བོད་ལུགས་གསོ་རིག་གི་ལྕེའི་བརྟག་ཚུལ་གྱི་སྔོན་འགྲོ་དང་བརྟག་པའི་དུས་ཀྱི་ཐོག་མའི་དཔྱད་གླེང་།
ནང་དོན་གནད་བསྡུས། ནད་པའི་བྱ་བ་གཞི་བརྟག་གསོ་གསུམ་ལས་ནད་གཞིར་བརྟག་པའི་སྔ་ཉིན་ནས་ཟས་སྤྱོད་ཀྱི་སྤང་བླང་ལ་དོ་སྣང་བྱེད་རྒྱུ་དང་དུས་ངེས་པ་ཅན་ལ་བརྟག་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན། དེ་ནི་ནད་གཞི་ཡང་དག་པར་ངོས་འཛིན་ཐུབ་མིན་དང་གསོ་བཅོས་ཕན་སྐྱེད་ཡོང་མིན་གྱི་གནད་འགག་ཅིག་ཡིན། རྩ་ཆུར་བརྟག་སྐབས་ཀྱི་སྔོན་འགྲོ་དང་དུས་ངེས་ པ་ཅན་སོགས་དཔལ་ལྡན་རྒྱུད་བཞི་དང་ཉམས་ཡིག་སོགས་སུ་ཡང་ནས་བསྐྱར་དུ་ཁ་གསལ་བོར་གསུངས་ཡོད། ཡིན་ན་ཡང་བལྟ་བའི་བརྟག་ཐབས་ཀྱི་ཡ་གྱལ་ལྕེའི་བརྟག་ཚུལ་འདིར་སྔོན་འགྲོ་གང་དགོས་དང་དུས་ནམ་ལ་བརྟག་དགོས་པ་སོགས་སྔོན་གྱི་གཞུང་གང་ནས་ཀྱང་མ་མཐོང་བས་འདིར་དེའི་ཐད་ནས་རང་གི་མྱོང་ཚོར་འགའ་གྲོས་འདེབས་ཀྱི་ཚུལ་དུ་བཀོད་ཡོད།
གནད་ཚིག ལྕེའི་བརྟག་ཚུལ། སྔོན་འགྲོ། བརྟག་དུས།
ས་བཅད་དང་པོ། ལྕེ་ལ་བརྟག་པའི་དགོས་པ་མདོ་ཙམ་བཤད་པ།
བོད་ལུགས་གསོ་རིག་གི་ལྕེའི་བརྟག་ཚུལ་ནི་དེང་རབས་གསོ་རིག་གི་བརྟག་ཐབས་ལྟར་འཕྲུལ་ཆས་དང་ཆེད་ལས་ཀྱི་མི་སྣ་མེད་ན་བརྟག་མི་ཐུབ་པ་ཞིག་མ་ཡིན་པར་ལག་ལེན་སྟབས་བདེ་ལ་འགྲོ་གྲོན་མེད་པ། སྨན་པ་དང་ནད་པ། ནད་གཡོག་སོགས་ཀྱིས་གང་ས་གང་ནས་བརྟག་ཆོག་པའི་བརྟག་ཐབས་ཁྱད་དུ་འཕགས་པ་ཞིག་ཡིན། དེས་ན་བོད་ལུགས་གསོ་རིག་གི་གཞུང་དུ་ལྕེ་ལ་བརྟག་དགོས་པའི་རྒྱུ་མཚན་ཅི་ཡིན། གཞུང་ལུགས་ཀྱི་རྒྱབ་རྟེན་གང་ཡོད་ཅེ་ན།
གཅིག ལྕེ་ནི་ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་དང་འབྲེལ་འདུག
