logo

ཕྲུ་གུའི་བདེ་ཐང་སྲུང་བའི་འཚོ་བྱེད་སྨན་གྱི་བསྟེན་ཐབས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-06-15 ཀློག་གྲངས།:
       ནམ་རྒྱུན་ཕྲུ་གུ་ན་བའི་སྐབས་སུ། ཁྱིམ་བདག་ཚང་མ་སེམས་འཚབ་ཆེན་པོ་ལངས་ནས་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ནང་བཞིན་ཆགས་ཀྱི་ཡོད། གལ་སྲིད་ཁྱིམ་ལ་ཡོད་པའི་སྨན་རྫས་བེད་སྤྱོད་ཡག་པོ་མ་བྱུང་ན་ཕྲུ་གུར་གནོད་འཚེ་ཆེན་པོ་བཟོ་སྲིད་པས། ཕྲུ་གུར་སྨན་མ་སྟེར་བའི་གོང་ལ་སྨན་རྫས་ཀྱི་གསལ་བཤད་ཡི་གེར་ནན་ཏན་གྱིས་བལྟས་ནས་གོ་བ་ཡག་པོ་ལེན་ཐུབ་པ་བྱེད་དགོས། དེ་བས་ཀྱང་དུས་རྒྱུན་ཁྱིམ་ཚང་གི་སྨན་སྒམ་ཆུང་ངུའི་ནང་ཕྲུ་གུར་མཁོ་བའི་རྒྱུན་སྤྱོད་སྨན་རྫས་ཁག་སྔོན་ཚུད་ནས་གྲ་སྒྲིག་ཚགས་ཚུད་བྱས་ཏེ་ཕྲུ་གུ་ན་དུས་ལམ་སེང་ནད་ལ་དཔག་པའི་སྨན་སྟེར་རྒྱུ་ཡོད་པ་བྱ་དགོས།
ཕྲུ་གུར་སྨན་མ་སྟེར་གོང་ལ་གསལ་བཤད་ཡི་གེར་ཡག་པོ་བལྟ་དགོས།
       ►སྨན་གྱི་གྲུབ་ཆར་བལྟ་དགོས།
       སྨན་གྱི་ཕན་ནུས་ལྡན་པའི་གྲུབ་ཆ་ཧ་གོ་བ་བྱས་ཏེ་སྨན་རྫས་བསྐྱར་ཟློས་བྱས་ནས་གཏོང་མི་རུང་། དཔེར་ན། ཏུའེ་དབྱི་ཞན་ཨན་ཅི་ཧྥེན་ཧུན་ཞོན་གཏིག་སྨན(对乙酰氨基酚混悬滴剂)དང་། བྱིས་པའི་ཨན་ཅི་ཧྥེན་ཝན་ཨན་རིལ་བུ(小儿氨基酚烷胺颗粒)གཉིས་ཀར་ཏུའེ་དབྱི་ཞན་ཨན་ཅི་ཧྥེན་གྱི་གྲུབ་ཆ་འདུས་ཡོད་པས། སྨན་དེ་གཉིས་མཉམ་དུ་བཏང་ན་ཚད་ལས་བརྒལ་ཏེ་མཆིན་པར་གནོད་སྲིད།
       ►སྨན་གྱི་འཕྲོད་མཐུན་ལ་བལྟ་དགོས།
       སྨན་གྱིས་ནད་གཞི་ཅི་ཞིག་བཅོས་ཐུབ་མིན་ལ་བལྟ་དགོས་པ་ལས། སྨན་གྱི་མིང་ཁོ་ནར་བལྟས་ནས་རང་མཚམས་ཀྱིས་བརྡར་ཤ་གཅོད་མི་རུང་། གལ་སྲིད་སྨན་གཏོང་སྟངས་ནོར་ན་ཕན་ནུས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ལུས་པོར་གནོད་སྲིད།
       ►སྨན་གྱི་ཚད་གཞིར་བལྟ་དགོས།
       སྨན་གྱི་ཚད་གཞི་ནི་སྨན་ལེབ་གཅིག་གམ། རིལ་བུ་གཅིག ཧའོ་ཧྲེང་གཅིག་བཅས་ཀྱི་ནང་ལ་ཕན་ནུས་ལྡན་པའི་གྲུབ་ཆ་ག་ཚོད་འདུས་ཡོད་མེད་ལ་ཟེར་བ་ལས། སྨན་ཐེངས་གཅིག་ཟ་བའི་འབོར་ཚད་དང་གཅིག་མཚུངས་མིན།
