logo

ཡུན་རིང་ཉལ་ནས་ཁ་པར་བརྩེས་ན་ཁྲག་རྩའི་ནད་ཚབས་ཆེན་འབྱུང་སྲིད།

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2026-08-06 ཀློག་གྲངས།:
       ཉེ་ཆར་སྐྱེས་པ་ཞིག་གིས་ཉིན་ལྟར་ཆུ་ཚོད་ལྔ་ལྷག་ལ་ཉལ་ནས་ཁ་པར་བརྩེས་པས། རྐང་པ་བཙུགས་ནས་འགྲོ་མི་ཐུབ་པའི་གསར་འགྱུར་ཞིག་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་འདུག
       གསར་འགྱུར་ལྟར་ན། ཉེ་དུས་ཀྲེ་ཅང་ཐའེ་ཀྲོའུ་སྨན་ཁང་དང་པོས་སྐྱེས་པ་ཞའོ་ཝང(འགྱུར་མིང)ལ་སྨན་བཅོས་བྱས་པ་དང་། དབྱར་ཁའི་གུང་གསེང་གཏོང་བཞིན་པའི་སྐྱེས་པ་འདི་ཡི་རྐང་པ་གཡས་པ་སྐྲངས་ནས་ན་ཟུག་ལངས་ཏེ། ཡག་མོར་འགྲོ་མི་ཐུབ་པས། སྨན་ཁང་དུ་སྨན་པར་བསྟེན་པར་སོང་། མཐར་རྐང་པའི་སྡོད་རྩའི་ཁྲག་རྡོག་ཡིན་པ་གཏན་འཁེལ་བྱས་པ་རེད། ནང་མིས་ངོ་སྤྲོད་བྱས་པར་གཞིགས་ན། མཐོ་རྒྱུགས་བླངས་ཚར་རྗེས་ཞའོ་ཝང་ཧ་ལམ་ཉིན་གང་ཁྱིམ་དུ་སྡོད་པ་དང་། ཉིན་ལྟར་ཁ་པར་དང་རོལ་རྩེད་བརྩེས་ནས་ཆུ་ཚོད༥ལས་བརྒལ། ཉིན་གང་འབོལ་ཁྲི་དང་ཉལ་ཁྲིའི་ཐོག་ཉལ་ནས་བསྡད་ཡོད་པ་རེད།
       ཟླ་ཕྱེད་ཀྱི་སྔོན་ལ། ཞའོ་ཝང་གི་རྐང་པ་སྦོས་ནས་སྦོམ་པོར་གྱུར་བ་དང་། རྐང་པ་སྦྲིད་ནས་འགྲོ་སྐབས་ན་ཟུག་ཇེ་ཆེ་ནས་ཇེ་ཆེ་རེད། ཁོའི་ནང་མི་ཚོས་དང་ཐོག་ཤ་གནད་ངལ་བས། ངལ་གསོ་ཡག་པོ་རྒྱག་ཐུབ་ན་དྲག་འགྲོ་འདོད། ཡིན་ཡང་ཇེ་སྡུག་སོང་རྗེས་གཞི་ནས་སྨན་བཅོས་བྱས་པ་དང་། རྐང་པའི་སྡོད་རྩའི་ཁྲག་རྡོག་ལ་བརྟག་དཔྱད་བྱས་རྗེས། འཕྲལ་མར་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱས་པ་རེད།
       སྨན་པ་ཀྲུའུ་རིན་གྱིས་གསལ་བཤད་བྱས་པ་ལྟར་ན། སྐྱེས་པ་འདི་ལ་ཁྲག་རྩ་འགག་སླ་བའི་ནད་ཡོད་སྲིད། རང་སྟེང་གི་ཁྲག་རྩ་འགག་པའི་ཉེན་ཁ་ཅུང་ཆེ། འོན་ཀྱང་ནད་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཡུན་རིང་ལ་འགུལ་སྐྱོད་མ་བྱས་པས་རེད། ལྷན་སྐྱེས་ཀྱི་གཞི་རྒྱུའི་གནད་དོན་མེད་ནའང་། ན་གཞོན་རྣམས་ཡུན་རིང་ལ་མ་འགུལ་ན། སྔར་བཞིན་ཁྲག་རྡོག་གིས་རྩ་འགག་པའི་ནད་རིགས་འབྱུང་སྲིད་ཅེས་བཤད།
