logo

ཉིན་རེར་ཆུ་ག་ཚོད་བཏུང་ན་ལུས་པོར་ཕན་ནམ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། དུས་ཚོད།:2025-02-26 ཀློག་གྲངས།:
       འཚོ་བའི་ཁྲོད་ང་ཚོས་ནམ་རྒྱུན་སྒྲུབ་བཞིན་པའི་བྱ་བ་ཞིག་ནི་ཆུ་འཐུང་བ་དེ་རེད། ཉིན་གཅིག་ལ་ཆུ་ཕོར་པ་8འཐུང་དགོས་ཞེས་པའི་བཤད་སྲོལ་དེ་ཡིན་ཤག་ཤག་གི་རྩ་དོན་ཞིག་ཏུ་བརྩི་བཞིན་ཡོད་མོད། འོན་ཀྱང་ཉེ་བའི་ལོ་ཤས་ནང་མི་ལ་ལས་བཤད་ཚུལ་དེ་ནི་ཚན་རིག་གི་གཞི་འཛིན་ས་མེད་པ་ཞིག་ཡིན་པའི་ངོས་འཛིན་བཞིན་ཡོད།
ཉིན་གཅིག་ལ་ཆུ་ཕོར་པ8འཐུང་དགོས་ཞེས་པའི་བཤད་སྲོལ་དེར་ཚན་རིག་གི་གཞི་འཛིན་ས་ཡོད་དམ།
       «སྤྱི་ལོ2022ལོའི་ཀྲུང་གོའི་གྲོང་མིའི་བཟའ་བཅའི་མཛུབ་སྟོན»ཞེས་པའི་ནང་། རང་རྒྱལ་གྱི་མི་དར་མའི་ཆུ་འཐུང་ཚད་ཀྱི་དཀྱིལ་གྲངས་ནི་ཧའོ་ཧྲེང1488ཡིན་ཞིང་། དེའི་ཁྲོད་སྐྱེས་པའི་ཆུ་འཐུང་ཚད་ནི་ཧའོ་ཧྲེང1679དང་། བུད་མེད་ཀྱི་ཆུ་འཐུང་ཚད་ནི་ཧའོ་ཧྲེང1370ཡིན་པ་རེད། གནམ་གཤིས་དྲོ་འཇམ་གྱི་ཆ་རྐྱེན་འོག་ཏུ་ལུས་པོའི་འགུལ་སྐྱོད་ཆུང་བའི་སྐྱེས་པ་དར་མའི་ཉིན་རེའི་ཆུ་འཐུང་ཚད་ཧྲེང1.7ཡིན་ཞིང་། བུད་མེད་དར་མའི་ཉིན་རེའི་ཆུ་འཐུང་ཚད་ཧྲེང1.5ཡིན་པ་རེད། གལ་ཏེ་ཆུ་ཕོར་པ་གང་ནི་ཧའོ་ཧྲེང200ནས250ལྟར་རྩིས་ན། ཧ་ལམ་ཉིན་རེར་ཆུ་ཕོར་པ8འཐུང་དགོས་ཞེས་ངོ་སྤྲོད་བྱས་འདུག
       ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་འཐུང་བར་གཤམ་གསལ་གྱི་སྟབས་བདེའི་སྤྱི་འགྲོས་འདི་གཞིར་འཛིན་ཆོག་སྟེ། མི་ལ་ཉིན་རེར་མཁོ་བའི་ཆུའི་ཚད་ = ཚབ་བརྗེའི་ཟད་གྲོན་གྱི་ཆུ+ཕྱིར་འབུད་བྱས་པའི་ཆུ་སྟེདབུགས་འབྱིན་རྔུབ་དང་། རྔུལ་ཆུ་ཤོར་བ། གཅིན་པ། བཤང་གཅི།
འོ་ན་ང་ཚོས་ཉིན་རེར་དུས་ཡུན་ག་ཚོད་ཀྱི་མཚམས་ནས་ཆུ་ཐེངས་གཅིག་བཏུང་ན་ཚན་རིག་དང་མཐུན་ནམ། ཐེངས་གཅིག་ལ་ཆུ་ག་ཚོད་འཐུང་དགོས་སམ། 
       ཆེད་མཁས་པས་ངོ་སྤྲོད་གནང་དོན། མི་མང་པོ་ཞིག་གིས་ཁ་སྐོམ་རྗེས་ད་གཟོད་ཆུ་འཐུང་སྲིད། དོན་དམ་པར་སྐབས་དེར་ལུས་པོས་ཁ་སྐོམ་པ་དང་ཆུ་མི་འདང་བའི་གནས་ཚུལ་ལ་སྙོམས་སྒྲིག་བྱས་ཟིན་པ་དང་། གཅིན་པ་སིམ་ཤུགས་མཐོ་རུ་འགྲོ་འགོ་ཚུགས་ཚར་ཡོད། དེའི་ཕྱིར་རང་འགུལ་གྱིས་ཆུ་འཐུང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དཔེར་ན་ཆུ་ཚོད་གཉིས་རེའི་མཚམས་ན་ཆུ་ཕོར་པ་གང་ངམ་ཧའོ་ཧྲེང200རེ་འཐུང་དགོས།
ཆུ་འཐུང་རྒྱུ་མང་དྲགས་ན་ཆུ་དུག་ཕོག་གམ།
       ཆུ་དུག་ཕོག་པ་ཞེས་པ་ནི་དུས་ཡུན་ཐུང་ངུའི་ནང་གི་ཆུ་འཐུང་ཚད་མཁལ་མའི་རྙིང་ཚབ་གསར་བརྗེའི་ནུས་པ་ལས་བརྒལ་ནས། ལུས་བཤེར་གྱི་གར་ཚད་ཇེ་དམའ་རུ་སོང་ཞིང་། ཁྲག་ཁུའི་ནཱ་གྱེས་རྡུལ་གྱི་གར་ཚད་ཇེ་ཉུང་དུ་སོང་བ། ཁྲག་སླ་རུ་བཏང་བ། ཁྲག་ཁུའི་སྤྲི་དཀར་གྱི་སྤྱི་འབོར་དང་ཁྲག་དམར་སྤྲི་དཀར། ཕྲ་ཕུང་དམར་པོའི་བསྡུར་བསགས་བཅས་ཇེ་ཉུང་དུ་གཏོང་བའི་གནད་དོན་འབྱུང་སྲིད།
       སྔོན་ཆད་གསར་འགྱུར་ཞིག་ནང་མི་ཞིག་གིས་ཐེངས་གཅིག་ལ་ཆུ་འཐུང་ཚད་མང་དྲགས་པས་ཆུ་དུག་ཕོག་པའི་གནས་ཚུལ་བཀོད་མྱོང་། ཆེད་མཁས་པས་གནས་ཚུལ་དེ་རིགས་འབྱུང་སྲིད་མོད། འོན་ཀྱང་གནས་ཚུལ་དེ་རིགས་འབྱུང་བའི་ཉེན་ཁ་ཧ་ཅང་ཆུང་། ང་ཚོས་ཚ་གདུག་ཆེ་བའི་དབྱར་ཁར་འགུལ་སྐྱོད་ཤུགས་ཆེན་པོ་བྱས་རྗེས་ཆུ་འབོར་ཆེན་འཐུང་མོད། འོན་ཀྱང་གློག་འབྱེད་རྫས་ཁ་གསབ་མ་བྱས་ཚེ་ཆུ་དུག་ཕོག་ཉེན་ཡོད་ཅེས་བསྟན་ཡོད།
