་རྟེན་ཡིན་པས་དེ་གཉིས་རྣམ་པར་འཕེལ་ན་མཆིན་པ་ལ་ཤིན་ཏུ་གནོད་པ་སྟེ་མཆིན་པའི་ནད་གཞི་ན་ཉེན་ཡོད་པ། དེ་མིན་ད་དུང་ཆང་རག་ཐལ་དྲགས་པའི་རྐྱེན་གྱིས་ནད་གཞི་མང་དག་ཅིག་ན་སྲིད་པ་དང་ལྷག་པར་དུ་འབྲས་ནད་ཅན་གྱི་ནད་པ་དང་གཅིན་སྙི་ཟ་ཁུའི་ནད་པ། དྲེག་ནད་དང་ཁྲག་འཕེལ་གྱི་ནད་པ་སོགས་ཀྱིས་ཆང་རག་བསྟེན་ཚེ་ནད་གཞི་ཚབས་ལྕི་རུ་འགྲོ་བའོ། །དེས་ན་ཆང་རག་ཐལ་མ་དྲགས་པར་ཚད་རན་པོ་འཐུང་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་། ཐལ་མ་དྲག་པའི་ཚད་ནི་གོང་དུ་ཚད་རན་པར་འཐུངས་པའི་ཕན་ཡོན་སྐབས་བསྟན་ཡོད།
ནང་དོན་མཁོ་འདོན་པ། སྤེན་པ།
འབྲེལ་ཡོད་འོས་སྦྱོར།