logo

༄༅།།ལྷ་སའི་བྱང་ལུགས་དངུལ་ཆུ་བཙོ་ཐལ་བཟོ་རྩལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-09 ཀློག་གྲངས།:
༄༅། །མི་ལོ༢༣༠༠ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་གསོ་བ་རིག་པ་ནི་བོད་རིགས་མི་དམངས་ཀྱིས་ཡུན་རིང་ལག་ལེན་ནང་ཉམས་མྱོང་གསོག་འཇོག་བྱས་ནས་བྱུང་བའི་རིག་གཞུང་གི་མ་ལག་ཆ་ཚང་ཞིང་། དམིགས་བསལ་གྱི་བཅོས་ཐབས་མན་ངག་ལྡན་ལ། མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་གསོ་བ་རིག་པའི་མ་ལག་ཅིག་རེད། དུས་རབས་༡༤པ་ནས་བཟུང་། བོད་ཀྱི་གསོ་རིག་ལ་རིག་གཞུང་ངོས་ནས་བྱང་ལུགས་དང་ཟུར་ལུགས་གཉིས་སུ་གྱུར། ལུགས་གཉིས་པོའི་རིག་གཞུང་ཐད་ཐུན་མོང་དང་ཐུན་མོང་མི་ཡིན་པའི་ཆ་དུ་མ་ལྡན་པ་རྣམས་ནི་བོད་ཀྱི་གསོ་བ་རིག་པའི་གྲུབ་ཆ་རྩ་ཆེན་དུ་ཆགས། 
ལྷ་ས་བྱང་ལུགས་གསོ་རིག་ནི་བོད་ཀྱི་གསོ་བ་རིག་པའི་ལུགས་གལ་ཆེན་ཞིག་ཡིན། དངུལ་ཆུ་བཙོ་ཐལ་གྱི་བཟོ་རྩལ་དང་རིན་ཆེན་གྲང་སྦྱོར་ཆེན་མོའི་སྦྱོར་ཐབས་ནི་ཐུན་མོང་མ་ཡིན་པའི་སྨན་ཆེན་བཟོ་རྩལ་ཡིན། དངུལ་ཆུ་བཙོ་བཀྲུའི་བཟོ་རྩལ་ལ་དངུལ་ཆུ་འདུལ་སྦྱོང་ངམ་བཙོ་བཀྲུ་ཆེན་མོ་ཞེས་ཀྱང་བྱ། དེ་ནི་བོད་སྨན་གྱི་སྙིང་ནོར་ལྟ་བུར་བརྩི་ཞིང་། བོད་ཀྱི་གསོ་རིག་མཁས་དབང་རིམ་བྱོན་གྱིས་བཙོ་བ་དང་བཀྲུ་བ་དང་སྦྱངས་བ་དང་འདུལ་བ་སོགས་ཐབས་ཤེས་རབ་དང་རིམ་པ་བསྟར་ནས་དངུལ་ཆུའི་དུག་རྣམས་ལེགས་པར་བསལ་ཏེ་བདུད་རྩི་སྨན་མཆོག་བཙོ་ཐལ་དུ་བསྒྱུར་བའི་ཆོ་ག་ཤིན་ཏུ་རྒྱས་པ་ཞིག་གོ ། བཙོ་ཐལ་ནི་དངུལ་ཆུ་ཉིད་བཙོ་བཀྲུ་ཆེན་མོ་སོགས་ཀྱི་ལག་ལེན་ཚུལ་བཞིན་བགྱིས་པ་ལས་བྱུང་བའི་བཅུད་ཀྱི་རྒྱལ་པོ་ལྟ་བུར་གྱུར་པའི་རིན་ཆེན་སྨན་གྱི་ཕྱེ་མའི་མིང་སྟེ། ནུས་པ་འཇམ་པས་ལུས་ཀྱི་ཟུངས་དང་སྟོབས་འཕེལ་ཞིང་རྩའི་ཁམས་དྭངས་ལ་དབང་པོའི་སྒོ་ཐམས་ཅད་ཤིན་ཏུ་གསལ་བ་དང་། བདུད་རྩི་བཅུད་ཀྱི་རྒྱལ་པོ་སྦྱངས་པས་བཅུད་ལེན་དུ་གྲུབ་པ་ནི་རིང་པོར་འཚོ་བའི་སྨན་ཐམས་ཅད་ཀྱི་མཆོག་དང་། སྨན་སྦྱོར་ཁྱད་པར་དུ་གྱུར་པ་ཐམས་ཅད་ཀྱི་གཞིར་བསྔགས་ཤིང་། ཁྱད་པར་སྨན་གྱི་ནོར་བུ་རིལ་ནག་ཆེན་པོ་དང་དུག་འཇོམས་རིན་ཆེན་ཡང་