གསེར་ཆེན་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་རྒྱལ་སྤྱིའི་ནད་གཡོག་དུས་ཆེན་ལ་རྟེན་འབྲེལ་ཞུས།
བྲོ་འཁྲབ་སྟེ་རྒྱལ་སྤྱིའི་ནད་གཡོག་དུས་ཆེན་ལ་རྟེན་འབྲེལ་ཞུས་པའི་ཚུལ།
ཟླ5བའི་ཚེས12ཉིན་ནི་རྒྱལ་སྤྱིའི་ནད་གཡོག་དུས་ཆེན་ལོ་འཁོར100ལོན་པའི་ཉིན་མོ་ཡིན་ཞིང་། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་མོ་ནད་ཚན་ཁག་གིས་གླུ་གར་གྱི་སྟ་གོན་གྱ་ནོམ་པ་ཞིག་བྱས་ཏེ་དུས་ཆེན་འདི་ལ་རྟེན་འབྲེལ་ཞུས་པ་རེད།
གར་གྱི་སྟངས་སྟབས་ལ་བསྒྱུར་ནས་རྒྱལ་སྤྱིའི་ནད་གཡོག་དུས་ཆེན་ལ་རྟེན་འབྲེལ་ཞུ་བ།
ནད་གཡོག་ལས་རིགས་ཀྱི་སྲོལ་འབྱེད་པོFlorence Nightingaleལ་དམ་བཅའ་འཇོག་པ།
སྨན་ཁང་འདིའི་མོ་ནད་ཚན་ཁག་ལ་ས་གནས་འདིའི་མི་རྣམས་ཀྱིས་གཟེངས་བསྟོད་ཆེན་པོ་བྱེད་ཅིང་། ཉེ་འགྲམ་མཁར་གྲོང་དང་རྒྱ་ཆེ་བའི་མང་ཚོགས་ཀྱིས་ཡིད་རྟོན་བྱེད་ཚབ་ཆེས་མཐོ་བའི་ཚན་ཁག་ཅིག་ཡིན། སྨན་ཁང་གཞན་དང་བསྡུར་ན་སྨན་ཁང་འདིའི་ཆ་རྐྱེན་ཤིན་ཏུ་ཞན་ནའང་། ཚན་ཁག་འདིའི་ནད་གཡོག་དང་ཞབས་ཞུའི་རྣམ་པ་སོགས་གང་གི་ཐད་ནས་ཀྱང་གནས་འདིའི་སྨན་ཁང་གཞན་དག་ལས་སྙན་གྲགས་ཤིན་ཏུ་ཆེ་བའི་ཁར། ནད་པ་བཀང་ནས་ནད་ཁང་མེད་པའི་གནས་བབས་སུའང་ཚན་ཁག་འདིས་ཐབས་བརྒྱ་ཇུས་སྟོང་གིས་ནད་པའི་ཡིད་ཚིམ་པར་བྱེད་ལ། སྨན་ཁང་གཞན་གྱིས་ནད་བཅོས་བྱེད་མི་ཐུབ་པའམ་འགན་ལེན་དང་ཞབས་ཞུ་ལེགས་པོ་མེད་པ། ཡང་ན་ནད་བཅོས་ཀྱི་གླ་ཆ་མཐོ་བ་སོགས་རྐྱེན་གང་མང་གིས་བུད་མེད་ནད་པ་མང་པོ་ཞིག་སྨན་ཁང་འདིའི་མོ་ནད་ཚན་ཁག་ཏུ་བརྒྱུད་སྟོན་བྱེད་ཀྱི་ཡོད།
མཉམ་དུ་པར་བླངས་པ།
ལོ་རེའི་ཟླ5བའི་ཚེས12ཉིན་ནི་རྒྱལ་སྤྱིའི་ནད་གཡོག་དུས་ཆེན་ཏེ། དབྱིན་ཇི་རྒྱལ་ཁབ་ཀྱི་ནད་གཡོག་ལས་རིགས་ཀྱི་སྲོལ་འབྱེད་པོFlorence Nightingaleཡིས་ནད་གཡོག་བྱ་བའི་ཐད་བཞག་པའི་མཛད་རྗེས་ལ་རྗེས་དྲན་བྱེད་པར། 1912ལོར། རྒྱལ་སྤྱིའི་ནད་གཡོག་ལས་འཛིན་ལྷན་ཚོགས་ཀྱིསFlorence Nightingaleཡི་སྐྱེས་སྐར་ཉིན་ནི་རྒྱལ་སྤྱིའི་ནད་གཡོག་དུས་ཆེན་དུ་གཏན་འཁེལ་བྱས།