       ►སྨན་གྱི་སྤྱོད་སྟངས་དང་སྤྱོད་ཚད་ལ་བལྟ་དགོས།
       ཕྲུ་གུར་དམིགས་པའི་ཆ་ཤས་རྙེད་པ་བྱས་ཏེ་ཕྲུ་གུའི་ལུས་པོའི་ལྗིད་ཚད་ལ་གཞིགས་ནས་སྨན་གྱི་ཚད་གཞི་འཇལ་དགོས་པ་ལས་ལོ་ཚད་ལ་བལྟ་རྒྱུ་མེད། ཟ་མ་མ་ཟོས་གོང་དང་ཟ་མ་ཟོས་ཚར་རྗེས་ཀྱི་དུས་ཚོད་གང་ལ་སྨན་གཏོང་དགོས་མིན་དང་། ཉིན་གཅིག་ལ་སྨན་ཐེངས་ག་ཚོད་གཏོང་དགོས་མིན་གསལ་པོ་ཤེས་པ་བྱེད་དགོས། སྨན་གཏོང་དུས་སྨན་དང་མཉམ་དུ་སྡེབ་པའི་ཚད་ལྡན་གཏིག་སྦུག་གམ་འཇལ་ཕོར་སྤྱོད་དགོས་པ་ལས། ཁྱིམ་གྱི་ཁེམ་བུས་ཚོད་རྩིས་བྱེད་མི་རུང་།
       ►སྨན་གྱི་འཛེམ་བྱ་དང་མི་འཕྲོད་པར་བལྟ་དགོས།
       གཟབ་ནན་བྱེད་དགོས་པའི་གནས་ཚུལ་ལ་དོ་སྣང་བྱེད་དགོས་པ་སྟེ། དཔེར་ན། མཆིན་པ་དང་མཁལ་མའི་བྱེད་ལས་མི་ཚང་བ་སོགས་ཡོད་ན་སྔོན་ལ་སྨན་པར་བློ་འདྲི་བྱེད་དགོས། གཞན་ཡང་སྨན་གྱི་རྣམ་པར་དོ་སྣང་བྱེད་དགོས། སྨན་གྱི་རྣམ་པ་ནི་སྨན་རྫས་གྲུབ་ཟིན་པའི་རྣམ་པ་ལ་ཟེར་བ་ཡིན་ཏེ། དཔེར་ན། སྨན་ལེབ་དང་། སྤྱིན་ཐུམ། འཐུང་སྨན། གཏིག་སྨན། རིལ་བུ། བླུགས་སྨན་སོགས་དབྱིབས་དང་རྣམ་པ་སྣ་ཚོགས་ཡོད་པས། ཕྲུ་གུར་འཚམ་པའི་སྨན་འདེམ་སྐབས། ལོ་ཚོད་དང་བསྟུན་པའི་སྨན་རྫས་ཀྱི་རྣམ་པ་འདེམ་དགོས་པ་གཤམ་གསལ།
       ● ཕྲུ་གུ་དམར་འབྱར་ལ་གཏིག་སྨན་ནམ་ཁ་ལ་འཐུང་བའི་སྨན་འདེམ་དགོས། དེ་ལྟར་བྱས་ན་སྨན་གྱི་ཚད་གཞི་བཟོ་དུས་སྟབས་བདེ་བ་མ་ཟད། ཕྲུ་གུས་སྨན་མིད་སླ་པོ་ཡོད།
       ● ལོ་ན་ཅུང་ཆེ་བའི་ཕྲུ་གུར་སྨན་རྫས་རིལ་བུ་ཐད་ཀར་སྟེར་ན་ཆོག་པ་ཡིན། 
       དར་མའི་སྨན་གྱི་ཚད་གཞི་ཉུང་དུ་བཏང་ནས་ཕྲུ་གུར་སྟེར་མི་རུང་།
       རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་བྱིས་པའི་སྨན་ཁང་གི་འབུམ་གཞོན་སྨན་པ་ཞུས་ཞའོ་ལིན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། སྐྱེ་བོ་དར་མ་དང་བསྡུར་ན་ཕྲུ་གུའི་མཆིན་པ་དང་མཁལ་མའི་ནུས་པ་ད་དུང་འཚར་ལོངས་ཡག་པོ་བྱུང་མེད་པས། སྨན་རྫས་ཀྱི་བརྗེ་ཚབ་ནུས་པ་དང་ཕྱིར་འབུད་ནུས་པ་དར་མ་ལས་ཧ་ཅང་ཞན་པ་ཡོད། འབོར་ཚད་མཚུངས་པའི་སྨན་རྫས་གཅིག་མཚུངས་ཤིག་སྐྱེ་བོ་དར་མས་བཏང་ན་བདེ་འཇགས་ཡིན་རུང་ཕྲུ་གུས་བཏང་ན་སྨན་དུག་ཕོག་སྲིད། གཞན་ཡང་། ཕྲུ་གུའི་ཁྲག་ཀླད་འགོག་ཡོལ་གྱི་ནུས་པ་ཞན་པས། ལུས་ཕྱིར་འགོག་དགོས་པའི་སྨན་རྫས་ཀྱི་གྲུབ་ཆ་ཁག་ཅིག་ཀླད་ཆེན་ནང་དུ་འཛུལ་ནས་སྐྱེ་འཕེལ་ཡོང་བཞིན་པའི་དབང་རྩའི་མ་ལག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་བས་ཀྱང་ཕྲུ་གུ་ནི་ལུས་དང་དབང་པོ་ཁག་མགྱོགས་མྱུར་འཚར་ལོངས་བཞིན་པའི་འགག་རྩའི་དུས་མཚམས་སུ་གནས་པས། སྨན་རྫས་ཁག་ཅིག་གིས་ཕྲུ་གུའི་རུས་པའི་སྐྱེ་འཚར་དང་ཉན་བྱེད་རྣ་དབང་སོགས་ལ་ཞོར་སྐྱོན་ཆེན་པོ་བཟོ་སྲིད།
       དེས་ན། ཁྱིམ་བདག་གིས་ལོ8མན་གྱི་ཕྲུ་གུར་སྨན་སྟེར་སྐབས་ཧ་ཅང་གཟབ་ནན་བྱེད་དགོས། སྐྱེ་བོ་དར་མའི་སྨན་གྱི་ཚད་གཞི་ཉུང་དུ་བཏང་ནས་ཕྲུ་གུར་རྩ་བ་ནས་སྟེར་མི་རུང་། ཕྲུ་གུར་སྨན་སྟེར་སྐབས་ངེས་པར་དུ་ལུས་པོའི་ལྗིད་ཚད་ལྟར་རྩིས་རྒྱག་དགོས་ཤིང་། སྨན་སྤྱོད་པའི་སྐབས་སུ་ཡང་བྱིས་པའི་ལུས་ཀྱི་འགྱུར་ལྡོག་ལ་བརྟག་དཔྱད་གཟབ་ནན་བྱས་ཏེ། རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་ན་དུས་ཐོག་ཏུ་སྨན་པ་བསྟེན་དགོས།
       ཁྱིམ་གྱི་སྨན་སྒམ་ནང་ཕྲུ་གུའི་སྨན་རྫས་འདི་དག་གྲ་སྒྲིག་བྱེད་དགོས།
       ཁྱིམ་ཚང་ནང་ལ་ཕྲུ་གུ་ཡོད་ཚེ། ཕྲུ་གུ་ཁ་བརྡབས་ནས་ལུས་ལ་སྨས་སྐྱོན་ཤོར་བ་དང་། ཆམ་པ་བརྒྱབ་པ། ནམ་ཕྱེད་ལ་ཚ་བ་རྒྱས་པ། གྲོད་པ་བཤལ་བ་སོགས་ཐོལ་བྱུང་གི་གནས་ཚུལ་ཅི་རིགས་ཐོན་སྲིད་པ་ནི་གཡོལ་ཐབས་བྲལ་བ་ཞིག་རེད། གལ་ཏེ་ཁྱིམ་བདག་གིས་སྔོན་ཚུད་ནས་ཕྲུ་གུར་མཁོ་བའི་སྨན་སྒམ་ཆུང་ངུ་ཞིག་གྲབས་གཤོམ་བྱས་ཡོད་ན། དེས་འགག་རྩའི་དུས་སུ་ཕྲུ་གུའི་བདེ་འཇགས་ལ་འགན་སྲུང་བྱེད་ཐུབ།
       གསོ་རིག་ཆེད་ལས་མཁས་པས་ཕྲུ་གུ་ཡོད་པའི་ཁྱིམ་ཚང་གི་སྨན་སྒམ་ཆུང་ངུའི་ནང་གཤམ་གྱི་སྨན་རྫས་འདི་དག་གྲ་སྒྲིག་བྱེད་དགོས་པའི་གྲོས་འགོ་བཏོན་འདུག
       ༡ ཚ་བ་རྒྱས་དུས་སྤྱོད་པའི་སྨན།
