རྩེ་ཁོག་རྫོང་བོད་སྨན་ཁང་གི་འཕེལ་རིམ་ལོ་རྒྱུས་རགས་བསྡུས།
རྩོམ་པ་པོ།:སྟོབས་ལྡན་རྒྱལ་གྱིས་བྲིས།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-11-02
ཀློག་གྲངས།:
དང་པོ། སྨན་ཁང་ཐོག་མར་བཙུགས་པའི་སྐོར།
རྩེ་ཁོག་རྫོང་བོད་སྨན་ཁང་ནི1975ལོའི་ཟླ10པའི་ཚེས13ཉིན་རང་རྫོང་གི་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་དངོས་སུ་ཆོག་མཆན་གནང་ཞིང་རྒྱབ་སྐྱོར་བླ་མེད་ཐོབ་འོག་སོ་ནག་ཐོད་མགོ་ཚོ་བའི་འཚོ་བྱེད་མཁས་དབང་བློ་བཟང་མཁས་བཙུན་དང་། སོ་ནག་རྔ་དཀར་ཚོ་བའི་འཚོ་བྱེད་བློ་བཟང་རྒྱ་མཚོ། རོང་བོ་མི་སྐྱ་ཚོ་བའི་སྨན་པ་བློ་བཟང་དར་རྒྱས། དཔྱི་སའི་འཚོ་བྱེད་དབང་པོ་དགེ་འདུན་བསམ་གཏན། ཧོར་ཕྱག་ལྷ་རྗེ་སྨན་བླ་སྐྱབས་སམ་བྷོ་བྷོ་སོགས་མི་སྣ་བརྒྱད་ཀྱིས་བྱ་དར་ཡུལ་ཚོའི་འཕྲོད་བསྟེན་སྨན་བཅོས་ཁང་གསར་དུ་བཙུགས། སྐབས་དེར་མཐུན་སྦྱོར་ཞན་པས་རས་གུར་ཕུབ་སྟེ་ནད་ལ་བརྟག་བཅོས་མཛད། རྩེ་ཁོག་རྫོང་དང་ཧོ་ནན་སོག་རྫོང་སོགས་ས་ཕྱོགས་མང་པོ་ནས་འོང་བའི་ནད་པ་མང་པོས་སྨན་ཁང་གི་ཉེ་འགྲམ་ཀུན་ནམ་རྒྱུན་གང་ཡོད་པའི་ཚུལ་ད་ལྟའང་ཀུན་གྱིས་གླེང་།གཉིས་པ། སྨན་ཁང་གི་དོན་ཆེན་ལོ་རྒྱུས་སྐོར།
རྗེ་འཇིགས་མེད་མཁས་གྲུབ་རྒྱ་མཚོ་ཚང་མཚན་འཛིན་སྨན་གཙོར་བཞུགས་པ་ནས་བཟུང་སྨན་ཁང་འདིར་བོད་ཀྱི་སྲོལ་རྒྱུན་སྨན་བཅོས་གཙོ་བོར་བཟུང་སྟེ་རྒྱུན་མཐོང་གི་ནད་དང་། ས་གནས་རང་བཞིན་གྱི་ནད། ལྷག་པར་མཆིན་མཁྲིས་ཀྱི་ནད། ཁྲག་འཕེལ་བའི་ནད། དྲེག་གྲུམ་གྱི་ནད། ཕོ་བའི་ནད། མཁལ་གྲང་གི་ནད་བཅས་ལ་གསོ་བཅོས་ཁྱད་པར་བ་མཛད་པས་དྲག་སྐྱེད་མངོན་གསལ་བྱུང་། ནད་པ་མང་དྲགས་ཏེ་རྩེ་རྫོང་མགྲོན་ཁང་དུ་མ་ཤོང་བར་སྐྱིད་པོ་རིའི་ཉེ་འདབས་སུ་སྦྲ་གུར་ཕུབ་ནས་སྡོད་པའི་ནད་པ་མང་པོ་བྱུང་།