དབང་བོ་ལྔའི་ཡ་གྱལ་ལྕེ་དང་ཀླད་པའི་བར་གྱི་རོ་བཀྲའི་འབྲེལ་ཚུལ་རགས་ཙམ་བརྗོད་ན། དེ་ཡང་བཤད་པ་སྐུ་ཡི་རྒྱུད་དུ། དབང་བོ་ཡུལ་ལ་འཆར་བར་བྱེད་པའི་རྩ། །ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། ། ཞེས་དབང་པོ་མིག་དང་རྣ། སྣ། ལྕེ། ལུས་བཅས་ལྔ་ལ་རང་རང་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་བཅས་གསལ་བར་འཆར་ཞིང་ཚོར་བར་བྱེད་པའི་རྩ་ནི་ཀླད་པ་རྩ་དཀར་གྱི་རྒྱ་མཚོར་གནས་འདུག་ཅེས་པ་དེ་དང་ནུབ་ལུགས་གསོ་རིག་གི་འདོད་ཚུལ་གཉིས་མ་གྲོས་གཅིག་མཐུན་དུ་གྱུར་འདུག སྐབས་བབས་ཀྱི་བརྗོད་བྱ་ལྕེའི་དབང་བོས་རང་གི་ཡུལ་གསལ་བར་འཛིན་ཅིང་ཚོར་བར་བྱེད་པའི་རྩ་དེ་རོ་བཀྲའི་སྟེང་ན་ངོས་འཛིན་བྱ་རྒྱུ་ཡོད་དམ་ཞེ་ན། ཆ་ལག་བཅོ་བརྒྱད་དུ། དབང་པོ་སྒོ་ལྔའི་ཡུལ་འཆར་བར་བྱེད་པའི་རྩ་སུམ་མདོ་རིས་བྱ་བ་ ཀླད་པ་ལ་བརྟེན་ཏེ་རྐན་གྱི་སྒོ་ན་གནས་པའོ། །དེ་ལ་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ནས་ཡུལ་གཟུགས་སྒྲ་དྲི་རོ་བཞི་འཛིན་པས་རྗེས་སུ་འཛིན་པའོ། །ཞེས་གསུངས་པ་དང་།བྱང་བ་རྣམ་རྒྱལ་གྲགས་བཟང་གི་བཤད་རྒྱུད་ཀྱི་འགྲེལ་བ་བདུད་རྩིའི་ཆུ་རྒྱུན་དུ། སྲོག་རྩ་མགོ་བོ་ལ་སོང་བ་ལས་མིག་གི་རྩ་ཆགས། དེ་ལ་བརྟེན་ནས་ཀླད་པ་ཆགས། དེ་ལ་བརྟེན་ནས་དབང་བོ་ཡུལ་ལ་འཆར་བར་བྱེད་པའི་རྩ་སུམ་མདོ་རུས་ཞེས་བྱ་བ་ཀླད་པ་ལ་སྲིད་ དེ། རྐན་གྱི་སྒོ་ན་གནས་པ་སྟེ་རྩ་ཕྲན་ལྔ་བརྒྱས་བསྐོར་ནས་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་རྗེས་སུ་འཛིན་པར་བྱེད་དོ། །ཞེས་གསུངས་པས་རྩ་སུམ་མདོ་རིས་ནི་དབང་པོ་མིག་རྣ་སྣ་ལྕེ་ལུས་བཅས་ཀྱི་རང་རང་གི་ཡུལ་འཆར་བར་བྱེད་པའི་རྩ་ཡིན་པས་ན་ལྕེ་ཡིས་རོ་མྱོང་བར་བྱེད་པའི་རྩ་ཡང་སུམ་མདོ་རིས་ཡིན་པ་ཤུགས་ཀྱིས་གོ་ཐུབ། འདོམ་རྩ་སུམ་མདོ་རུས་ཞེས་པ་འདི་མཁན་པོ་ཁྲོ་རུ་ཚེ་རྣམ་གྱི་དྲང་སྲོང་ཞལ་ལུང་གི་དེབ་ལྔ་བའི་བར་བཅུག་རི་མོར་ནུབ་ལུགས་གསོ་རིག་གི་གསུམ་བསྣོལ་དབང་རྩ(三叉神经)ཞེས་པ་དེར་ངོས་འཛིན་བྱས་ཡོད། རོ་བཀྲའི་སྟེང་ནས་བལྟོས་ན། དབང་རྩ་འདི་ཀླད་པའི་རྗེ་ཞབས་ཀྱི་སྟེང་ནས་བྱུང་ལ་རྐན་གྱི་སྒོ་ནས་ཕྱིར་བཏོན་ཡོད་པ་དང་ཡན་ལག་ཕྲ་མོ་རྣམས་དབང་པོ་ལྕེ་དང་མིག