       མཁལ་མའི་ནུས་པ་མི་ཚང་བའི་མི་ཚོགས་དང་། ལུས་རྩལ་པའམ་ཡང་ན་དྲོད་ཚད་མཐོ་བའི་ཁོར་ཡུག་ནང་ལས་ཀ་སྒྲུབ་མཁན་ཚོས་གློག་འབྱེད་རྫས་འདུས་པའི་ཆུ་ཐེངས་གྲངས་ཁ་ཤས་སུ་དབྱེ་ནས་འཐུང་བ་བརྒྱུད། ཆུ་འཐུང་རྒྱུ་མང་དྲག་པ་ལས་འབྱུང་བའི་གློག་འབྱེད་རྫས་ཟང་ཟིང་ཆགས་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས།
ཟ་མ་བཟའ་སྐབས་ཆུ་བཏུང་ན་ཕོ་བའི་གཤེར་ཁུ་སླ་རུ་གཏོང་ཐུབ་བམ།
       ང་ཚོས་རྒྱུན་ལྡན་འཚོ་བའི་ཁྲོད། དུས་རྒྱུན་དུ་ཟ་མ་བཟའ་སྐབས་ཆུ་བཏུང་ན་ཕོ་བའི་གཤེར་ཁུ་སླ་རུ་གཏོང་སྲིད་ཅེས་པའི་བཤད་སྲོལ་ཞིག་གོ་རྒྱུ་ཡོད།
       ཆེད་མཁས་པས་དེ་ནི་དཀྲོག་གཏམ་ཡིན། ཟ་མ་བཟའ་སྐབས་བཟས་ཟིན་པའི་སྔོ་ཚལ་དང་ཁུ་བའི་ནང་དུ་ཆུ་འདུས་པས། རྒྱུན་ལྡན་གྱི་ཆུ་བཏུང་ཚད་ཀྱིས་ཕོ་བའི་གཤེར་ཁུ་སླ་རུ་གཏོང་མི་ཐུབ་ལ། འཇུ་བྱེད་བསྡུ་ལེན་གྱི་ནུས་པའང་ཇེ་ཞན་དུ་གཏོང་མི་ཐུབ་ཅེས་བསྟན་འདུག
བཏུང་པའི་ཆུ་ལ་དབྱེ་བ་མེད་པར་ལུས་པོར་མཁོ་བའི་ཆུ་གསབ་ཐུབ་བམ།
       རྒྱུན་ལྡན་འཚོ་བའི་ཁྲོད། མི་ལ་ལ་བྲོ་བ་མེད་པའི་ཆུ་འཐུང་རྒྱུར་མི་དགའ་བར་ཀ་ར་འདུས་པའི་བཏུང་བྱ་འཐུང་རྒྱུར་དགའ། དོན་དམ་པར་ཀ་ར་འདུས་པའི་བཏུང་བྱས་ཆུ་གསབ་མི་ཐུབ།
ཐེངས་མང་བསྐོལ་བའི་ཆུ་དང་ཞག་ལུས་ཆུ་ཡིས་འབྲས་སྐྲན་སློང་ངམ།
       ཆུ་ཁོལ་འཐུང་རྒྱུ་ནི་མི་མང་པོའི་འཚོ་བའི་གོམས་གཤིས་ཤིག་ཡིན་མོད། འོན་ཀྱང་ཐེངས་མང་བསྐོལ་བའི་ཆུ་ལ་འབྲས་སྐྲན་སློང་བའི་ཉེན་ཁ་ལྡན་པས་ཆུ་དེ་རིགས་འཐུང་མི་རུང་ཞེས་པའི་བཤད་སྲོལ་ཡོད། ཡང་བཤད་སྲོལ་གཞན་ཞིག་ཡོད་པ་དེ་ནི་ཐེངས་གཉིས་ཡན་བསྐོལ་བའི་ཆུའི་ནང་ཡ་ཟེ་སྐྱུར་ཚྭ་འབྲིང་བ་ལྡབ40འཕར་ཡོད་ཅེས་པ་དེ་རེད།