དམ་པ་ཁོང་ཉིད་རྩེ་ཁོག་རྫོང་བོད་སྨན་ཁང་གི་དབུ་གཙོར་བཞུགས་པ་ནས་ད་བར་དུ་སྨན་ཁང་འདིའི་སྨན་གཙོ་རིམ་བྱོན་ནི་སྨན་པ་གཡུ་སྒྲོན་དང་སྒོམ་པ། ཁྲུང་ཁོ་རྒྱལ། བརྩེ་ལྡན་རྒྱལ་བཅས་ཡིན་ལ། མགོ་ཁྲིད་དེ་དག་གི་རིང་ལ་སྨན་ཁང་གི་འཕེལ་རྒྱས་ཕྱོགས་ནས་འགྱུར་ལྡོག་ཆེན་པོ་བྱུང་མེད་པ་དང་སྔོན་གྱི་ལག་ལེན་རྒྱུན་འཛིན་ཐད་ནས་ཀྱང་རེ་ཞིག་ཉམས་དམའ་བར་གྱུར།
ཕྱིས་སུ2014ལོ་ནས་བཟུང་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་སྨན་ཁང་འདི་ཉིད་ཡང་བསྐྱར་དག་སྒྲིག་མཛད་དེ་ཀླུ་ཚང་འབྲུག་རྩེ་རྒྱལ་ལགས་སྨན་གཙོར་བསྐོས། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཀུན་འགྲུབ་ལགས་ནས་རྒྱབ་སྐྱོར་བླ་མེད་གནང་བ་བརྒྱུད་སྨན་ཁང་གི་ཕྱིའི་འཛུགས་སྐྲུན་རྒྱ་བསྐྱེད་དེ་སྨན་ལུམས་ཐོག་ཁང་གསར་པ་བཙུགས་པ་དང་། དེ་དང་མཉམ་དུ་ཤེས་ལྡན་མི་སྣ་སྨན་གཙོ་གཞོན་པ་མགོན་པོ་དོན་འགྲུབ་དང་དཔའ་འབུམ་ཐར། དེ་མིན་ས་ཕྱོགས་འདིར་གྲགས་ཆེ་བའི་སྨན་པ་འཇིགས་མེད་བརྩོན་འགྲུས་དང་སྨན་པ་དཀོ་བྷེ། རང་གྲོལ། སྨན་པ་བྱམས་པ་བཅས་གདན་དྲངས་ནས་སྲོལ་རྒྱུན་གསོ་བཅོས་ལག་ལེན་རྒྱུན་འཛིན་དང་དར་སྤེལ་གནང་བར་མ་ཟད་ནད་པར་བརྟག་བཅོས་ཐད་ནུས་ཤུགས་གང་ཡོད་བཏོན་པས་སྨན་ཁང་འདི་ཉིད་ལ་སླར་ཡང་འཕེལ་རྒྱས་གསར་པ་བྱུང་།
2017ལོར་སྨན་གཙོ་མགོན་པོ་དོན་འགྲུབ་མཆོག་ནས་སྨན་ཁང་འདི་རུ་དཔལ་ལྡན་རྒྱུད་བཞི་ལས་སྦྱོང་བྱེད་ལས་ལྔའི་ལག་ལེན་གསར་དུ་སྤེལ་ནས་ནད་ཐོག་ཚན་ཁག་སོ་སོ་ནས་སྲོལ་རྒྱུན་གསོ་བཅོས་ཀྱི་རྨང་གཞིའི་སྟེང་བྱང་བ་བདུན་པ་དང་རྒྱ་རུ་དགུ་སྦྱོར་བཅས་ཀྱི་རྩ་སྦྱོང་། དུག་དབྱུང་ཨ་རུ་བརྒྱད་སྦྱོར། ཚ་ལའི་འཕྲུལ་བཤལ། ཨ་རུ་གསེར་བཤལ་དང་དེད་དཔོན་བཅུ་སྦྱོར་བཅས་ཀྱི་ལྟོ་སྦྱོང་། དེ་མིན་གནམ་ལྕགས་ཟིལ་བཤལ་བ་རྩ་ལྟོ་སྦྲགས་མའི་སྦྱོང་། སྣ་སྦྱོང་དང་མགོ་སྦྱོང་རིན་ཆེན་གཙུག་བཤལ། ནི་རུ་ཧ། འཇམ་རྩི་སོགས་ནད་ཐོག་ཚན་ཁག་སོ་སོ་ནས་རང་རྐྱ་འཕེར་བའི་ངང་རྒྱུན་འཛིན་དང་ལག་ལེན་བྱེད་ཐུབ་པ་བྱུང་།
