logo

ཁྱི་དུག་འགོག་བཅོས།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-02-08 ཀློག་གྲངས།:
གཅིག ཁྱི་སྨྱོན་གྱི་ངོ་སྤྲོད།
       དེ་ཡང་རྒྱུད་བཞི་ལས། མཚན་ཉིད་ཁྱི་དེ་འོན་ལོང་ཁ་ཆུ་འཛག །ཁ་གདངས་མགོ་བོ་སྨད་ཅིང་མཇུག་མ་ཕབ། །འཁྱོམ་ཞིང་ཕྱོགས་མེད་ཀུན་ཏུ་རྒྱུ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །
གཉིས། ཁྱི་སྨྱོན་གྱིས་རྨུགས་པའི་རྟགས།
       དུག་ལྡན་གྱི་ཁྱི་སྨྱོན་དེ་དག་གི་དུག་དེ་མཆེ་བ་ལ་བབས་དུས་རྨུགས་པའི་རྨ་གསར་པའི་ཟུག་ཚོར་ཆུང་ཞིང་ཁྲག་ནག་འཛག་པ་དང་། རྨ་མདོག་སྨུག་ནག་མི་སྡུག་ཅིང་ངན་པ་སྨུག་ཐིག་དང་ནག་ཐིག་འོང་། ཕྱི་སྐྲངས་ཤིང་རྨ་ནང་དུ་ཤ་རོ་རྨེན་བུ་འདྲ་བ་ཆགས། ཁྱད་པར་དུ་ཕྱིའི་མཚུལ་པ་སོགས་ཀྱི་དབྱིབས་དང་ལྡན་པ་དང་། ཡང་ན་མེད་པ་སྦུ་གུར་འདུག་པ། ཆུས་བཀྲུས་ཏེ་འོ་མ་བླུགས་ན་མི་ཆགས་པ་དེ་དུག་དང་ལྡན་པ་ཡིན། གཞན་ཡང་དུག་དེ་དབུགས་ལ་བབས་ན་ཁ་རླངས་དང་། མིག་ལ་བབས་ན་མཐོང་དུས་ཀྱང་དུག་རྒྱུ་བའི་རྟགས་ལ་མགོ་བོ་ན་ཞིང་ཁ་དང་གདོང་བ་དམར་ལ་ལུས་ཀུན་བརྩེ། གྲང་ཤུམ་བྱེད་ཅིང་མི་དད་ཆུང་། བར་དུ་དུག་ནད་དེ་རྒྱས་པའི་རྟགས་སུ་ཁྲོ་ཚིག་སྟོན་པ་དང་རེག་མི་བཟོད། ནད་པ་རང་ཉིད་ཆུ་ནང་དུ་བབས་པ་དང་། རྫིང་འདྲ་བའི་སྣང་བ་འཆར། ལྕེ་དང་མཚུལ་པ་རིང་པོར་སོང་བའི་སྣང་བ་སྐྱེ། ཐ་མ་སྨིན་པའི་རྟགས་སུ་སྙིང་མི་བདེ་བ་དང་། མིག་རྩ་ནག་གམ་སྲིན་མཛུབ་ཀྱི་སེན་རྩ་སྔོན་པོར་འགྲོ། སྐབས་སུ་དྲན་མེད་དུ་འབོག་པའམ་བརྒྱལ། མེ་ལོང་དང་ཆུ་མཐོང་ན་སྐྲག་ཅིང་དངངས་ལ་ལུད་པ་དཀར་པོ་ཞོ་ཤི་བའམ་འགྲོན་བུ་འདྲ་བ་འབྱུང་། ཡང་ན་སྨུག་ནག་ཅན་དང་། སྐྱུག་ཅིང་མིག་མི་བཙུམས། སོ་མདོག་སེར་ལ་ལྕེ་རིང་ཞིང་ནག་ངམ་ཅན་དང་། དྲི་ཆུ་དམར་པོ་མི་འགྱུར་ལ་དྲི་ཆེན་ནག་པ། ཁྱི་སྐད་འབྱིན་པ་དང་མི་ལ་རྨུགས་སྟངས་བྱེད་པ་དང་སྡོད་ལུགས་སོགས་ཀྱང་ཁྱི་སྤྱོད་ཇི་བཞིན་བྱེད་པ་འབྱུང་བ་ཡིན།
གསུམ། བོད་སྨན་གྱི་བཅོས་ཐབས།