ཟབ་རྒྱུད་ཀྱི་མང་སྦྱོར་ཆེན་མོ་ལ་སོགས་པ་སྦྱོར་བའི་གཞིའམ་རྩ་བར་གྱུར་པ་སོགས་ནུས་པ་བསམ་གྱིས་མི་ཁྱབ། དངུལ་ཆུ་འདུལ་སྦྱོང་གི་ལག་ལེན་ནི་སྤྱི་ལོ་དུས་རབས་༨པར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད་པའི་གསོ་རིག་རྒྱུད་བཞིའི་ནང་དུ་འཁོད་ཡོད་ཅིང་། རིན་ཆེན་གྲང་སྦྱོར་གྱི་སྦྱོར་ཐབས་སྐབས་སུ་ཞིབ་ཙམ་གསུངས་ཡོད། དུས་རབས་བཅུ་གསུམ་པར་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་དངུལ་ཆུ་གྲང་འདུལ་དང་ཚ་འདུལ་དང་དུག་སེལ་སོགས་ལག་ལེན་ཡོངས་རྫོགས་གནང་ཞིང་། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་གྱི་ཟིན་བྲིས་སྦས་དོན་ཀུན་གསལ་ཞེས་བྱ་བ་བརྩམས་ཏེ། བོད་སྨན་གྱི་དངུལ་ཆུ་བཙོ་བཀྲུའི་ལག་ལེན་གྱི་ཆོ་ག་ཆ་ཚང་བར་བསྟན་ནས། དངུལ་ཆུ་བཙོ་བཀྲུའི་བཟོ་རྩལ་དར་སྤེལ་རྒྱ་ཆེར་མཛད། དེ་རྗེས་ཀརྨ་པ་རང་བྱུང་རྡོ་རྗེ་དང་ཟུར་མཁར་བ་མཉམ་ཉིད་རྡོ་རྗེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་གསོ་རིག་མཁས་དབང་རྣམ་པས་ལག་ལེན་ཟམ་མ་ཆད་པར་གནང་མཐར། བོད་ཀྱི་གསོ་རིག་གི་ཉིང་བཅུད་འདི་ཉིད་མི་རབས་ནས་མི་རབས་བརྒྱུད་དེ་མིའི་རིགས་ཀྱི་བདེ་ཐང་གི་གསོས་སུ་གྱུར། །
བོད་སྨན་རིན་ཆེན་གྲང་སྦྱོར་གྱི་སྦྱོར་བ། རིན་ཆེན་གྲང་སྦྱོར་གྱི་སྦྱོར་ཐབས་ནི་དུས་རབས་བརྒྱད་པར་གཡུ་ཐོག་པས་མཛད་པའི་རྒྱུད་བཞི་ལས་གསལ་ཞིང་། བོད་ལུགས་གསོ་རིག་གི་གཞུང་ལུགས་ལྟར་བོད་ས་མཐོའི་རྩ་ཆེ་ཞིང་དཀོན་པའི་རང་བྱུང་སྨན་རྫས་བེད་སྤྱད་དེ་མན་ངག་གི་སྦྱོར་ཐབས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། མི་ལོ་༡༠༠༠ལྷག་གི་ནད་ཐོག་ལག་ལེན་ནང་དུ་སྨན་མཆོག་དེས་ཕོ་བའི་ཚད་རྙིང་དང་ཕོ་སྨུག མཆིན་ཚད་སོགས་ལ་ཐུན་མོང་མ་ཡིན་པའི་ཕན་ནུས་ཡོད་པར་ར་སྤྲོད་བྱུང་ནས་ད་ལྟའི་བར་བེད་སྤྱོད་གཏོང་བཞིན་ཡོད། 