2018ལོ་ནས་བཟུང་འཇིགས་མེད་བརྩོན་འགྲུས་མཆོག་ནས་སྨན་ཁང་གི་ལས་བཟོ་ཡོངས་ལ་མན་ངག་བཀའ་རྒྱ་མ་དང་མན་ངག་ལྷན་ཐབས། ལྷན་ཐབས་ལྡེ་མིག མན་ངག་བྱེ་བ་རིང་བསྲེལ་སོགས་ཀྱི་ལུང་རྒྱུན་བསྩལ་བ་དང་། ལོ་རེར་དབྱར་ཟླའི་དུས་ཚོད་ནང་ཉིན་གསུམ་ནས་བཞི་བར་སྨན་ངོ་ངོས་འཛིན་དུ་བསྐྱོད་ནས་ཡུལ་དངོས་ནས་སྨན་ངོ་རྒྱུགས་ལེན་བྱེད་པ། སྔོ་སྨན་བཏུས་པའི་གྲངས་ཁ་རྩིས་ལེན་བྱེད་པ་སོགས་སྲོལ་རྒྱུན་གྱི་བྱེད་སྒོ་སྣ་ཚོགས་པ་སླར་གསོ་བྱས། དེ་མིན་སྨན་པ་བྱམས་པ་དང་དཀོ་བྷེ་སོགས་ནས་རྩ་ཆུ་མདོ་དང་མོ་ནད་སྐོར་གྱི་ནད་ཐོག་ཉམས་མྱོང་ཐད་ལ་སློབ་ཁྲིད་མང་དུ་རྩ་འཛུགས་བྱས་པ་དང་། རིམ་པ་གོང་མའི་སྨན་ཁང་དུ་སློབ་སྦྱོང་ལ་མངགས་པ་བཅས་མདོར་ན་སྨན་ཁང་གི་ལས་བྱེད་མི་སྣའི་ཤེས་ཡོན་མཐོར་འདེགས་སུ་བཏང་། སྤྱི་ལོ2018ལོ་ནས་བཟུང་སྨན་པ་འགྱུར་མེད་དང་སྨན་པ་རང་གྲོལ་གཉིས་ཀྱང་སྨན་ཁང་དུ་གདན་དྲངས་ནས་སྨན་པ་རྒན་པའི་ལག་ལེན་རྒྱུན་འཛིན་དང་ན་གཞོན་སྨན་པ་མང་པོའི་ཤེས་ཡོན་མཐོར་འདེགས་གནང་བ་དང་། ད་དུང2018ལོར་རྫོང་རིམ་པའི་རྒྱབ་སྐྱོར་འོག་སྨན་རྩལ་ཐོག་ཁང་དང་སྨན་སྦྱོར་ལྟེ་གནས་གཉིས་ལ་མ་དངུལ་འབོར་ཆེན་བཏང་ནས་གསར་འཛུགས་མཛད་དེ། ཀླད་སྙིང་ཚན་ཁག་དང་ནད་མེད་ཚེ་བསྲིང་ཚན་ཁག ཚོགས་འདུ་ཁང་དང་དཔེ་མཛོད་ཁང་སོགས་གསར་དུ་བསྐྲུན་ནས་གཞི་རྒྱ་ཆེ་བར་བཏང་།
2020ལོར་བོད་ཀྱི་གསོ་རིག་ལོ་རྒྱུས་སྟེང་གྲགས་ཆེ་བའི་རྒན་བསྟན་འཛིན་བཀྲ་ཤིས་ཚང་གདན་ཞུ་བྱས་ཏེ་སྨན་རྩིས་སློབ་དཔོན་ཆེན་མོ་མཁྱེན་རབ་ནོར་བུས་མཛད་པའི་བདུད་རྩི་སྔོ་ཁྲོག་སྨན་གྱི་འཁྲུངས་དཔེ་རྒྱས་པ་དང་བསྡུས་པ། གཡུ་ཐོག་ཤོག་དྲིལ་སྐོར་གསུམ་གྱི་མ་བུ་དོན་བསྡེབས་སུ་བཀོད་པ། སྣ་ཚོགས་མན་ངག་ཉེར་ལྔ་བརྒྱ་རྩ་འཆི་མེད་བདུད་རྩི་ཤེལ་དཀར་ཕྲེང་བ་མཁས་མང་ཡོངས་ཀྱི་མགུལ་རྒྱན་བཅས་ཀྱི་ལུང་རྒྱུན་བསྩལ། དེ་ལྟར་