       ● ཏུའེ་དབྱི་ཞན་ཨན་ཅི་ཧྥེན། (ཟླ3ཡན་གྱི་བྱིས་པར་སྤྱོད་པར་འཚམ།)
       ● པུ་ལོ་ཧྥེན། (ཟླ6ཡན་གྱི་བྱིས་པར་སྤྱོད་པར་འཚམ།)
       དོ་སྣང་བྱེད་དགོས་པ་ཞིག་ལ། གོང་གི་སྨན་རྫས་འདི་གཉིས་དུས་མཉམ་དུ་གཏོང་མི་རུང་།
       ● གློག་རྡུལ་ལུས་དྲོད་འཇལ་ཆས་ཏེ། རྣ་དྲོད་ལྟ་ཆས་སམ་དཔྲལ་བའི་དྲོད་ཚད་ལྟ་ཆས།
       ༢ པགས་པར་ཕྱིར་རྨས་ཆུང་ངུ་བྱུང་དུས་སྤྱོད་པའི་སྨན།
       ● འབུ་ཕྲ་མེད་པའི་སྐྱེ་ལུགས་ཚྭ་ཆུ།(རྨ་ཁ་གཙང་བཀྲུ་བྱེད་པར་སྤྱོད།)
       ● ཏེན་ཧྥུའུ+སྲིང་བལ་ཤིང་ཐུར།(དུག་སེལ་བྱེད་པར་སྤྱོད།)
       ● འབུ་ཕྲ་མེད་པའི་སེང་རས་དང་། ཀོ་ཡོལ་རྨ་རས། སྨན་སྤྱོད་འགྱིག་ཤོག(རྨ་ཁ་ཆུང་ཆུང་ཐག་གཅོད་བྱེད་པར་སྤྱོད་པ།)
       ༣ གྲོད་པ་བཤལ་དུས་སྤྱོད་པའི་སྨན།
       ● ཁ་ལ་གཏོང་བའི་གཤེར་གསབ་ཚྭ།(口服补液盐Ⅲ) (ལུས་ཀྱི་བཞའ་སྐམ་སྔོན་འགོག་དང་ལེགས་བཅོས་ལ་སྤྱོད།)
       ● མེང་ཐུའོ་ཧྲི་སན།(ཆུ་ལྟར་བཤལ་དུས་སྤྱོད་ཆོག་ཅིང་། སྤྱོད་སྟངས་ལ་དོ་སྣང་བྱེད་དགོས།)
       ༤ པགས་པ་ཟ་འཕྲུག་ལངས་དུས་སྤྱོད་པའི་སྨན།
       ● ཏི་ཚ་སྔོན་པོའི་བཀྲུ་རྫས།(炉甘石洗剂)(པགས་པ་བརྡོལ་མེད་པའི་ཟ་འཕྲུག་ལངས་སར་སྤྱོད།)
       ● བྱིས་པའི་ཆེད་སྤྱོད་བརླན་འཛིན་ཤ་གསོས་སམ་ཡང་ན་ཧྥན་ཧྲི་ལིན།(པགས་པ་སྐམ་པོ་དང་གཅིན་གདན་ཐོར་པ་ཆུང་ངུ་ཡོད་པར་སྤྱོད།)
       མཇུག་ཏུ་བདེ་འཇགས་གསལ་འདེབས་ཞུ་རྒྱུ་ཞིག་ཡོད་དེ། སྨན་སྒམ་ཕྲུ་གུས་ལེན་མི་ཐུབ་པའི་གནས་ལ་འཇོག་དགོས་ཤིང་། ཟླ3ནས6རེའི་ནང་དུ་གོ་ཆོད་དུས་ཚོད་ལ་ཞིབ་བཤེར་ཐེངས་རེ་བྱས་ནས་དུས་ལས་ཡོལ་བའི་སྨན་དུས་ཐོག་ཏུ་གཙང་སེལ་བྱེད་དགོས། གཞན་ད་དུང་ཁྱིམ་ཚང་ནང་གི་སྨན་སྒམ་ནང་གྲ་སྒྲིག་བྱས་པའི་སྨན་རྫས་ཀྱིས་ནད་གཞི་ཡང་མོ་དང་ཐོག་མའི་དུས་ཀྱི་གནད་དོན་ཆུང་ངུ་མ་གཏོགས་བཅོས་མི་ཐུབ་པས། དཔེར་ན་ཕྲུ་གུར་ཚ་བ་རྒྱས་པ་འཇགས་མི་ཐུབ་པ་དང་། དབུགས་འབྱིན་རྔུབ་དཀའ་བ་སོགས་ཀྱི་གནས་ཚུལ་ཛ་དྲག་དང་ཐུག་སྐབས་དུས་ཐོག་ཏུ་སྨན་ཁང་དུ་བསྐྱོད་ནས་སྨན་བཅོས་བྱེད་དགོས། །
འབྲེལ་ཡོད་འོས་སྦྱོར།