       ཁྱི་དུག་བཅོས་པ་ལ། ཐོག་མཐའ་བར་གསུམ་གྱིས་བཅོས་དགོས་པ་ལས། (1)ཐོག་མར་སོས་ཟིན་པའི་མོད་ལ་རྨ་ཁར་རྔུབས་རྭ་བཙུགས་ཏེ་ཁྲག་ཕྱིར་དྲངས་ཤིང་དེ་རྗེས་རྨ་ཁ་ནས་སོར་བཞིའི་གོང་དུ་རྨ་རས་ཞེང་ཆེ་ཆུང་གིས་དམ་པར་བསྡམ། ཞག་ལོན་པ་ལ་རྨ་གང་ཡོད་དེ་ལྕགས་ཀྱིས་བསྲེག དེ་འོག་ཞུན་མར་བསྐོལ་བ་རྨའི་ནང་དུ་བླུག་པ་དང་། རྒྱ་ཚྭ་དང་སྐྱེར་ཤུན། དུད་པ་རལ་བ། བཙོད་རྣམས་བྱུག ཡང་ན་ཡུང་བ་དང་། སྐྱེར་ཤུན། བོང་དཀར། གླ་རྩི་བཅས་མར་དང་སྦྱར་ལ་བྱུག དེ་སྟེང་རྟ་གསེབ་ཀྱི་སྦངས་དང་ཞོ་སྦྱར་བས་རྨ་ལ་འཇིབ་བྱའོ། ། (2)བར་དུ་བཅོས་ཚུལ་ལ་དུག་ལངས་ཤིང་རྒྱས་ནས་ལུས་ཁོལ་བར་ན་བ་དང་། ཁྱི་མཐོང་ན་ཚིག་ཟ་བྱེད་པ། བཤུལ་ཤ་ན་བ་སོགས་འབྱུང་བས་དེ་ལ་གི་ཝང་དང་ཛཱ་ཏི། ཕ་ཝང་ལོང་བུ་གསུམ་ལ་བུར་དཀར་བཞི་འགྱུར་སྦྱར་བ་ཆུ་གྲང་གིས་དབུལ་བའམ་གི་ཝང་བཅུ་པ་ཀ་རའི་ཁས་རླངས་ལ་གཏོང་། ཡང་ན་ཁྱི་དུག་མང་སྦྱོར་ཉེར་ལྔ་ཞག་བདུན་རིང་ཉིན་གུང་ལ་མྱོས་ཁུས་དབུལ། ཡང་ན་གླ་རྩི་སྲན་ཙམ་བསྣན་པའི་འབུ་སྐྱོགས་ཀྱི་ཕྱེ་མ་ཆུ་གཙང་གིས་ཕུལ་བ་ནད་འདིའི་གཉེན་པོ་མཆོག རྒྱ་སྤོས་བདུན་སྦྱོར་ཞུན་མར་དང་སྦྱར་བ་རྨ་ལ་བྱུག་པ་སོགས་དེ་ལྟར་བཤད་མ་ཐག་པའི་གཉེན་པོའི་སྨན་རྣམས་ཟླ་དྲུག་ཚུན་ཆད་དུ་ཞག་བཅུ་རེའི་དུས་སྨན་ལན་རེ་བསྟེན་དགོས་ཤིང་། དེ་ཡང་ཁྱི་དུག་ཕོག་ནས་མ་བཅོས་པར་ཞག་བཅུ་བར་ཕར་འདས་པ་དང་། ཟླ་བ་དང་ལོ་ལོན་ནས་དུག་ལངས་པའི་རྟགས་དང་ལྡན་ན་ཁྱི་དུག་དེ་སྙིང་ལ་ཟིན་པས་ཞི་བྱེད་སྨན་གྱིས་གསོ་དཀའ་བས་དུར་བྱིད་དང་ཧོང་ལེན། ཐང་ཕྲོམ་དཀར་པོ་རྣམས་ཀྱིས་སྦྱངས།ཡང་ན་རྩ་སྦྱོང་ཕྱི་རྒྱུད་ལྟར་བྱ་བ་དང་། ཚིགས་པ་དྲུག་བདུན་གྱི་གསང་གསེར་ཏེལ་གྱིས་བསྲེག་པའམ་མེ་བཙས་བསྡམ། ཡང་ན་ཕ་ཝང་ལོང་བུ་དཀར་སེར་སྨུག་པོ་རིགས་གསུམ་གྱིས་གཙོ་བྱས་པའི་སྦྱོར་བར་ཀ་ར་དཀར་པོ་བཞི་འགྱུར་དང་སྦྱར་ལ་བཏང་བར་བྱ་བ་དང་། ལག་ལེན་མྱོང་གྲུབ་ཏུ་ལུག་ངལ་འབྲས་བུའི་ནང་གི་འབུ་དེ་གསོན་པོ་དང་། ཡང་ན་རྟ་གསེབ་སྔོ་ནག་གི་སྦངས་སར་མ་ལྷུང་བའི་ཁུ་བ་བཏང་ན་མཐོང་དུག་དང་མཆེ་དུག་ཁ་རླངས་སོགས་ཁྱི་དུག་གསར་རྙིང་མ་ལུས་པ་འཇོམས་སོ། ། (3)ཐ་མ་ནད་ཀྱི་མགོ་གཞོམ་ནས་རྒྱ་སྤོས་ལྔ་པ་སྦྲང་རྩི་དང་ཞུན་མར་སྦྱར་བའི་ལྡེ་གུས་ནད་རྗེས་གཅོད། རྨེན་པ་སྐྲངས་ན་རུས་རྙིང་དང་འབའ་ཆ། ཉ་ལྕིབས་བཅས་སྦྱར་བའི་ལུམས་གར་སླ་ལུག་ཞོ་ཙམ་གྱིས་མནན་པར་བྱ། ལུས་ཁོལ་བུར་ན་བའི་སར་ཧོར་གྱི་མེ་བཙའ་བྱ། ཟས་སྤྱོད་དུ་ནད་ལངས་པའི་དུས་ཕྱེ་ཐུག་སྡོར་མེད་པ་དང་། ཆབ་ཚ་ལ་སོགས་པ་ནད་བབས་དང་བསྟུན་ལ་བཏང་། སྤྱོད་ལམ་དུ་ནད་པ་དེས་མེ་ལོང་ལ་བལྟ་བ་དང་། ཁྱི་སྐད་ཐོས་པ། ཆུ་བརྒལ་བ་དང་ཟམ་པར་དོན་པ། རྟ་སོགས་བཞོན་པ་བསྟེན་པ། རླུང་བསེར་བུ། བཞད་གད་སློང་བ། གཡང་ཆེ་སར་འགྲོ་བ། ཆང་འཐུང་བ། འཁྲིག་པ་སྤྱོད་པ་སོགས་ལོ་གཉིས་ཙམ་ལ་སྤང་ན་ཁྱི་དུག་ལས་གྲོལ་བར་ངེས་པ་ཡིན་ནོ། ། མན་ངག་རིན་ཆེན་འབྱུང་གནས་ལས། ཁྱི་ཡིས་རྨུགས་ན་གཟིག་གི་ཤ། །རྨ་ལ་བཏབ་ན་ཕན་པར་འགྱུར། །ཁྱི་སྨྱོན་དུག་ལའང་བདུད་རྩིར་མཚུངས། །ཞེས་གསུངས་འདུག (4)ད་དུང་ཁོ་བོ་ཆུང་དུས་སུ་ངེད་ཚང་གི་སྒོ་ཁྱིས་རྨུགས་དུས། རྨ་ཁ་ལས་བརྡོལ་བའི་ཁྲག་དེ་རྩམ་པར་བསྲེས་ཏེ་བརྫིས་ནས་རྨུགས་མཁན་གྱི་ཁྱི་དེ་ལ་བྱིན་ན། མིའི་རྨ་ལ་གཉན་ཚད་མི་རྒྱས་པ་དང་ན་ཟུག་ལ་ཕན་ཞེས་སྟེར་བཞིན་འདུག་གོ །
བཞི། སྔོན་འགོག
       ཁྱི་སྨྱོན་ནད་ཀྱི་སྔོན་འགོག་ནི་ཁྱི་ཡིས་རྨུགས་པར་དོགས་ཟོན་ནན་མོ་བྱ་རྒྱུ་དེ་ཡིན། གཞན་གྱི་སྒོ་ཁྱི་དང་ཁྱི་སྡོམ་བདག་མེད་བཅས་ལ་ཤིན་ཏུ་འཛེམ་དགོས་པ་སྨོས་ཅི་དགོས། ཐ་ན་རང་གི་སྒོ་ཁྱི་ཡིན་ཡང་མཉམ་འཇོག་བྱ་དགོས། རང་གི་སྒོ་ཁྱིས་རང་གི་མི་ལ་རྨུགས་པ་ཡང་ཧ་ཅང་མང་སྟེ། སྔོན་ཁོ་བོར་ཡང་རང་གི་སྒོ་ཁྱིས་རྨུགས་མྱོང་བ་དང་། 2024ལོའི་ཟླ11པའི་དྲ་ཐོག་གསར་འགྱུར་ཞིག་ཏུ། བྱིས་པ་ལོ་གཉིས་ཅན་ཞིག་ལ་རང་གི་སྒོ་ཁྱིས་རྨུགས་ཏེ་རྨས་ལྗིད་མོ་ཕོག་པའི་གནས་ཚུལ་ཡ་ང་བ་ཞིག་ཐོན་པ་ལྟར་དུ་རང་ཁྱིས་རྨུགས་པ་ཡང་ཤིན་ཏུ་མང་པས། དེ་ལ་མཉམ་འཇོག་བྱུ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་གོ །
ལྔ། ནུབ་ལུགས་ཀྱི་འགོག་ཁབ།