དངུལ་ཆུ་བཙོ་ཐལ་ལ་བཙོ་བཀྲུ་ཆེན་མོ་ཞེས་ཀྱང་བྱ། དེ་ནི་བོད་སྨན་གྱི་སྙིང་ནོར་ལྟ་བུ་ཡིན་ཏེ། བོད་ཀྱི་གསོ་རིག་མཁས་དབང་རིམ་བྱོན་གྱིས་དུག་ཆེན་དངུལ་ཆུ་ལ་འདུལ་སྦྱོང་གི་ཆོ་ག་རབ་དང་རིམ་པ་བསྟར་ནས་བདུད་རྩི་སྨན་མཆོག་བཙོ་ཐལ་དུ་བསྒྱུར་ཐུབ་པར་བྱུང་། དེ་ནི་བོད་སྨན་གྱི་བཟོ་རྩལ་འགངས་ཆེ་ལ་ལག་ལེན་གྱི་ཉིང་བཅུད་འདུས་པ་ཞིག་ཡིན་པས། ལོ་ངོ་སྟོང་ཕྲག་ལྷག་གི་རིང་གསོ་རིག་མཁས་དབང་ཚོས་དེའི་ལག་ལེན་དང་རྒྱུན་འཛིན་ལ་གཙིགས་སུ་འཛིན་ནས་ད་ལྟའི་བར་དུ་དར། 
དངུལ་ཆུ་འདུལ་སྦྱོང་གི་ལག་ལེན་ནི་སྤྱི་ལོ་དུས་རབས་༨པར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད་པའི་གསོ་རིག་རྒྱུད་བཞིའི་ནང་དུ་འཁོད་ཡོད་ཅིང་། རིན་ཆེན་གྲང་སྦྱོར་གྱི་སྦྱོར་ཐབས་སྐབས་སུ་ཞིབ་ཙམ་གསུངས་ཡོད། དུས་རབས་༡༣པར་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་དངུལ་ཆུ་གྲང་འདུལ་དང་ཚ་འདུལ་དང་དུག་སེལ་སོགས་ལག་ལེན་ཡོངས་རྫོགས་གནང་ཞིང་། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་གྱི་ཟིན་བྲིས་སྦས་དོན་ཀུན་གསལ་ཞེས་བྱ་བ་བརྩམས་ཏེ། བོད་སྨན་གྱི་དངུལ་ཆུ་བཙོ་བཀྲུའི་ལག་ལེན་གྱི་ཆོ་ག་ཆ་ཚང་བར་བསྟན་ནས། དངུལ་ཆུ་བཙོ་བཀྲུའི་བཟོ་རྩལ་དར་སྤེལ་རྒྱ་ཆེར་མཛད། དེ་རྗེས་ཀརྨ་པ་རང་བྱུང་རྡོ་རྗེ་དང་ཟུར་མཁར་བ་མཉམ་ཉིད་རྡོ་རྗེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་གསོ་རིག་མཁས་དབང་རྣམ་པས་ལག་ལེན་ཟམ་མ་ཆད་པར་གནང་མཐར། བོད་ཀྱི་གསོ་རིག་གི་ཉིང་བཅུད་འདི་ཉིད་མི་རབས་ནས་མི་རབས་བརྒྱུད་དེ་མིའི་རིགས་ཀྱི་བདེ་ཐང་གི་གསོས་སུ་གྱུར།
དངུལ་ཆུ་འདུལ་སྦྱོང་བྱས་པའི་བཙོ་ཐལ་ནི་བོད་སྨན་རིན་པོ་ཆེའི་སྡེ་ཚན་སྦྱོར་བའི་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་ཡིན་ལ། ལོ་ངོ་སྟོང་ཕྲད་ལྷག་གི་ནད་ཐོག་ལག་ལེན་ནང་ཕན་ནུས་ར་འཕྲོད་ཅིང་། བོད་སྨན་གྱི་རྒྱུ་ཆ་མཆོག་ཏུ་བགྲངས་ནས་བེད་སྤྱོད་རྒྱ་ཆེར་བྱེད་ཀྱིན་ཡོད། ཐུན་མོང་མ་ཡིན་པའི་བཙོ་བཀྲུ་ཆེན་མོའི་བཟོ་རྩལ་ནི་རྒྱུ་ཆ་སྣ་མང་ཞིང་ཆོ་ག་རྙོག་འཛིང་ཆེ། དེའི་རྒྱུ་ཆ་གཙོ་བོ་ནི་རྣམ་པ་ཆུ་ལྟར་གཡོ་བའི་ལྕགས་རིགས་དངུལ་ཆུ་ཞེས་པ་དེ་ཡིན། དེ་ཉིད་རྫས་སྣ་བརྒྱ་ཕྲག་དུ་མས་ཡང་ཡང་བཙོ་ཞིང་བཀྲུ་བར་བྱེད་དགོས་པས། བཙོ་བཀྲུའི་ལག་ལེན་སློབ་པ་ལ་ངེས་པར་དུ་ལག་རྩལ་བྱང་ཆུབ་པའི་དགེ་རྒན་གྱིས་དམར་ཁྲིད་དང་རང་གིས་ལག་ལེན་ཡང་ཡང་བྱེད་དགོས་པ་ལས། གཞུང་ལུགས་ཙམ་དང་མིག་མཐོང་རེ་འགའ་བས་དུག་ཆེན་བདུད་རྩིར་སྒྱུར་བའི་ལག་རྩལ་ཚད་མཐོ་བ་དེ་ཁོང་དུ་ཆུད་དཀའ།  