རྣ་བ། སྣ། དེ་མིན་ད་དུང་མགོ་བོའི་སྟེང་གི་ཆ་ཤས་བཅས་ལ་ཁྱབ་ཡོད། དེས་དབང་བོ་དེ་དག་རང་རང་གི་ཡུལ་ལ་འཇུག་པའི་བྱེད་ལས་ཐོན་གྱི་ ཡོད་པས་དབང་རྩ་འདིའི་གནས་ཡུལ་དང་ཁྱབ་ཚུལ། བྱེད་ལས་བཅས་ལ་གཞིགས་ན་ཆ་ལག་བཅོ་བརྒྱད་དུ་ གསུངས་པ་བཞིན་ཀླད་པ་ལ་རྟེན་རྐན་གྱི་སྒོ་ན་གནས་ཞེས་པ་དང་། མན་ངག་རྒྱུད་དུ། རྐན་གྱི་སྒོ་ན་འདོམ་རྩ་སུམ་མདོ་རུས། ། ཞེས་གསུངས་པ་དེ་ནུབ་ལུགས་གསོ་རིག་གི་གསུམ་བསྣོལ་དབང་རྩ(三叉神经)ཞེས་པར་སྦྱར་ན་འགྲིག་པར་སྙམ། ནུབ་ལུགས་གསོ་རིག་གི་རོ་བཀྲར་གོང་དུ་བཤད་པ་ཕུད་ད་དུང་རྩ་དཀར་གཞན་གཉིས་ལྕེ་དང་ཀླད་པའི་བར་ན་འབྲེལ་འདུག་པར་བསྟན་ཡོད་དེ། དེ་ནི་ལྕེ་འོག་གི་དབང་རྩ་(舌下神经) དང་ལྕེ་གྲེའི་དབང་རྩ་(舌咽神经)ཞེས་པ་དེ་གཉིས་ཡིན། དེ་གཉིས་ཀྱང་ཀླད་པའི་རྗེ་ཞབས་ན་འབྲེལ་འདུག དེ་ལས་ལྕེ་འོག་གི་དབང་རྩས་གཙོ་བོ་ལྕེ་འགུལ་སྐྱོད་བྱེད་པའི་ནུས་པ་ཐོན་གྱི་ཡོད་པ་དང་ལྕེ་གྲེའི་དབང་རྩས་ལྕེའི་རྩ་བས་རོ་མྱོང་བའི་ལས་བྱེད་བཞིན་ཡོད། འདི་ནི་རོ་བཀྲའི་སྟེང་ན་མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་ལྕེ་དང་ཀླད་པའི་བར་གྱི་འབྲེལ་འབྱོར་ཡིན། དེ་བས་ལྕེ་ཡིས་རོ་རྒྱུན་ལྡན་དུ་ཚོར་མིན་དང་ལྕེའི་འགུལ་སྐྱོད་རྒྱུན་ལྡན་ཡིན་མིན་བཅས་ཀླད་པ་དང་དེ་ལས་བྱུང་བའི་རྩ་དཀར་ལ་འབྲེལ་བ་ཆེན་པོ་ཡོད་དོ། །

གཉིས། ལྕེ་ནི་དོན་གྱི་རྒྱལ་པོ་སྙིང་དང་འབྲེལ་འདུག
