logo

བོད་ཀྱི་གསོ་རིག་རྒྱུན་འཛིན་དང་གསར་གཏོད་ཆེད་མཁས་བགྲོ་གླེང་ཚོགས་འདུ་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-12-13 ཀློག་གྲངས།:

     སྤྱི་ཟླ12པའི་ཚེས7ནས་ཚེས9བར། སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་བསྡུར་དཔྱོད་ཀྱི་སྐབས་དྲུག་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་ཆེན་གྱི་བོད་ཀྱི་གསོ་རིག་རྒྱུན་འཛིན་དང་གསར་གཏོད་ཆེད་མཁས་བགྲོ་གླེང་ཚོགས་འདུ་དེ་ཀོང་ཞི་ནན་ཉིན་ནས་ཚོགས། ཐེངས་འདིའི་ཚོགས་འདུའི་སྟེང་བོད་ལྫོངས་དང་མཚོ་སྔོན། ཀན་སུའུ། ཟི་ཁྲོན། ཧ་ཨར་པིན། པེ་ཅིན་སོགས་ལྫོངས་ཞིང་དང་གྲོང་ཁྱེར་ཁག་ནས་ཕེབས་པའི་བོད་ལུགས་གསོ་རིག་གི་མི་སྣ་དྲུག་ཅུར་ཉེ་བ་ཞིག་ཚོགས་འདུར་ཞུགས།

     ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡུན་ལྷན་ཁང་གི་འཇིགས་སྟོབས་ཀྲུའུ་རིན་གྱིས་ཚོགས་འདུའི་མཛད་སྒོའི་གཏམ་བཤད་གནང་། ཁོང་གིས་གསུངས་རྒྱུར། ཉེ་དུས་བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་གནས་བབས་ལེགས་ཤིང་ལྷག་དོན་ཀྲུང་ལུགས་གསོ་རིག་གི་ཁྲིམས་ལུགས་སོགས་ཁྱབ་བསྒྲགས་བྱས་པའི་སྲིད་ཇུས་བཟང་བོའི་གོ་སྐབས་འདིར་བསྟེན་ནས་བོད་ཀྱི་གསོ་རིག་ལས་དོན་པ་རྣམས་རྡོག་རྩ་གཅིག་སྒྲིལ་དང་དཔུང་པ་མཉམ་གཤིབས་གྱིས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བོད་ཀྱི་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ལ་འབད་འབུངས་བྱེད་དགོས་པའི་བླངས་བྱ་བཏོན། དེའི་རྗེས་སུ་གསེར་རྟ་བླ་རུང་གི་མཁན་པོ་ཆོས་ཀྱི་ཤེས་རབ་གྱིས་དཔལ་ལྡན་རྒྱུད་བཞིའི་དགོངས་པ་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་གྲོས་འདེབས་དང་། མགོ་ལོག་གི་ཆེད་མཁས་སྨན་པ་གཡང་དར་གྱིས་བོད་སྨན་འཕེལ་རྒྱས་ཀྱི་འགག་རྩ། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཀརྨ་ཚོགས་གཉིས་ཀྱིས་བོད་ལུགས་སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་གི་ཁྱད་པར། བོད་ལྗོངས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་མིང་སྐྱིད་མཚོ་མོས་བོད་ཀྱི་གསོ་རིག་གི་ལུས་ཁམས་བདེ་ཐང་གི་གནས་ཚུལ་རྟོགས་ཞིབ་ཀྱི་ཐབས་ལམ་ངོ་སྤྲོད། ཟི་ཁྲོན་ཞིང་ཆེན་གྱི་དངུལ་ཁབ་ཆེད་མཁས་པ་གླིང་བ་བྱང་རིག་ཁོས་དངུལ་ཁབ་རིག་པས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་གསོ་ཚུལ་མདོར་ཙམ། ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་བོད་སྨན་ཁང་གི་སྨན་རམས་པ་ལྷ་མོ་སྐྱིད་གྱིས་ཏུན་ཧོང་ཤོག་དྲིལ་དང་སོ་མ་ར་ཛྰ་ཁྲོད་ཀྱི་མེ་དམིགས་བསྡུར་དཔྱོད། པེ་ཅིན་བོད་སྨན་ཁང་གི་སྨན་རམས་པ་ལྕགས་ཐར་རྒྱལ་གྱིས་བོད་གསོ་བརྟག་པ་ཆུ་སོགས་གསོ་རིག་ཆེད་མཁས་རྣམས་ཀྱིས་གནའ་དེང་གསོ་རིག་གི་བསྡུར་དཔྱོད་ཞིབ་འཇུག་དང་། ཚན་རིག་ཞིབ་འཇུག་གི་འབྲས་བུ་གསར་བ། གསོ་རིག་བརྟག་བཅོས་ཀྱི་མན་ངག་ཟབ་མོ། རྒྱུན་མཐོང་ནད་རིགས་ཀྱི་འགོག་བཅོས་མྱོང་བྱང་། མ་འོངས་འཕེལ་རྒྱས་ཀྱི་གྲོས་གཞི་གསར་བ་སོགས་ཀྱི་ཐད་ནས་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱིས་ཚུལ་དུ་བགྲོ་གླེང་རྒྱ་ཆེར་མཛད།