       དོན་དམ་པར་ཐེངས་མང་བསྐོལ་བའི་ཆུ་དང་ཞག་ལུས་ཆུ་ཡིས་འབྲས་སྐྲན་སློང་མི་སྲིད། ཆུ་བསྐོལ་བའི་ཁ་གྲངས་མང་དུ་སོང་བ་དང་རང་སོར་བཞག་པའི་དུས་ཡུན་རིང་དུ་ཕྱིན་པ་དང་བསྟུན་ནས། ཆུའི་ནང་གི་ཟེ་སྐྱུར་ཚྭ་འབྲིང་བའི་འདུས་ཚད་དངོས་གནས་མང་དུ་འགྲོ་སྲིད་མོད། འོན་ཀྱང་མང་དུ་ཕྱིན་པའི་གྲངས་འབོར་གྱིས་ང་ཚོའི་བདེ་ཐང་ལ་ཉེན་ཁ་ཚབས་ཆེན་བཟོ་མི་སྲིད། གལ་ཏེ་དུས་ཡུན་རིང་པོ་བཞག་པའི་ཆུ་ལ་སྦགས་བཙོག་ཐེབས་པའམ་ཕྲ་སྲིན་གྱི་སྦགས་བཙོག་ཐེབས་པ་ཡིན་ན་མི་ལུས་ལ་གནོད་འཚེ་བཟོ་སྲིད།
       ཆེད་དུ་དྲན་སྐུལ་ཞུ་རྒྱུ་ཞིག་ལ་ཆུ་ཁོལ་ཧ་ཅང་ཚ་མོ་ཡིན་སྐབས་མ་བཏུང་ན་བཟང་། ཞིབ་འཇུག་ལས་བསྟན་གསལ། ཚ་དྲགས་པའི་བཏུང་བྱ་བཏུང་ན་མིད་པའི་འབྱར་སྐྱི་ལ་རྨས་སྐྱོན་ཕོག་པ་དང་། ཡུན་རིང་པོ་བཏུང་ན་འབྱར་སྐྱིའི་ཕྲ་ཕུང་རྒྱུན་ལྡན་མིན་པའི་སྐྱེ་འཕེལ་བྱུང་དུ་བཅུག་ནས་མཐར་སྐྲན་ནད་དུ་འགྱུར་སྲིད།
ཚྭ་ཉུང་ཙམ་བཏབ་པའི་ཆུ་དང་སྦྲང་རྩི་བླུགས་པའི་ཆུ་སོགས་ཞོགས་པར་ཆུ་གང་ཞིག་འཐུང་དགོས་སམ།
       མི་མང་པོ་ཞིག་གིས་ཞོགས་པ་མལ་ལས་ལངས་རྗེས་ཆུ་ཕོར་པ་གང་འཐུང་བ་དང་། ལ་ལས་ད་དུང་ཚྭ་ཉུང་ཙམ་བཏབ་པའི་ཆུའམ་སྦྲང་རྩི་བླུགས་པའི་ཆུ་འཐུང་བཞིན་ཡོད། དེའི་ཐད་ཆེད་མཁས་པས་ཚྭ་ཉུང་ཙམ་བཏབ་པའི་ཆུ་མ་འཐུང་ན་བཟང་ཚུལ་བསྟན། གྲོང་མིའི་འཚོ་བཅུད་རྟོག་ཞིབ་མཇུག་འབྲས་ལས་མངོན་གསལ། ང་ཚོའི་རྒྱལ་ཁབ་ཀྱི་ཚྭ་བཟའ་ཚད་དེ་ཚོད་འཛིན་བྱས་པའི་ཁེ5ལས་མང་དུ་བརྒལ་ཡོད་པས། ཚྭ་ཁ་སྣོན་རྒྱག་དགོས་དོན་མེད་པ་རེད།
       དམིགས་བསལ་ལུས་ཁམས་ཀྱི་དུས་རིམ་དུ་གནས་པའི་མི་ཚོགས་དང་། ཕོ་རྒྱུའི་ནུས་པ་ཅུང་ཞན་པའི་མི་ཚོགས་ལ་མཚོན་ན་སྦྲང་རྩི་བླུགས་པའི་ཆུ་མ་འཐུང་ན་བཟང་བ་དང་། གཞན་ད་དུང་ལོ་གཅིག་ནང་ཚུན་གྱི་བྱིས་པས་སྦྲང་རྩི་བླུགས་པའི་ཆུ་འཐུང་མི་འོས་སོ། །
འབྲེལ་ཡོད་འོས་སྦྱོར།