བཟོ་རྩལ་འདི་ལ་དེ་ལྟ་བུའི་མན་ངག་དང་རྙོང་འཛིང་ཆེ་བའི་རང་བཞིན་ལྡན་པར་མ་ཚད། ལོ་རྒྱུས་ཆ་རྐྱེན་གྱི་ཚད་དཀག་སོགས་ཀྱི་རྐྱེན་པས་མིག་སྔར་ལག་རྩལ་དེ་ཁོང་དུ་ཆུད་མཁན་ཤིན་ཏུ་དཀོན་ཞིང་། ཉེ་བའི་ལོ་ཤས་ནང་ལག་རྩལ་དེ་ལྡན་པའི་མཁས་དབང་འགའ་དགོངས་པ་རྫོགས་ནས། མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་ཉིང་བཅུད་འདི་ཉིད་དར་སྤེལ་དང་རྒྱུན་འཛིན་ལ་ཉེན་ཁ་ཆེན་པོ་ཆགས་བཞིན་མཆིས། དེར་བརྟེན། ཐབས་ཤེས་གང་དྲག་གི་སྒོ་ནས་བོད་ཀྱི་གསོ་བ་རིག་པའི་ཉིང་བཅུད་འདི་ཉིད་སྲུང་སྐྱོབ་བྱ་རྒྱུ་ནི་ལས་གཞི་འདིའི་དམིགས་ཡུལ་དང་གཞི་གཟུང་ས་ཁོ་ནའོ། ། 
བཙོ་བཀྲུ་ཆེན་མོའི་བཟོ་རྩལ་དམིགས་བསལ་ཆེ་ཞིང་སྨན་སྣ་མང་པོ་དང་འབྲེལ་བ་སྟེ། སྲོག་ཆགས་དང་རྩི་ཤིང་དང་གཏེར་ཁ་ལྕགས་རིགས་སོགས་བོད་སྨན་རྒྱུ་ཆའི་རིགས་ཡོངས་དང་འབྲེལ་ཞིང་། དེ་དག་ཀྱང་བོད་སྨན་སྤྱི་དང་མཐུན་པའི་ཆོ་ག་བརྒྱུད་དགོས་པར་མ་ཟད། ཟ་བྱེད་རྡོ་བརྒྱད་དང་འཆིང་བྱེད་ལྕགས་བརྒྱད་དང་གྲང་འདུལ་ཚ་འདུལ་སོགས་ཐུན་མོང་མ་ཡིན་པའི་བཟོ་རྩལ་དུ་མ་ཡོད་པས། བོད་སྨན་སྤྱིའི་བཟོ་རྩལ་ལ་མཁོ་བའི་ཡོ་བྱད་རྣམས་འདི་ལ་མི་དགོས་པ་མེད། 
རིན་ཆེན་གྲང་སྦྱོར་དང་མུ་ཏིག་བདུན་ཅུ་དང་དབང་རིལ་ཉེར་ལྔ་སོགས་རིན་ཆེན་རིགས་དང་རྒྱུན་སྤྱོད་ཀྱི་ཁ་ཚར་སྨན་སྣ་ཀུན་ལ་བཙོ་ཐལ་འདྲེས་ཡོད། 
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཙོ་ཐལ་གྱི་ལག་ལེན་རིན་ཆེན་ཕྲེང་བ་ཞེས་པ་དང་། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད་པའི་རྒྱུད་བཞི། གྲུབ་ཆེན་ཨུ་རྒྱན་པས་མཛད་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་གྱི་ཟིན་བྲིས་སྦས་དོན་ཀུན་གསལ། དྭགས་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི་རིན་ཆེན་བཙོ་ཐལ་གྱི་ལག་ལེན་རྣམ་བཤད་སོགས་ནི་བཙོ་བཀྲུ་ཆེན་མོའི་བཟོ་རྩལ་གྱི་གཞུང་ལུགས་ཀྱི་ཁུངས་གཏུག་ས་ཡིན། 
