མཚོ་སྔོན་བོད་སྨན་ཁང་གིས་ཡུལ་དངོས་སུ་སྨན་རྫས་ངོས་འཛིན་གྱི་རྒྱུག་ལེན་འགྲན་བསྡུར་སྤེལ།
མཚོ་སྔོན་བོད་སྨན་ཁང་གིས་ཡུལ་དངོས་སུ་སྨན་རྫས་
ངོས་འཛིན་གྱི་རྒྱུག་ལེན་འགྲན་བསྡུར་སྤེལ།
ཉེ་ལམ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་མཚོ་ཤར་གྲོ་ཚང་རྫོང་སྨན་རྩྭའི་ཁུལ་དུ་བོད་ཀྱི་སྨན་རྫས་ཡུལ་དངོས་འཚོལ་བསྡུ་དང་ངོས་འཛིན་ནུས་པ་དཔྱད་རྒྱུག་བྱེད་པའི་བྱ་འགུལ་སྤེལ། དཔྱད་རྒྱུག་ལ་ཞུགས་མཁན་ནི་སྨན་ཁང་གི་ནད་ཐོག་སྨན་བཅོས་དང་། སྨན་ཐུམ། སྨན་བཟོ་བཅས་བྱེད་པའི་བོད་ཀྱི་གསོ་རིག་ལས་སྒྲུབ་མི་སྣ60ལྷག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་གསོ་རིག་ཆེད་མཁས་པ་ཉི་མ་དང་། སྨན་ཁང་གི་འགོ་གཙོ་གཞོན་པ་དབང་ཆེན་ཚེ་བརྟན་སོགས་རྒྱུག་བཤེར་གཏན་འབེབས་སུ་ཞུགས།
ཡུལ་དངོས་སུ་སྨན་རྫས་ངོས་འཛིན་བྱེད་པ།
ཐེངས་འདིའི་དཔྱད་རྒྱུག་ནི་གྲོ་ཚང་བོད་ཀྱི་སྨན་རྫས་རང་བྱུང་སྐྱེ་ཁམས་ཁོར་ཡུག་ཏུ་སྤེལ་བ་ཡིན་ལ། ནང་ཞུགས་མི་སྣས་རང་ཉིད་རི་མགོར་བསྐྱོད་དེ་སྨན་འཐུ་བ་དང་། བོད་ཀྱི་གསོ་རིག་ཆེད་མཁས་པས་ཡུལ་དངོས་སུ་སྨན་རྫས་ངོས་འཛིན་བྱེད་ཚུལ་སོགས་ཀྱི་ཐད་ནས་གསལ་བཤད་བྱས་ཏེ་ཚང་མས་ཡུལ་དངོས་སུ་སྨན་རྫས་ངོས་འཛིན་བྱེད་པའི་ནུས་པ་ཆེར་བསྐྱེད་པ་རེད། སྨན་རྫས་ངོས་འཛིན་ནུས་པའི་དཔྱད་རྒྱུག་ཏུ་ཡུལ་དངོས་སུ་རྒྱུན་སྤྱོད་སྐྱེ་དངོས་རིགས་ཀྱི་སྨན་རྫས་སྣ100ལྷག་བཤམས་ཏེ་དེའི་དབྱིབས་དང་ཁ་དོག རོ་དང་རེག་བྱ་བཅས་ཀྱི་ཁྱད་ཆོས་བཟུང་ནས་ངོས་འཛིན་བྱེད་སྟངས་འགྲན་བསྡུར་བྱེད་པ་ཡིན།
འགྲན་བསྡུར་དུ་བྱ་དགའ་ཐོབ་མཁན།
མིག་སྔར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་བེད་སྤྱོད་བྱས་པའི་བོད་ཀྱི་སྨན་རྫས་ནི་འཛད་སྤྱོད་སྨན་རྫས་ཡོངས་ཀྱི75%ཡན་ཟིན་ཞིང་། རང་འཐུས་རང་བཟོའི་བྱེད་ཕྱོགས་འདིས་བོད་ཀྱི་སྲོལ་རྒྱུན་གསོ་རིག་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་རྒྱུན་མཐུད་འཕེལ་རྒྱས་བྱེད་པར་དགེ་མཚན་ཆེན་པོ་ལྡན་པ་རེད།