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་དང་སྨན་གཙོ་དག་གི་ཞུམ་མེད་ཀྱི་སྤོབས་པ། ལས་གྲོགས་ལྷན་རྒྱས་ཀྱི་མཐུན་སྒྲིལ་གྱི་དཔུང་རྡང་གཅིག་ཏུ་སྦྲེལ་ནས་མདུན་དུ་བསྐྱོད་པ་ལས་འཕེལ་རྒྱས་ཀྱི་གོམ་སྟབས་སྔ་ན་མེད་པ་ཞིག་སྤོས་ཏེ་ཞིང་ཆེན་ཡོངས་ནས་སྔོན་ཐོན་དཔེ་ལེགས་ཀྱི་ལས་ཁུངས་ཤིག་ཏུ་གྱུར།
དེ་མིན2021ལོར་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་གི་སྔོན་ཐོན་མིག་དཔེ་རུ་བདམས་ཐོན་བྱུང་བས་ཁུལ་དང་རྫོང་རིམ་པ་ནས་ཀྱང་བསྔགས་བརྗོད་གང་མང་གནང་།
2021ལོར་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་རྒན་དགའ་བའི་རྡོ་རྗེ་ཚང་གདན་ཞུ་བྱས་ཏེ་ཤེལ་གོང་ཤེལ་ཕྲེང་དང་དེའུ་དམར་ལག་ལེན་གཅེས་བཏུས་ཀུན་གསལ་སྣང་མཛོད་གཉིས་ཀྱི་ལུང་གནང་བ་དང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་སྟ་གོན་ཐད་ལ་མཛུབ་སྟོན་དང་བཀའ་སྟོན་གནང་། དེ་དང་ལྷན་དུ་ཁུལ་བོད་སྨན་ཁང་གི་སྨན་པ་མཁའ་བྱམས་རྒྱལ་ལགས་གདན་དྲངས་ནས་ལག་ལེན་དངོས་ལ་མཛུབ་སྟོན་གནང་སྟེ། རྩེ་ཁོག་རྫོང་བོད་སྨན་ཁང་གི་ལོ་རྒྱུས་སྟེང་ཐོག་དང་པོར་དངུལ་ཆུ་བཙོ་བཀྲུའི་ལག་ལེན་སྤེལ། དེ་ནི་སྨན་ཁང་གི་ལོ་རྒྱུས་སྟེང་གི་འཕེལ་རིམ་གསར་པ་ཞིག་ཡིན་པ་སྨོས་མེད་རེད།གསུམ་པ། གཙོ་གནད་ཚན་ཁག་ངོ་སྤྲོད།
སྨན་ལུམས་ཚན་ཁག་ནི2015ལོར་བཙུགས་ཤིང་། 2019ལོའི་ཟླ11པར་ཞིང་ཆེན་རིམ་པའི་གཙོ་གནད་ཚན་ཁག་ཏུ་བདམས། ཚན་ཁག་ནང་བསྡོམས་པས་མི15ཡོད་ལ། དེའི་ནང་ཆེད་མཁས་སྨན་པ་གྲགས་ཅན་གཅིག་དང་། འབུམ་རམས་གཞོན་པ་གཅིག རབ་འབྱམས་ཞིབ་འཇུག་སློབ་མ་གཅིག རབ་འབྱམས་སྨན་པ་གཅིག དཀའ་བཅུ་བ་གསུམ། བསྡུས་ར་བ་གཉིས། སྨན་ཞབས་པ་དྲུག་བཅས་ཡོད། ཉེ་ལམ་བཀོལ་སྤྱོད་བྱེད་བཞིན་པའི་མལ་ཁྲི26དང་། གཙོ་བཅོས་ནད་གཞི་གཙོ་བོ་མཁལ་འགྲམས་སྟོད་བྱེར། བར་རྒྱས། སྨད་ལྷུང་། ཚ་གྲུམ། གྲང་གྲུམ། རྩ་དཀར་ནད། པགས་ནད། སྨད་སྲིན་བཅས་ལ་ཐུན་མོང་མ་ཡིན་པའི་གསོ་བཅོས་ཕན་འབྲས་མངོན་གསལ་ཐོན་གྱིན་ཡོད།
