༄༅། །གཏེར་ལམ་ཚེ་རིག་ཀྲུང་བོད་ལུགས་སྒོ་བསྟེན་སྨན་ཁང་གིས་སྨན་སྦྱིན་བཏང་སྟེ་དམངས་ལ་ཕན་བདེ་བསྐྲུན།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-04-12
ཀློག་གྲངས།:
བོད་ལུགས་གསོ་རིག་ནི་ཀྲུང་གོའི་གསོ་རིག་གཏེར་མཛོད་ཁྲོད་ཀྱི་མུ་ཏིག་རྡོག་གཅིག་ཡིན་ལ། བོད་ཀྱི་གསོ་རིག་ལག་ལེན་བྱེད་མཁན་རྣམས་ཀྱིས་མི་རབས་ནས་མི་རབས་བར་རང་བྱུང་ཁམས་དང་ནད་རིགས་སྣ་ཚོགས་བར་ལ་འཐབ་རྩོད་བྱས་པའི་ཁྲོད་ཉམས་མྱོང་བསགས་ཏེ་ཁྱད་ལྡན་གྱི་གསོ་བཅོས་མ་ལག་ཅིག་ཆགས་ཡོད། གཏེར་ལམ་རྫོང་ཚེ་རིག་ཀྲུང་བོད་ལུགས་སྒོ་བསྟེན་སྨན་ཁང་གིས་ཀྱང་བོད་ལུགས་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་དཔྱད་བཅས་ཀྱི་དགོངས་པ་ལྟར། གཏེར་ལམ་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་གཙོ་བྱས་པའི་རྫོང་ཕྱི་ནང་གི་རྒྱ་ཆེའི་ནད་པ་རྣམས་ལ་ནད་ཐོག་དཔྱད་བཅོས་དང་སྨན་སྣའི་སྦྱིན་པ་བཏང་སྟེ་དམངས་ལ་ཕན་བདེ་བསྐྲུན།
གསར་འགོད་པ་ཞོགས་པ་སྔ་མོར་གཏེར་ལམ་རྫོང་གི་ཚེ་རིག་ཀྲུང་བོད་ལུགས་སྒོ་བསྟེན་སྨན་ཁང་དུ་སོང་བ་ན། སྨན་ཁང་དུ་ནད་པ་རྣམས་གྲལ་བསྟར་བསྒྲིགས་ཤིང་། སྨན་ཁང་གི་འགན་འཛིན་པའམ་སྨན་པ་འབྲུག་སེང་རྒྱལ་དང་ཁོའི་ལས་གྲོགས་སྨན་ཞབས་པ་ཚོ་སྨན་སྦྱིན་གཏོང་བའི་ལས་ལ་བྲེལ་བཞིན་ཡོད། མཚམས་སྦྱོར་བྱས་པ་ལྟར་ན། གཏེར་ལམ་རྫོང་གི་ཚེ་རིག་ཀྲུང་བོད་ལུགས་སྒོ་བསྟེན་སྨན་ཁང་ནི་སྤྱི་ལོ2019ལོའི་ཟླ3པར་བཙུགས་ཏེ་དངོས་སུ་ནད་པར་ནད་བརྟག་དང་དཔྱད་བཅོས་དང་སྨན་སྟེར་འགོ་བརྩམས་ཤིང་། ལོ་དེའི་ཟླ5པར་བོད་ལུགས་གསོ་རིག་གི་ཁྱད་ལྡན་དཔྱད་བཅོས་སྐོར་ནས་ནད་ཐོག་ལག་ལེན་བྱས་པས། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དགའ་བསུ་ཐོབ་ཅིང་། ས་གནས་ཀྱི་འབྲེལ་ཡོད་ཏང་སྲིད་སྡེ་ཁག་གིས་ཀྱང་རྒྱབ་སྐྱོར་དང་ཁས་ལེན་ཐོབ།
གཏེར་ལམ་རྫོང་གི་ཚེ་རིག་ཀྲུང་བོད་ལུགས་སྒོ་བསྟེན་སྨན་ཁང་གི་འགན་འཛིན་པའམ་སྨན་པ་འབྲུག་སེང་རྒྱལ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་རྐ་འབའ་སུམ་མདོའི་མི་ཡིན་ལ། ཆུང་དུས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ཏེ་བོད་ཀྱི་གསོ་བ་རིག་པར་སྦྱོང་བ་ལྷོད་མེད་བྱས་ཤིང་། མདོ་དབུས་ཁམས་གསུམ་གྱི་མིང་དུ་གྲགས་པའི་གསོ་རིག་མཁས་ཆེན་མང་པོ་བསམ་སྦྱོར་རྣམ་དག་གིས་བསྟེན་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྤྱི་དང་ཁྱད་པར་གདམས་པ་ཆིག་བརྒྱུད་དང་