བཙོ་བཀྲུ་ཆེན་མོ་ནི་བོད་སྨན་བཟོ་རྩལ་གྱི་ཆོ་ག་ཚད་མཐོ་ཤོས་ཡིན་ལ་བོད་སྨན་གྱི་སྙིང་ནོར་ཡང་ཡིན། བཟོ་རྩལ་དེ་ནི་ངོ་མཚར་ཆེ་ཞིང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྟེང་ནས་ཀྱང་གདེང་འཇོག་ཚད་མཐོར་གནང་བཞིན་ཡོད། བཙོ་ཐལ་བཟོ་རྩལ་གྱིས་བོད་སྨན་ལག་ལེན་ནང་གོ་ས་བླ་ན་མེད་པ་ཟིན་ཡོད། 
གསོ་རིག་མཁས་དབང་རིན་བྱོན་གྱི་མི་ལོ་ཉིས་སྟོང་ལྷག་གི་ནད་ཐོག་ལག་ལེན་ཁྲོད། བཙོ་ཐལ་ནི་གྲིབ་སྐྱོན་དང་མཛེ་དང་གྲུམ་བུ་དང་ཆུ་སེར་དང་ཁྲག་ཤེད་མཐོ་བའི་སྙིང་ནད་སོགས་དང་གཉན་ཁ་དང་དུག་ནད་སྣ་ཚོགས་ཀྱི་གཉེན་པོ་མཆོག་ཏུ་གྱུར་པ་ཡིན་ལ། ལུས་སྟོབས་གསོ་བ་དང་མདངས་རྒྱས་ཤིང་ཚེ་རིང་ནད་མེད་པར་འཚོ་བའི་ནུས་པ་དང་ལྡན་པར་ར་འཕྲོད། བཙོ་ཐལ་དང་སྨན་སྣ་གཞན་སྡེབ་ན་སྨན་ནུས་ཡུན་དུ་གཏན་ཞིང་ཕན་ནུས་མཐོ་རུ་གཏོང་ཐུབ། དེར་བརྟེན། གལ་སྲིད་བཙོ་ཐལ་མེད་ན། སྨན་སྣ་བརྒྱ་ཕྲག་འཛོམས་ཀྱང་མུ་ཏིག་བདུན་བཅུ་སོགས་ནོར་བུ་རིལ་ནག་ཆེན་པོ་དང་དུག་འཇོམས་རིན་ཆེན་སྨན་སྣ་སྦྱོར་ཐབས་བྲལ། 
བཙོ་བཀྲུ་ཆེན་མོའི་བཟོ་རྩལ་གྱི་ཁྱད་ཆོས་གཙོ་བོ་ནི། ༡ བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁྱད་ཆོས་མངོན་བྱེད་གཙོ་བོ་ཞིག་ཡིན་ཏེ། རྒྱུ་མཚན་ནི་བཙོ་བཀྲུ་ཆེན་མོ་འདི་བོད་ལུགས་གསོ་རིག་ཁོ་ནའི་བཟོ་རྩལ་ཞིག་ཡིན་པའི་ཕྱིར། ༢ བོད་ཀྱི་གསོ་རིག་གི་སྨན་རྫས་རིག་པའི་ཚན་རིག་རང་བཞིན་གྱི་དཔང་རྟགས་ནུས་ལྡན་ཞིག་ཡིན་ཏེ། ལྕི་བའི་དུག་དང་འབིགས་པའི་དུག་དང་རྩིའི་དུག་སོགས་དང་ལྡན་པའི་དངུལ་ཆུ་དེ་འདུལ་ནས་ནད་རིགས་དུ་མར་ཕན་པའི་སྨན་མཆོག་ཏུ་བསྒྱུར་ཐུབ་པའི་ཕྱིར། ༣ བོད་ཀྱི་གསོ་བ་རིག་པའི་རྒྱ་ཆེན་གཏིང་ཟབ་གྱི་ནང་དོན་དང་ཚན་རིག་དང་མཐུན་ཞིང་ཆ་ཚང་བའི་རིག་གཞུང་མ་ལག་མཚོན་ཐུབ། 
བཙོ་ཐལ་གྱི་མངོན་པར་གསལ་བའི་ཕན་ནུས་དང་བོད་སྨན་ལག་ལེན་ཁྲོད་བཙོ་བཀྲུ་ཆེན་པོས་ཐུན་མོང་མ་ཡིན་པའི་གནས་བབས་ཟིན་པ་དང་། དེ་ཉིད་གནའ་རབས་རིག་གནས་ཀྱི་གྲུབ་ཆར་གནས་ཤིང་དགེ་སློབ་རྒྱུན་འཛིན་གྱི་རྣམ་པས་ད་ལྟའི་བར་དར་བས། དེའི་དར་སྤེལ་གྱི་དོན་སྙིང་ནི་སྨོས་མ་དགོས་པ་ཞིག་རེད། མིའི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་སུ་འགྲོ་བ་མིའི་བདེ་ཐང་གི་དཀའ་གནད་དུ་མ་བྱུང་ནས། བཅོས་དཀའ་བའི་ནད་རིགས་མང་པོ་ཐོན་བཞིན་མཆིས། དངུལ་ཆུ་བཙོ་ཐལ་གྱི་བཟོ་རྩལ་འདིས་མིའི་རིགས་ཀྱི་བདེ་ཐང་ལ་ཕན་ནུས་ཆེན་པོ་ཐོན་ངེས་རེད།
