logo

མཚོ་སྔོན་ཞིང་ཆེན་ལས་རིགས་ལག་རྩལ་སློབ་གྲྭའི་བོད་སྨན་དང་སྨན་སྦྱོར་ཆེད་ལས་ནུས་རྩལ་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-04-11 ཀློག་གྲངས།:


མཚོ་སྔོན་ཞིང་ཆེན་ལས་རིགས་ལག་རྩལ་སློབ་གྲྭའི་བོད་སྨན་དང་སྨན་སྦྱོར་ཆེད་ལས་ནུས་རྩལ་འགྲན་བསྡུར་སྤེལ་བ།

     སྤྱི་ཟླ4བའི་ཚེས9ཉིན། 2018ལོའི་མཚོ་སྔོན་ཞིང་ཆེན་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་བོད་སྨན་དང་བོད་སྨན་སྨན་སྦྱོར་ཆེད་ལས་ནུས་རྩལ་འགྲན་སྡུར་དེ་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་རུ་བསྡུས་ཤིང་། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། མགོ་ལོག་གངས་ལྗོངས་དར་རྒྱས་ཀུན་ཕན་གསོ་རིག་སློབ་གྲྭ་བཅས་སློབ་གྲྭ5ཞུགས་པ་དང་། འགྲན་སྡུར་གྱི་ཡུལ་དངོས་སུ་ཞིང་ཆེན་རིམ་པའི་བོད་ལུགས་གསོ་བ་རིག་པའི་ཆེད་མཁས་པ་མང་པོ་གདན་ཞུ་བྱས་ཤིང་འགྲན་ཞུགས་སློབ་གྲྭ5ནས་དཔྱད་འདེམས་པ་རེ་བདམས་ཡོད།
     ཐེངས་འདིའི་འགྲན་རིམ་གྱི་ནང་དོན་ཐད་ནས་གཙོ་བོར་གཞུང་ལུགས་ཀྱི་སྐོར་དང་ལག་ལེན་གྱི་སྐོར་ཏེ། གཞུང་ལུགས་ཀྱི་ཐད་ནས། 1.རྩ་རྒྱུད་སོགས་བློར་འཛིན་པ་དང། 2.དྲི་བ་དྲིས་ལན་གྱི་ཚུལ་དུ་ནད་གཞི་ངོས་འཛིན་བྱེད་པ་སོགས་ཡིན། ལག་ལེན་གྱི་ཐད་ནས་མེ་བཙའ་སོགས་དཔྱད་བཅོས་སྐོར་གྱི་ལག་ལེན་དང་། ནད་གཞི་ངོས་འཛིན། རྒྱུན་སྤྱོད་ནད་གཞི་འགའ་བཀོད་སྒྲིག་སྒོས་ངོས་འཛིན་རྒྱུ་བཅས་ཡིན།
     མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་སྟོན་ཁྲུའུ་ཡི་ཀྲུའུ་རིན་གཡང་དྲུང་ཡག་གིས་གསུང་རྒྱུར། བོད་སྨན་སྨན་སྦྱོར་གྱི་ཆེད་ལས་འདི2016ལོར་རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་སོགས་ལས་རིགས་ལག་རྩལ་སློབ་གྲྭ་འགས་ལྷན་དུ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་པ་ཞིག་ཡིན་ལ། དེའི་རྗེས་ལོ2ལ་བསྟུད་མར་བྱ་འགུལ་འདི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྤེལ་བ་དང། 2018ལོར་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་སྤེལ་བ་ཡིན།
      མགོ་ལོག་གངས་ལྗོངས་དར་རྒྱས་ཀུན་ཕན་གསོ་རིག་སློབ་གྲྭའི་དགེ་རྒན་དགྲ་འདུལ་ཚེ་རིང་གིས་གསུང་རྒྱུར། ང་ཚོ་སློབ་གྲྭས་ཐེངས་འདིའི་འགྲན་སྡུར་ལ་ཞུགས་སླད། སློབ་གྲྭ་ནང་ཁུལ་ནས་རྟིང་རྩོད་རིམ་པ་ཐེངས4ལྷག་ལ་སྤེལ་བར་བརྒྱུད། ཕུལ་བྱུང་སློབ་མ4ཐེངས་འདིའི་འགྲན་སྡུར་དུ་ཞུགས་པ་ཡིན། དེ་མིན་ང་ཚོའི་སློབ་གྲྭར་མིག་སྔར་དཔལ་ལྡན་རྒྱུད་བཞི་དུས་གཅིག་ལ་བློར་སྤྲད་པའི་སློབ་མ3དང་རྒྱུད་ཆུང་གསུམ་དུས་གཅིག་ལ་བློར་སྤྲད་པའི་སློབ་མ200ཡས་མས་ཡོད།


འབྲེལ་ཡོད་འོས་སྦྱོར།