ལག་ལེན་དམར་ཁྲིད། སྨན་སྦྱོར་སོགས་ཀྱི་དབང་ལུང་མན་ངག་མང་དུ་གསན་ཞིང་། ལག་ལེན་དཔྱད་བཅོས་མང་དུ་བསྟར་བའི་ཞོར་དུ། མཚོ་སྔོན་གསོ་རིག་སློབ་ཆེན་དང་། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་། མཚོ་སྔོན་ཀླད་སྙིང་ཁྲག་རྩའི་ཆེད་གསོའི་སྨན་ཁང་སོགས་སུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་དཔྱད་བཅོས་སྐོར་ནས་སློབ་སྦྱོང་བྱས་ཤིང་། ཀླད་སྙིང་ཁྲག་རྩའི་ནད་ཐོག་ལག་ལེན་ལ་རྨང་གཞི་བཞག་སྟེ་ད་ལྟ་ནད་ཐོག་ལག་ལེན་དང་སྨན་སྦྱོར་ལག་ལེན་གྱི་སྨན་པའི་ལས་སུ་འཇུག་བཞིན་ཡོད།
སྨན་པ་འབྲུག་སེང་རྒྱལ་ལགས་ཀྱིས་རང་ཉིད་ཀྱི་ན་གཞོན་གྱི་ལང་ཚོ་གསོ་རིག་སློབ་གཉེར་ལ་བསྟིམས་པ་དང་དར་མའི་ལོ་ཟླ་གསོ་རིག་ལག་ལེན་ཁྲོད་འཚར་ལོངས་བྱུང་བས། ད་ལྟ་རང་རྐྱ་འཕར་བའི་གསོ་རིག་རྒྱུན་འཛིན་དང་དར་སྤེལ་གྱི་ལས་ལ་འབད་བཞིན་ཡོད་ལ། ནད་པ་གསོ་སྐྱོང་དང་མང་ཚོགས་ན་སྡུག་ལས་སྐྱོབ་རྒྱུ་ནི་རང་ཉིད་ཀྱི་ལས་ཀ་ཡོད་ཚད་ཁྲོད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། གཟབ་ལ་ནན་པའི་བརྟག་བཅོས་དང་། ཞིབ་ཅིང་ཚགས་པའི་སྨན་སྦྱོར་ལ་བརྟེན་ནས་ནད་པ་མང་པོ་ན་བའི་སྡུག་བསྔལ་ལས་བསྐྱབས་དང་སྐྱོབ་བཞིན་ཡོད།
ཚེ་རིག་ཀྲུང་བོད་ལུགས་སྒོ་བསྟེན་སྨན་ཁང་གསར་དུ་བཙུགས་ནས་ལོ་ངོ་ལྔའི་རིང་ལ། སྨན་པ་འབྲུག་སེང་རྒྱལ་ལགས་ཀྱིས་བོད་ལུགས་གསོ་བ་རིག་པའི་སྨན་པའི་བྱ་བྱེད་ཀུན་སྤྱོད་ཀྱི་རྩ་དོན་ལྟར་ནད་བརྟག་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་སངས་རྒྱས་སྨན་བླའི་ཐུགས་བརྩེ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་རང་གི་རྒྱུད་ནས་ནམ་ཡང་མ་བོར་ནད་པར་བྱམས་བརྩེའི་སྨན་སྦྱིན་གཏོང་བ་ནི་སྨན་བཅོས་བྱེད་པའི་གོ་རིམ་ཁྲོད་ཀྱི་བྱེད་སྒོ་གལ་ཆེན་དུ་འཇོག་བཞིན་ཡོད།
རྒྱུས་ལོན་པ་ལྟར་ན། ཚེ་རིག་ཀྲུང་བོད་ལུགས་སྒོ་བསྟེན་སྨན་ཁང་གིས་སྔ་གཞུག་ཏུ་རྒྱ་ཆེའི་རིགས་སོ་སོའི་ནད་པ་མང་ཚོགས་ལ་བྱམས་བརྩེའི་སྨན་སྦྱིན་ཐེངས་བརྒྱད་ལ་བཏང་ཞིང་། སྨན་སྦྱིན་གཏོང་ཐེངས་རེར་སྨན་སྣ་རིགས་བཞི་བརྒྱ་ལྷག་དང་རིན་མེད་བརྟག་དཔྱད་དང་དཔྱད་བཅོས་བྱས་ཏེ་ནད་པར་ཕན་བདེ་བསྐྲུན་པ་དང་། བྱམས་བརྩེའི་སྨན་སྦྱིན་གྱི་རིན་གོང་སྒོར་འབུམ་བརྒྱད་ལྷག་གིས་ས་གནས་དང་ཕྱོགས་ཡོངས་ཀྱི་རིགས་སོ་སོའི་ནད་པ་མང་ཚོགས་ལ་རོགས་རམ་བྱས་ཏེ་བདེ་སྣང་དང་སྐྱིད་སྣང་སྦྱིན།
གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།