དཔྱད་བཅོས་ཚན་ཁག་ནི2016ལོར་འབྲེལ་ཡོད་ལས་ཁུངས་དང་རང་སྨན་ཁང་གི་བཀོད་སྒྲིག་ལྟར་གསར་དུ་བཙུགས་ཤིང། ད་ལྟ་ལས་བཟོ་བ10ཡོད་པ་དང། དེའི་ཁྲོད་སྨན་པ་དང་སྨན་ཞབས་བཀའ་བཅུ་བ2། བསྡུས་ར་བ8དང་། ཆེད་ལས་སྨན་ཞབས་མི་སྣ3། མལ་ཁྲི25བཅས་ཡོད་ཅིང་། མིག་སྔར་ང་ཚོས་རྒྱུན་སྤྱོད་བྱེད་བཞིན་པ་ནི་གཏར་སྲེག་དུགས་ལུམས་བྱུག་པ་བཅས་ཀྱི་ལག་ལེན་གཙོ་བྱས་ནད་བབ་དང་བསྟུན་ནས་གསོ་བྱའི་ལུས་ཀྱི་ཕྱི་ནང་གི་ན་ཟུག་ཞི་བར་བྱེད་པའི་སྲོལ་རྒྱུན་གསོ་ཐབས་མང་པོ་ཞིག་གིས་གསོ་བཅོས་བྱེད་བཞིན་ཡོད་ལ། ལྷག་པར་ཁྱད་ལྡན་གསོ་བཅོས་རྡོ་རྗེ་དབྱུག་བཅོས། དཀར་གོང་སྲིན་ཅན། བདུད་རྩི་ཆབ་ཚན་ཅུར་ནིས་ཀྱི་རྐང་ཁྲུས། བྱེ་མའི་ལུམས། དངུལ་ཁབ། སྤྲ་ཚིལ་གྱི་དུགས་བཅས་དང་གཞན་རྭ་འཇིབ་དང་ཚ་ཐུར། གསེར་དངུལ་གྱི་ཏེལ་བའི་རིགས་བཅས་ལག་ལེན་ཏུ་བསྟར་ནས་རྩ་དཀར་དང་ཏྲེམ་ནད། རླུང་ནད་དཔུང་འཇའ་དང་རླུང་གྲིབ་ཀྱི་ནད། མཁལ་འགྲམས་དང་མཁལ་གྲུམ་གྱི་ནད། དྲེག་ནད། བད་རླུང་མགོ་འཁོར། གཟའ་གདོན། རུས་ལྷག་གམ་རུས་འཕེལ་གྱི་ནད་སོགས་ད་ལྟ་འབྱུང་མང་ལ་བཅོས་རྡུགས་པའི་ནད་གཞི་འདི་རྣམས་ལ་ཐུན་མོང་མ་ཡིན་པའི་གསོ་བཅོས་ཀྱི་གདེང་ཐོབ་ལ་འགྲོ་བ་ནད་པ་རྣམས་ཀྱིས་དགའ་བསུ་བྱས་དང་བྱེད་མུས་སུ་མཆིས།
བཞི། སྨན་ཁང་གི་རྒྱ་ཁྱོན་དང་ནད་ཁང་གི་སྒྲིག་གཞི། ལས་བྱེད་མི་སྣ། ལོ་རེའི་ཡོང་འབབ་སོགས་ཀྱི་སྐོར།1975ལོར་སྨན་ཁང་འདིར་ལས་བཟོ་བ8དང་སྨན་ཁང་གི་སྤྱིའི་འཛུགས་སྐྲུན་ཐད་ནས་སྨན་པའི་གཞུང་ལས་ཁང1དང་ནད་ཁང6། སྨན་སྦྱོར་ཁང་བཅས་ལས་མེད།
2014ལོར་སྨན་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ840ཡོད། མལ་ཁྲི6དང་ལས་བཟོ་བ17ནད་ཐོག་ཚན་ཁག་ཐད་སྤྱི་འདུས་ཁོང་ནད་ཚན་ཁག སྒོ་བསྟེན་ཚན་ཁག བརྟག་དཔྱད་ཚན་ཁག་བཅས3ཡོད་ལ་སྨན་ཁང་གི་སྤྱིའི་ཡོང་འབབ་སྒོར་ཁྲི7དང་། སྒོ་བསྟེན་ནད་པ270དང་ཞག་སྡོད་ནད་པ33ལ་བུད།
