བློ་བཟང་བསོད་ནམས་ཀྱིས་སྲོལ་རྒྱུན་བོད་ལུགས་གསོ་རིག་དང་དེང་རབས་གསོ་རིག་ཕན་ཚུན་མཉམ་འདྲེས་ཐུབ་ཡོད་ཟེར།
རྩོམ་པ་པོ།:བསོད་ནམས་འཚོས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2024-11-08
ཀློག་གྲངས།:
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རི་དུང་ཞང་དུ་ཡོད་པའི་རི་དུང་སྨན་རྩིས་ཁང་ནི་སྤོམ་ལུང་བོད་ལུགས་གསོ་རིག་གི་རྒྱུན་འཛིན་པ་མི་རབས་བརྒྱད་པ་དྲང་སྲོང་གིས1971ལོར་བཙུགས་པ་ཞིག་རེད། 2010ལོར་རི་དུང་གི“སྤོམ་ལུང་ཁྱད་ལྡན་བོད་ལུགས་གསོ་རིག”དེ་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལ་གཏན་འཁེལ་བྱས།
བློ་བཟང་བསོད་ནམས་ཀྱིས་གསར་འགོད་པར་བོད་ལུགས་གསོ་རིག་གི་འབྲེལ་ཡོད་ཤེས་བྱ་མཚམས་སྦྱོར་བྱེད་བཞིན་པ།
དྲང་སྲོང་གི་བུའམ་སྤོམ་ལུང་བོད་ལུགས་གསོ་རིག་གི་རྒྱུན་འཛིན་པ་མི་རབས་དགུ་པ་བློ་བཟང་བསོད་ནམས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། རི་དུང་བོད་སྨན་བཟོ་གྲྭ་ནི1995ལོར་བཙུགས་པ་དང་། ད་ལྟ་རྒྱལ་ཁབ་ཀྱིས་ཆོག་མཆན་བཀོད་པའི་སྨན་རྫས་རིགས་སྣ15ཡོད་ཅིང་། དེའི་ཁྲོད་སྨན་རྫས་རིགས3རྒྱལ་ཁབ་ཀྱི་ཀྲུང་ལུགས་སྨན་རྫས་སྲུང་སྐྱོང་གི་གྲས་སུ་བཞག་ཡོད་ལ། སྨན་རྫས་རིགས2བོད་རང་སྐྱོང་ལྗོངས་ཀྱི་སྨན་རྫས་སྤུས་ལེགས་ནང་བཅུག་ཡོད། བཟོ་གྲྭ་བཙུགས་ནས་ད་ལྟའི་བར་དུ། རི་དུང་བོད་སྨན་བཟོ་གྲྭས་རང་སའི་འབངས་མི་སེར་ལ་རིན་མེད་སྒོས་སྨན་སྦྱིན་གཏོང་གི་ཡོད་ཟེར།
རི་དུང་བོད་སྨན་བཟོ་གྲྭའི་འཁོར་ཁང་གི་ཟུར་ཞིག
འགྲེམ་སྟོན་ཁང་དུ། བློ་བཟང་བསོད་ནམས་ཀྱིས་ཐང་ག་བསྟན་ནས་གསར་འགོད་པར་བོད་ལུགས་གསོ་རིག་གི་འབྲེལ་ཡོད་ཤེས་བྱ་མཚམས་སྦྱོར་བྱས། བོད་ལུགས་གསོ་རིག་ཁྲོད་གནའ་སྔ་མོ་ནས་མིའི་སྦྲུམ་རྟེན་གྱི་འཚར་སྐྱེ་ཐད་ངོས་འཛིན་གསལ་བོ་ཞིག་བྱུང་ཡོད་དེ། ཉིན7པར་སྦྲུམ་རྟེན་གང་འདྲ་ཞིག་ཆགས་ཡོད་པ་དང་། དེ་ནས་ཉིན10དང་ཟླ་ངོ་གཅིག་འགོར་རྗེས་གང་འདྲ་ཆགས་ཡོད་པ་སོགས་གསལ་བོར་ངོས་འཛིན་གྱི་ཡོད།
བོད་ལུགས་གསོ་རིག་གི་ཐང་ག
བློ་བཟང་བསོད་ནམས་ཀྱིས་མཚམས་སྦྱོར་བྱས་དོན། བོད་ལུགས་གསོ་རིག་གིས་རླུང་མཁྲིས་བད་གསུམ་གཙོར་འཛིན་པ་དང་། བཟའ་བཏུང་སྤྱོད་གསུམ་ནི་དེ་གསུམ་དོ་སྙོམ་དང་རྒྱུན་ལྡན་ཡོང་བའི་རྒྱུ་གལ་ཆེན་དུ་སྨྲ་ལ། སྨན་པ་ཉམས་མྱོང་ཅན་ཞིག་གིས་ནད་པའི་གདོང་དང་གོམ་པའི་འདེགས་འཇོག་སོགས་ལ་བལྟས་ནས་དེའི་ནད་རྟགས་ཁ་ཤས་ཤེས་ཐུབ་ཟེར།
རི་དུང་བོད་སྨན་བཟོ་གྲྭ།
བློ་བཟང་བསོད་ནམས་ཀྱིས་བཤད་རྒྱུར། བོད་ལུགས་གསོ་རིག་གིས་ནད་རིགས་སྔོན་འགོག་དང་གསོ་བཅོས་ཐད་ནས་བཟའ་བཏུང་སྤྱོད་གསུམ་དང་སྨན་རྫས། གཤགས་བཅོས་བཅས་ཟུང་འབྲེལ་བྱས་པས། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་གསོ་རིག་མ་ལག་ཅིག་ཆགས་ཡོད་པར་མ་ཟད། དེང་རབས་གསོ་རིག་དང་མཉམ་འདྲེས་ཐུབ་ཡོད་པས། རང་རྒྱལ་གྱི་གསོ་རིག་བང་མཛོད་ཁྲོད་ཀྱི་མུ་ཏིག་རྡོག་གཅིག་ཏུ་གྱུར་ཡོད་ཟེར། །
འབྲེལ་ཡོད་འོས་སྦྱོར།