logo

རྒྱུ་ལྷག་གི་ནད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-03-03 ཀློག་གྲངས།:
       རྒྱུ་ལྷག་གི་ནད་ཟེར་བ་ནི་མང་ཆེ་བ་རྒྱུ་ལྷག་གི་ནང་དུ་བྱེ་སག་རྡོ་ཞིབ་སོགས་ཟས་རོ་དང་། རྒྱུ་སྲིན་སོགས་ཤོར་ནས་ཕྱིར་དོན་མ་ཐུབ་པར་དེར་གཉན་ཚད་རྒྱས་པའི་ནད་ཅིག་ལ་ཟེར།
སློང་རྐྱེན།
       ཟས་སུ་མཁྲེགས་པོ་དང་། ཡང་ན་རྡེའུ་ཤོར་བ། རྗེན་པ་དང་གྲང་མོའི་རིགས་བསྟེན་ཆེས་པ། ལུས་པོ་འཁྱགས་པ། འཁྲུགས་ལས་ཆེས་དྲགས་པ་སོགས་ཀྱིས་སློང་གི་རེད།
ནད་རྟགས།
       ཐོག་མར་གྲོད་ཁོག་སྟོང་ཆ་དང་། ཡང་ན་ལྟེ་བའི་གཡས་གཡོན་དུ་གློ་མབུར་ན་ཟུག་ལངས་པ། དེ་འཕྲོར་རིམ་པས་ལྟེ་བའི་གཡས་འོག་གི་ཐད་དུ་ལྡང་དུབ་ཅན་གྱི་གཟེར་དྲག་པོ་ལངས་པ། གཟེར་བཏབ་པ་བཞིན་གནས་ངེས་ཅན་དུ་ཡོད་པ་དང་མཉམ་པས་སྐྱུག་མེར་ལངས་པ་ཡིན།སྐྱུག་པ་དང་ཚ་རྒྱག་པ། རེ་ལར་ཁོག་པ་བཤལ་བ་སོགས་ཀྱི་མངོན་ཚུལ་ཡོད། གཟེར་རྒྱུད་ཀྱི་ཤ་གྲིམ་མཁྲེགས་པོ་ཆགས་ནས་མར་ནོན་དུས་གཟེར་དྲག་པོ་ལངས་པ། ཉལ་དུས་རྐང་པ་གཡས་པ་ཐད་ཀར་རྐྱོང་མི་ནུས་པ། ད་དུང་ཡང་ཚ་བ་མཐོ་རུ་འགྲོ་བ་དང་རྒྱུ་ལྷག་ཡོད་སའི་ཤ་གྲིམ་མཁྲེགས་ཤིང་གནོན་གཟེར་དང་གློད་གཟེར་གསལ་བོ་ཡོད་ན་རྒྱུ་ལྷག་རྡོལ་བ་དང་། གྲོད་པའི་ཆ་ཤས་ལ་གཉན་ཚད་རྒྱས་ཡོད་པ་མཚོན་གྱི་ཡོད། དེ་བཞིན་རྒྱུ་ལྷག་ཡོད་སར་ལག་པས་རེག་ཐུབ་པའང་ལ་འགར་མཐོང་རྒྱུ་ཡོད་པ་དང་དེས་དེའི་མཐའ་འཁོར་དུ་རྣག་བསགས་ཡོད་པ་མཚོན། རྒྱུ་ལྷག་གནས་ས་ནི་གཞོགས་གཡས་ཀྱི་སྟ་ཟུར་ནས་ལྟེ་བའི་ཕྱོགས་སུ་ཐད་དྲངས་ཏེ་སོར་བཞི་མཐལ་བའི་མཚམས་དེར་ཡིན། འོན་ཀྱང་ཟླ་བ་བཞི་ཙམ་སོང་བའི་སྦྲུམ་མའི་རྒྱུ་ལྷག་གི་གནོན་གཟེར་ནི་དེ་ལས་ཅུང་མཐོ།
བཅོས་ཐབས།
       ནད་ཡང་བ་དང་དལ་བའི་རང་བཞིན་ཡིན་ན་སྨན་གཡུ་ཁྱུང་དང་། ཞི་ཁྱུང་། རུ་ཁྱུང་། ནད་ཚབས་ཆེ་ན་ཆིག་ཐུབ་རིལ་བུ་དང་། ཁྱུང་ལྔ། བྲག་ཁྱུང་། ཞི་ལྕུམ་ཁྱུང་ལྔ་བསྣན་པ་སོགས་གང་ལ་དེ་འཚམ་བྱེད་དགོས། དྲོད་དུགས་རྒྱག་པ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས། དེས་མ་ཕན་ན་གསུས་པ་གཤགས་ནས་རྒྱུ་ལྷག་གཅོད་དགོས། འདིར་སྔོན་འགོག་ཏུ་སྤྲོས་དགོས་པ་ཞིག་ནི་སློང་རྐྱེན་དུ་བཤད་པ་དག་སྤང་དགོས་པ་དང་ཟས་འགྲངས་ཟས་པའི་མོད་དུ་སྟན་དུ་གན་རྐྱལ་ཉལ་བ་སོགས་སྤྱོད་ལམ་མི་ལེགས་པར་གཟབ་པ་ཤིན་ཏུ་གནད།
འབྲེལ་ཡོད་འོས་སྦྱོར།