བོད་ལྗོངས་གསོ་རིག་སློབ་གླིང་ནི་མིག་སྔར་རྒྱལ་ཕྱི་ནང་དུ་བོད་ཀྱི་གསོ་རིག་སྨན་རྫས་ཚན་རིག་ཞིབ་འཇུག་གི་རིག་གཞུང་རྟེན་གཞི་གལ་ཆེན་ཞིག་ཏུ་ཆགས་ཤིང་། བོད་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ནུས་པ་ཆེན་པོ་ཐོན་ནས། དེང་སང་བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་གི་མིག་དཔེ་དང་སྣེ་མོ་ལྟ་བུར་གྱུར། ང་ཚོས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཉེན་ཁ་ཤིན་ཏུ་ཆེ་བའི་རྒྱུན་འཛིན་གནད་དོན་ལ་དམིགས་ནས། མཁས་དབང་ཁྲོ་རུ་ཚེ་རྣམ་དང་འཇམ་དབྱངས་ལྷུན་གྲུབ་སོགས་སྒྲིག་འཛུགས་བྱས་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་སློབ་ཁྲིད་བྱེད་སྒོ་ཐེངས་གཉིས་སྤེལ་ཞིང་། སྤྱོད་ཡོན་གཉིས་ལྡན་གྱི་དགེ་སློབ་ཁག་ཅིག་བདམ་ནས་བྱེད་སྒོར་ཞུགས་ཏེ་སྤྱི་ཚོགས་དང་དཔལ་འབྱོར་གྱི་གྲུབ་འབྲས་ལེགས་པོ་ཐོབ་ཡོད། དེས་མི་ལོ་སྟོང་ཕྲག་བརྒྱུད་པའི་ཤེས་རིག་གི་ཉིང་བཅུད་དེ་ཉིད་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ལའང་ནུས་པ་ངེས་ཅན་ཐོན་ཡོད། 
བགྲང་བྱ་སྟོང་ཕྲག་ལྷག་གི་ལོ་ཟླའི་རླུང་འཚུབ་དང་དུས་ཀྱི་ཆར་ཆུ་བརྒྱུད་ནས་བྱུང་བའི་སྲོལ་རྒྱུན་སྨན་རྫས་བཟོ་རྩལ་ཞིག་ལ་ཆ་བཞག་ན། ལོ་རྒྱུས་ཀྱི་ཆ་རྐྱེན་དང་ཁོར་ཡུག་ངེས་ཅན་ཞིག་གི་ནང་རང་བཞིན་ཇི་ལྟ་བ་ཆ་ཚང་ཞིང་མ་ཉམས་པར་གནས་དཀའ་བ་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་རེད། དེང་རབས་བོད་སྨན་གྱི་འཕེལ་རྒྱས་གནས་སྟངས་དང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་གྱི་རྒྱུན་འཛིན་གནས་ཚུལ་དངོས་དང་བསྟུན་ནས། གཙོ་བོ་བཟོ་རྩལ་དང་ཡིག་ཚགས་རྒྱུ་ཆ་ནས་འགོ་བརྩམས་ཏེ། ཕན་ནུས་ལྡན་པའི་ཐབས་ཤེས་ལ་བརྟེན་ནས་མི་ལོ་སྟོང་གི་ཤུལ་བཞག་རྩ་ཆེན་འདི་མི་ཉམས་པར་གནས་པར་བྱའོ། །
འབྲེལ་ཡོད་འོས་སྦྱོར།