     མཇུག་མཐར་མགོ་ལོག་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་གསང་བདག་ཚེ་རིང་གིས་ཚོགས་འདུའི་གཙོ་སྒྲུབ་ལས་ཁུངས་མགོ་ལོག་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡུན་ལྷན་ཁང་། མགོ་ལོག་ཧི་མ་ལ་ཡ་བོད་ཀྱི་གསོ་རིག་ཞིབ་འཇུག་ཚོགས་པ། མགོ་ལོག་ཁུལ་བོད་སྨན་ཁང་གིས་ཚབ་བྱས་ཏེ་ཚོགས་འདུར་ཕྱོགས་བསྡོམས་མཛད། ཁོས་ཐོག་མར་གཙོ་སྒྲུབ་ལས་ཁུངས་གསུམ་གྱིས་ཚབ་བྱས་ཏེ་ཐེངས་འདིའི་ཚོགས་འདུར་ཕེབས་པའི་མཁས་པ་དང་ཚོགས་ཞུགས་མི་སྣས་ལམ་ཐག་རིང་བོའི་ངལ་བར་མ་འཛེམས་པར་ཚོགས་འདུར་ཕེབས་པར་བཀའ་དྲིན་ཞུ་བ་དང་། ཆེད་མཁས་དག་གིས་བོད་ཀྱི་གསོ་རིག་རྒྱུན་འཛིན་དང་གསར་གཏོད་སྲོག་ཤིང་ལ་བཟུང་ནས་དཔྱད་བརྗོད་དང་བགྲོ་གླེང་ཕུན་སུམ་ཚོགས་པ་གནང་སྟེ་གསོ་རིག་རིག་གཞུང་བརྗེ་རེས་དང་ལས་དོན་འཕེལ་རྒྱས་ཀྱི་ཐད་དུ་ནུས་པ་བླ་ལྷག་ཐོན་པ། ཚོགས་འདུ་བརྒྱུད་ཕྱོགས་རིགས་ཀྱི་ལྷ་རྗེ་དག་ཕན་ཚུན་ངོ་ཤེས་དང་གྲོགས་པོར་ཆགས་པ། སླད་མར་ཡང་གསོ་རིག་ཆེད་མཁས་རྣམས་ཀྱིས་མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་བ་དང་བཅས་རྒྱལ་ཁའི་ངང་ཚོགས་འདུ་མཇུག་སྒྲིལ་ལོ། །


འབྲེལ་ཡོད་འོས་སྦྱོར།