ན་གཞོན་ལ་ཁྲག་རྡོག་བྱུང་བའི་འཕེལ་ཕྱོགས།
       སྡོད་རྩའི་ཁྲག་རྡོག་ནི་སྙིང་རྩ་འགག་པ་དང་ཀླད་རྩ་འགག་པའི་རྗེས་ཀྱི་རྒྱུན་མཐོང་གི་ནད་ཆེན་པོ་གསུམ་པ་ཡིན་པས་འདིའི་ཚབས་ཆེན་རང་བཞིན་ལ་སྣང་ཆུང་བྱེད་མི་རུང་། ཁྲག་རྡོག་བྱུང་མཁན་ལ་རྒན་པ་གཙོ་བོ་ཡིན་མོད། འོན་ཀྱང་འཚོ་བ་དང་བཟའ་བཏུང་གོམས་གཤིས་མི་ལེགས་པའི་རྐྱེན་གྱིས་ན་གཞོན་རྣམས་ཀྱང་རིམ་བཞིན་ནད་བྱུང་བའི་མི་ཚོགས་སུ་གྱུར། ཆེད་མཁས་པས་གཞོན་ནུ་ཚོ་ཡུན་རིང་ཉལ་སར་ལུས་ནས་འགུལ་སྐྱོད་མི་བྱེད་པར་རྟག་ཏུ་ཁ་པར་རྩེ་བ་དང་ཁ་པར་ལ་ལྟ་བའི་གནས་ཚུལ་དེ་རིགས་ཁྲག་ཕྱིར་ལོག་བྱེད་ཚད་དལ་བས་ཁྲག་རྡོག་ཆགས་སླ་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
       ཆེད་མཁས་པས་ཉལ་ནས་དུས་ཚོད་གཅིག་གམ་ཡང་ན་དུས་ཚོད་ཕྱེད་ཀ་འགོར་ན་ཡར་ལངས་ནས་འགྲོ་དགོས་པ་དང་། རྐང་པ་ཡར་བཀྱགས་ནས་འགུལ་སྐྱོད་བྱེད་དགོས་པའི་བསམ་འཆར་བཏོན། གལ་ཏེ་དུས་ཡུན་རིང་པོར་ཉལ་སར་མ་ཉལ་ཐབས་མེད་བྱུང་ན། ཉལ་ཁྲིའི་སྟེང་དུ་ཤ་གནད་འགུལ་སྐྱོད་བྱས་ཆོག་པ་དང་། དཔེར་ན། རྐང་པ་དམ་པོར་བསྡམས་པ་དང་། ཤ་གནད་འགུལ་སྐྱོད་ལ་བརྟེན་ནས། ཁྲག་ཕྱིར་ལོག་པར་སྐུལ་བ་དང་། ཁྲག་རྡོག་སྔོན་འགོག་བྱེད་པར་ཡང་ཕན་ཐོགས་ཆེན་པོ་ཡོད།
ཁྲག་རྡོག་ཉེན་བརྡ་གསུམ་ལ་དོགས་ཟོན་བྱ་དགོས།
       རྐང་པ་ཡ་གཅིག་སྐྲངས་པ་ནི་འགག་རྩའི་ཁྱད་ཆོས་ཤིག་ཡིན་པས། རྐང་པ་གཉིས་ཆ་སྙོམས་སྐྲངས་པར་གཞི་རྩའི་ཆ་ནས་སེམས་ཁྲལ་བྱེད་མི་དགོས་ལ། ཡ་གཅིག་རྒྱུན་གཏན་མིན་པའི་གནས་ཚུལ་ཐོན་ཚེ་འཕྲལ་དུ་དོགས་ཟོན་བྱེད་དགོས་པ་སྟེ།
       རྐང་པ་ཡ་གཅིག་གི་བརླ་དང་ཉྭ་སྦོམ་པོར་གྱུར་ནས་རྐང་པ་གཉིས་ཀྱི་བར་ཁྱད་མིག་མཐོང་ལག་ཟིན་ཡིན་པ།
       རྐང་པ་གཅིག་པུ་ན་བ་དང་། དམ་པ། ཉྭ་མནན་ན་ན་ཟུག་ཡོད་པ། རྐང་ཐང་ལ་སོང་ན་ན་ཟུག་ཇེ་དྲག་ཏུ་འགྲོ་བ།
       ནད་ཕོག་པའི་གཞོགས་གཅིག་གི་སྐྱི་པགས་དམར་པོར་གྱུར་བ་དང་རེག་ན་ཚ་དྲོད་ཆེ་བ།
