བོད་ལུགས་གསོ་རིག་གི་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་ཁང་ཐོག་མ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-09-26
ཀློག་གྲངས།:
ཚེས23ཉིན་ཀྲུང་གོའི་བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་ཁང་ཐོག་མ་སྟེ། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་ཁང་དེ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་དངོས་སུ་སྒོ་ཕྱེ་བ་རེད།
མཚོ་སྔོན་སློབ་ཆེན་གྱི་བོད་ལུགས་གསོ་རིག་གི་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་ཁང་གིས་གྲུབ་པ་ལུས་ཀྱི་འབྱུང་ཁུངས་དང་རྒྱུན་མཐུད། མཇུག་སྒྲིལ་བཅས་འཁོར་རྟེན་དུ་བྱས་ཏེ། བོད་ལུགས་གསོ་རིག་གིས་གྲུབ་པ་ལུས་ལ་དམིགས་བསལ་གྱི་ཤེས་རྟོགས་བྱེད་པ་དང་། བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། བོད་ལུགས་གསོ་རིག་གི་གྲུབ་པ་ལུས་ཀྱི་ལག་ལེན་སློབ་ཁྲིད་ཀྱི་དགོས་མཁོ་དང་ཟུང་འབྲེལ་བཅས་བྱས་ཏེ། བོད་ལུགས་གསོ་རིག་གི་སྦྲུམ་རྟེན་དང་། དཔེ་བསྟན། གཤགས་བཅོས། དབང་པོ། རིགས་དབྱེ། འཆི་རྟགས་སོགས་སློབ་ཁྲིད་ཁུལ་9བཙུགས་ནས་གྲུབ་པ་ལུས་ཀྱི་གཤག་བཅོས་ཀྱི་དངོས་དཔེ200ལྷག་ཙམ་འགྲེམས་སྟོན་བྱས་ཡོད།
མཚོ་སྔོན་སློབ་ཆེན་གྱི་བོད་ལུགས་གསོ་རིག་སློབ་གླིང་གི་འགོ་འཛིན་ཀླུ་བྱམས་རྒྱལ་གྱིས་བོད་ལུགས་གསོ་རིག་ལ་ཧ་ཅང་ཕུན་སུམ་ཚོགས་པའི་གྲུབ་པ་ལུས་ཀྱི་སྐོར་གྱི་རྣམ་བཤད་དང་ཤེས་རྟོགས་མ་ལག་ཚུད་ཡོད་ལ། བོད་ལུགས་གསོ་རིག་གི་གྲུབ་པ་ལུས་ནི་བོད་ལུགས་གསོ་རིག་དང་བོད་སྨན་ཆེད་ལས་ཀྱི་སློབ་ཚན་གཙོ་བོ་ཞིག་ཡིན། འོན་ཀྱང་དེའི་གོང་ཀྲུང་གོར་བོད་ལུགས་གསོ་རིག་གི་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་ཁང་དང་ཆེད་ལས་མ་ལག་གི་བོད་ལུགས་གསོ་རིག་གི་གྲུབ་པ་ལུས་དངོས་སྦྱོང་སློབ་ཁྲིད་སྟེགས་བུ་མེད་ཅེས་གསུངས་པ་རེད།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་མིག་དམར་ལགས་ཀྱིས་བོད་ལུགས་གསོ་རིག་ལོ་མང་སྦྱངས་པ་དང་། ཁོང་གིས་ད་ཆ་ཀྲུང་གོར་དེང་རབས་གསོ་རིག་དང་ཀྲུང་ལུགས་གསོ་རིག་གི་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་ཁང་མང་པོ་ཡོད་པ་དང་། གསར་དུ་བསྐྲུན་པའི་བོད་ལུགས་གསོ་རིག་གི་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་ཁང་མཐོང་དུས་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་མུ་མཐུད་དུ་དོན་ལྔ་སྣོད་དྲུག་སོགས་ཀྱི་ཐད་རྒྱ་སྐྱེད་དེ་བོད་ལུགས་གསོ་རིག་གི་གྲུབ་པ་ལུས་ཀྱི་སློབ་ཁྲིད་ལ་ལས་སྟེགས་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་མ་ཅུན་གྱིས། བོད་ལུགས་གསོ་རིག་ནི་ནང་དོན་གཏིང་ཟབ་པ་དང་རྒྱ་ཆེ་ཁར་གྲུབ་པ་ལུས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ལྡན་པས། སླད་ཕྱིན་བོད་ལུགས་གསོ་རིག་གི་གྲུབ་པ་ལུས་ཀྱི་ལག་ལེན་དམར་ཁྲིད་ཁང་ལ་ཞིབ་འཇུག་བྱེད་པའི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པར་འཚོལ་ཞིབ་གཏིང་ཟབ་བྱས་ཏེ་བོད་ལུགས་གསོ་རིག་གི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
འབྲེལ་ཡོད་འོས་སྦྱོར།