2016ལོར་སྨན་ཁང་གི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ7440རུ་འཕར་ཞིང་། སྨན་ལུམས་ཐོག་ཁང་གསར་པ་སྒོ་འབྱེད་གནང་། ལས་བཟོ་བ29དང་གནས་སྐབས་ལས་བཟོ་བ68བཅས་ཡོད། མལ་ཁྲི91ཡོད། ཚན་ཁག་ཐད་ནས་ཁོང་ནད་ཚན་ཁག སྨན་ལུམས་ཚན་ཁག མོ་ནད་ཚན་ཁག དཔྱད་བཅོས་ཚན་ཁག སྒོ་བསྟེན་ཚན་ཁག ནད་སྐྱོང་པུའུ། བརྟག་དཔྱད་ཚན་ཁག སྨན་སྦྱོར་ཚན་ཁག་བཅས་ཡོད། ལོ་གཅིག་གི་ཞག་སྡོད་ནད་པའི་ཁ་གྲངས་ནི1271དང་ཡོང་འབབ་སྒོར་ཁྲི560། སྒོ་བསྟེན་ནད་པ18430ལ་སླེབས།
2020ལོར་སྨན་རྩལ་ཐོག་ཁང་གསར་པ་དང་སྨན་སྦྱོར་ལྟེ་གནས་གཉིས་ཀྱི་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་། ལས་བཟོ་བ38དང་གནས་སྐབས་ལས་བཟོ་བ124། གདན་ཞུའི་ཆེད་མཁས་པ5། མལ་ཁྲི130ཡོད། ནད་ཐོག་ཚན་ཁག་ལ་སྨན་ལུམས་ཚན་ཁག་དང་དཔྱད་བཅོས་ཚན་ཁག་བཅས་ཚན་ཁག10དང་། སྒོ་བསྟེན་ནད་པ21693ཡོད། ཡོང་འབབ་སྒོར་ཁྲི180། ཞག་སྡོད་ནད་པ1964ཡོད་པ་དང་སྤྱིའི་ཡོང་འབབ་སྒོར་ཁྲི1009ལ་སླེབས།2022ལོར་སླེབས་དུས་སྔོན་གྱི2014ལོའི་སྨན་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ840དང་། མལ་ཁྲི6དང་ལས་བཟོ་བ17དང་། སྨན་ཁང་གི་སྤྱིའི་ཡོང་འབབ་སྒོར་ཁྲི7དང་སྒོ་བསྟེན་ནད་པ270དང་ཞག་སྡོད་ནད་པ33བཅས་ནས། ད་ལྟའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ26000དང་། ལས་བཟོ་བ38དང་གནས་སྐབས་ལས་བཟོ་བ151། མལ་ཁྲི185ཡོད། སྨན་ཁང་གི་སྒོ་བསྟེན་ནད་པ24011དང་ཡོང་འབབ་སྒོར་ཁྲི216.5། ཞག་སྡོད་ནད་པ2013ཡོད་པ་དང་ཡོང་འབབ་སྒོར་ཁྲི1063.5བཅས་སྤྱིའི་ཡོང་འབབ་སྒོར་ཁྲི1280ལ་སླེབས་པ་སོགས་ལོ་རྒྱུས་ཀྱི་འཕེལ་རིམ་གསར་པ་ཞིག་ལ་སླེབས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།