       སྐབས་འགར་བྲང་ཁོག་མུག་པ་དང་། བྲང་ན་བ། དབུགས་ལེན་མི་ཐུབ་པ། སེམས་འཚབ་པ། ཁྲག་ལུ་བ་བཅས་དང་འགྲོགས་ནས་གློ་བའི་ཁྲག་རྩ་འགག་སྲིད་པས། ངེས་པར་དུ་མྱུར་དུ་སྨན་ཁང་དུ་འགྲོ་དགོས།
ཁྲག་རྡོག་ཇི་ལྟར་སྔོན་འགོག་བྱེད་དགོས།
       ཁྲག་རྩར་སྲུང་སྐྱོང་དང་ཁྲག་རྡོག་ཆགས་པར་སྔོན་འགོག་བྱེད་བསམ་ན་གཤམ་གསལ་གྱི་དོན་གནད་ཁ་ཤས་ནས་འགོ་བཙུགས་ཆོག
       དུས་བཅད་ལྟར་འགུལ་སྐྱོད་བྱེད་པ།
       དུས་ཚོད་གཅིག་ལ་བསྡད་ནས་ཡར་ལངས་ནས་སྐར་མ་ལྔ་ནས་བཅུའི་བར་འགུལ་སྐྱོད་བྱེད་པ། དཔེར་ན་སྟབས་བདེའི་བརྐྱངས་སྐུམ་འགུལ་སྐྱོད་དང་ཡར་འགྲོ་མར་འགྲོ་བྱེད་པ་ལྟ་བུ།
       ལོང་བུ་འགུལ་སྐྱོད།
       སྟབས་བདེ་ནུས་ལྡན་གྱི་རྐང་ལག་ཁྲག་རྒྱུན་འཁོར་རྒྱུག་ལ་སྐུལ་འདེད་བྱེད་པའི་ཐབས་ཤེས་ཤིག་ཡིན། ཉལ་ཁྲིའི་སྟེང་དུ་ཉལ་བའམ་རྐུབ་སྟེགས་སྟེང་དུ་བསྡད་ནས་རྐང་པ་གཉིས་དྲང་མོར་བསྲིངས་ནས་ལྷོད་ལ་བབས་རྗེས། དལ་མོར་རྐང་རྩེ་ཡར་བཀྱགས་ནས་རྐང་ངར་གྱི་ཤ་གནད་འཚུབ་ཆ་ལངས་སུ་འཇུག་པ། སྐར་ཆ་འགའ་ལ་རྒྱུན་འཁྱོངས་བྱས་རྗེས་དལ་མོར་རྐང་རྩེ་ཐང་ལ་བཞག་ནས། རྐང་ངར་གྱི་ཤ་གནད་ལྷོད་ལ་འབབ་ཏུ་འཇུག་དགོས།
       དབུགས་འབྱིན་རྔུབ་དང་ལུད་པ།
       དབུགས་འབྱིན་རྔུབ་ཟབ་མོ་བྱས་ན་བྲང་ཁོག་གི་ཤོང་ཚད་ཆེ་རུ་གཏོང་ཐུབ་པ་དང་། བྲང་ཁོག་གི་གནོན་ཤུགས་ཆེ་རུ་གཏོང་ཐུབ་པ་དང་། ཁྲག་སྙིང་ལ་ཕྱིར་ལོག་པར་ཕན་ཐོགས་ཡོད། དལ་མོར་ལུད་ན་བྲང་ཁོག་དང་ཁོག་པ་ལ་གནོན་ཤུགས་སྟེར་ཐུབ་ལ་ཁྲག་རྒྱུན་འཁོར་རྒྱུག་ལ་སྐུལ་འདེད་བྱེད་ཐུབ།
       བཟའ་བཏུང་དོ་མཉམ།
       ཚི་སྣའི་རྒྱུ་འདུས་པའི་སྔོ་ཚལ་དང་འབྲུ་རིགས་དཀྱུས་མ་མང་ཙམ་ཟ་བ་དང་། ཚིལ་མང་བ་དང་མངར་ཆ་མང་བའི་ཟས་རིགས་བསྡུ་ལེན་ཇེ་ཉུང་དུ་བཏང་ན། ཁྲག་ཚིལ་གྱི་ཆུ་ཚད་ཚོད་འཛིན་དང་ཁྲག་རྩ་བདེ་ཐང་ལ་སྲུང་སྐྱོབ་བྱེད་པར་ཕན་པ་ཡོད། ཆུ་འདང་ངེས་ཤིག་བསྡུ་ལེན་རྒྱུན་འཁྱོངས་བྱས་ན་ཁྲག་འབྱར་ཚད་ཇེ་དམའ་རུ་གཏོང་ཐུབ་པ་དང་ཁྲག་རྡོག་ཆགས་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།
འབྲེལ་ཡོད་འོས་སྦྱོར།