       ཁྱི་སྨྱོན་གྱི་འགོག་སྨན་ནི་ཁྱི་སྨྱོན་གྱི་མཆེ་དུག་སོགས་སྔོན་འགོག་བྱེད་པའི་འགོག་སྨན་ཞིག་ཡིན། ཁྱི་སྨྱོན་གྱི་དུག་ནི་ཁྱི་སྨྱོན་གྱི་ནད་དུག་གིས་བསླངས་པའི་མྱུར་བའི་རང་བཞིན་ཅན་གྱི་འགོས་རིམས་ཤིག་ཡིན། ནད་ཐོག་གི་མངོན་རྟགས་སུ་ཆུ་ལ་དངངས་པ་དང་། རླུང་ལ་སྐྲག་པ། མིད་པ་རེངས་འཁུམ་བྱེད་པ། མདུན་སྐྱོད་རང་བཞིན་གྱི་ཞ་འཁུམ་བཅས་འབྱུང་བ་རེད། ཁྱི་སྨྱོན་གྱིས་རྨུགས་པའི་དུག་ནད་ལྡང་བ་ན་དེའི་ཤི་ཚད་བརྒྱ་ཆའི་བརྒྱ་ཡིན་པ་ལས། མིག་སྔར་འདི་ལ་གསོ་བཅོས་ཐབས་ཤེས་མི་མངའ་ཞིང་། ད་སྐབས་ཁྱི་སྨྱོན་གྱི་ནད་དུག་འགོག་པའི་ཆེས་ཐབས་ཤེས་ལེགས་པོ་ནི། ཁྱིས་རྨུགས་པ་ནས་ཆུ་ཚོད་ཉེར་བཞིའི་ནང་འགོག་སྨན་རྒྱག་རྒྱུ་དེ་རེད། སྔོན་དུས་འབྲོག་ཁུལ་དུ་ཁྱིས་རྨུགས་ནས་རྨས་ཐེབས་ཀྱང་འགོག་སྨན་རྒྱག་པའི་སྲོལ་མེད་པ་དང་། འགོག་སྨན་ཡང་དེ་དུས་དཀོན་པ་འདྲ། ང་རང་ཉིད་ཀྱང་ལོ་ལྔའི་སྟེང་ངེད་ཚང་གི་ཁྱི་ཡིས་མགོ་བོར་རྨུགས་པ་དང་། ལོ་ཉི་ཤུ་ཙམ་ལ་གཞན་གྱི་ཁྱིས་པུས་མོར་རྨུགས་ཀྱང་། འགོག་ཁབ་མ་བརྒྱབ་པར་མ་ཟད་ཁོང་དུ་སྨན་ཐུན་གཅིག་ཀྱང་འཐུང་མྱོང་མེད། ད་སྐབས་དེའི་རྐྱེན་གྱིས་པུས་མོ་དེར་ལན་རེར་ཟ་འཕྲུག་ལངས་པ་ན། སེན་མོས་ཕྲུག་ནས་སྐྱི་མོ་ཅུང་རལ་པར་བྱ་དགོས་པ་ཞིག་འདུག གང་ལྟར་ད་སྐབས་འབྲོག་པ་རྣམས་ཀྱང་ཁྱིས་རྨུགས་པ་ན། དེ་མ་ཐག་སྨན་ཁང་དུ་འགོག་ཁབ་རྒྱག་ཏུ་འགྲོ་བཞིན་ཡོད་པས། གོམས་གཤིས་དེ་རང་རྟོགས་སྒོས་རྒྱུན་འཁྱོངས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

དཔྱད་གཞིའི་ཡིག་ཆ།
«བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ» གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས2000ལོའི་ཟླ5པར་པར་ཐེངས3པ་བཏབ། p545
«ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ» (སྨད་ཆ) བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས2000ལོའི་ཟླ4པར་བོད་དུ་པར་ཐེངས2པ་བཏབ། p407-408  p409-410
«མན་ངག་རིན་ཆེན་འབྱུང་གནས» འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1997ལོའི་ཟླ12པར་པར་ཐེངས1པོ་བཏབ། p722
འབྲེལ་ཡོད་འོས་སྦྱོར།