དེ་ཡང་སྨན་དཔྱད་ཟླ་བའི་རྒྱལ་བོར། ལྕེ་སྲབ་ལྕེ་མཐུག་རིང་ཐུང་ལས། །སྙིང་གི་དབྱེ་བ་ཤེས་པར་བྱ། ། ཞེས་དང་། ལྕེ་ནི་སྲབ་ལ་རིང་བས་ན། །སྙིང་ནི་བྱེའུ་ཡི་ཕོ་བ་འདྲ། །ལྕེ་མཐུག་ཤིན་ཏུ་ཆེ་བ་ནི། །སྙིང་ནི་ཤིན་ཏུ་ཆེ་འགྱུར་ཏེ། །ཞེས་དང་། སྲབ་ཅིང་ལྕེ་ནི་ཐུང་བས་ན། །སྙིང་ནི་གྲུ་བཞི་དག་ཏུ་འོང་། ། ཞེས་དང་། ལྕེ་ནི་སྙིང་རྩ་དང་འབྲེལ་ཏེ། །རྩ་མིན་ཤ་མིན་ར་མ་ལུག །ཅེས་སོགས་ཀྱིས་ལྕེ་དང་སྙིང་གི་བར་ན་ཐུན་མོང་མ་ཡིན་པའི་ འབྲེལ་འབྱོར་ཞིག་ཡོད་པ་རྟོགས་ཐུབ། ཡིན་ཡང་ཚུལ་ཅི་ལྟར་འབྲེལ་ལུགས་དང་དངོས་སུ་མཐོང་ཐུབ་མིན་ སོགས་ཀྱི་དོགས་པ་མང་བོ་སྐྱེས་ཡོང་། ཀརྨ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོ་ནང་དོན་དུ། སུམ་སྐོར་འདོད་མ་ཁྱིམ་མ་དང་། །གཏུམ་མོ་ཞེས་བྱ་རྩ་བཞི་ནི། །མིག་དང་རྣ་བ་སྣ་དང་ལྕེ། །སྙིང་དརྗས་ནས་འབྲེལ་རླུང་རྒྱུའི་རྩ། །ཞེས་གསུངས་པ་དེར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གཏུམ་པའི་ལས་བྱེད་པས་ན་གཏུམ་མོ་ཞེས་བྱ་ བའི་རྩ་སྟེ་སྙིང་གའི་དརྗས་ནས་ལྕེ་ལ་འབྲེལ་ཏེ་རླུང་རྒྱུ་ཞིང་རོ་འབབ་པར་བྱེད་དོ། ། ཞེས་གསུངས་པས་སྙིང་དང་ལྕེ་གཉིས་ཀྱི་བར་ན་གཏུམ་མོ་ཞེས་པའི་རྩ་གཅིག་གིས་འབྲེལ་འདུག་པ་རྟོགས་ཐུབ། ཡིན་ཡང་ཟླ་རྒྱལ་དུ་གསུངས་པའི་ལྕེ་ནི་སྙིང་རྩ་དང་འབྲེལ་ཏེ་ཞེས་པའི་རྩ་དེ་དང་ཟབ་མོ་ནང་དོན་དུ་གསུངས་པའི་རྩ་གཉིས་ གཅིག་པ་ཡིན་མིན་ལ་བསྡོམས་ཚིག་འཇོག་རྒྱུ་མ་བྱུང་། གཞན་ད་དུང་ཟབ་མོའི་ནང་དོན་གྱི་རྩ་འགྲེལ་ལས། ཡན་ལག་གྱི་རླུང་ལྔའི་ནང་གསེས་ལྷས་སྦྱིན་གྱི་རླུང་ནི་སྙིང་གའི་གཡོན་ཕྱོགས་ཀྱི་རྩ་ཨི་ཊ་སྟེ་ལུག་ཅེས་པ་ལ་རྒྱུ་ནས་རྩེ་མོ་གཅིག་ལྕེ་ལ་ཟུག་སྟེ་བྱེད་ལས་རོ་འཛིན་པ་དང་གླལ་བ་སོགས་བྱེད། ཅེས་གསུངས། དེ་བས་ལྕེ་དང་སྙིང་གི་བར་ན་གཏུམ་མོ་དང་ཨི་ཊ་ཞེས་པའི་རྩ་སོགས་ཀྱིས་འབྲེལ་འདུག་པ་ཤེས། རྩ་གཏུམ་མོ་ནི་སྙིང་གི་དབུས་ནས་ལྕེ་དང་འབྲེལ་ལ་རྩ་ཨི་ཊ་ནི་སྙིང་གི་གཡོན་ཕྱོགས་ནས་ལྕེ་དང་འབྲེལ་འདུག་པ་ཡིན། དེ་བས་མིག་སྔར་ལག་ཏུ་འབྱོར་བའི་ཡིག་ཆ་སོགས་ལ་གཞིགས་ན་ལྕེ་ནི་སྙིང་གི་མེ་ཏོག་ཡིན་ཞེས་པའི་མེ་ཏོག་དེ་རྩའི་ཐུན་མོང་མ་ཡིན་པའི་འབྲེལ་ཚུལ་ཞིག་ལ་གོ་ལ་འགྲིག་སྙམ། དེ་དག་ནི་ཤིན་ཏུ་ཕྲ་བའི་རྩ་ཡིན་པ་ལས་མེད་པར་མི་འདོད་དེ། ཇི་སྐད་དུ། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་ང་ཚོའི་མིག་གིས་མ་མཐོང་ན་ཐ་གཅིག་ཏུ་མེད་པར་སྨྲ་མི་ཕོད་དེ། དཔེར་ན་དངོས་ལུགས་དང་རྫས་འགྱུར་སོགས་སུ་སྨྲ་བའི་ཆ་རྡུལ་དང་མ་རྡུལ་རྣམས་མིག་གིས་ཐད་ཀར་མི་མཐོང་རུང་ཕྲ་མཐོང་ཆེ་ཤེལ་གྱིས་བལྟས་ན་མཐོང་ཐུབ་པ་ལྟ་རྗ་རེད། དེ་བས་སྙིང་དང་དབང་བོའི་བར་ལ་མཐོང་སྣང་དུ་གྱུར་བའི་རྩ་ཞིག་མ་རྙེད་ཕྱིར་ན་དེ་གཉིས་བར་ལ་འབྲེལ་འབྱོར་མེད་པར་སྨྲ་མི་བཏུབ་བོ། །

མིག་སྔར་གྱི་རོ་བཀྲའི་ལག་ཐབས་ལ་གཞིགས་ན་ལྕེ་དང་སྙིང་གི་བར་ན་འབྲེལ་འདུག་པའི་རྩ་ལ་འཕར་རྩ་དང་སྡོད་རྩ་ལས་གཞན་ཤེས་རྟོགས་བྱུང་མེད། སྙིང་ནི་སྲོག་རྩ་ནག་པོའི་གྱེས་གཞི་ཡིན་པས་ནད་ཐོག་ཏུ་ ཁྲག་འཕེལ་བ་དང་ཁྲག་གར་པོ་ཆགས་པའི་ནད་པར་ལྕེ་རྟགས་སུ་མདོག་སྨུག་ལ་གས་ཤུལ་ཡོད་པ་དང་སྨུག་པོ་བརྡོལ་བ་དང་ཟླ་མཚན་འབྱམས་པ། གཞང་འབྲུམ་ནད་ཀྱིས་ཁྲག་ཤོར་བ་བཅས་ལ་ལྕེ་མདོག་དཀར་པོ་ མངོན་པ་ལྟ་རྗས་ལྕེ་དང་སྙིང་གི་བར་ན་ཁྲག་རྩས་འབྲེལ་འདུག་པ་ཤེས་ཐུབ། ཡིན་ཡང་འདི་ནི་ཐུན་མོང་མ་ཡིན་པའི་འབྲེལ་འབྱོར་མ་ཡིན་ནོ། །
གསུམ། ལྕེའི་སྟེང་ན་ཉེས་པ་གསུམ་པོ་འདུས་པ།
ལྕེ་སྟེང་ན་བྱེ་བྲག་གི་ཉེས་པ་གསུམ་འདུས་ཚུལ་ཅུང་ཁ་གསལ་བའི་སྒོ་ནས་གསུངས་ཡོད་པ་ནི་སྐྱེམ་པ་ཚེ་དབང་གི་རྒྱུད་བཞིའི་རྣམ་བཤད་ཡིན་ཏེ། ལྕེ་ལ་བད་ཀན་མྱོང་བྱེད་གནས་པ་དང་། རླུང་ཁྱབ་བྱེད་དང་། མཁྲིས་པ་སྒྲུབ་བྱེད་སྙིང་ལ་གནས་པའི་མེ་ཏོག་ལྕེ་ལ་ཤར་བས་ཉེས་པ་གསུམ་ཀ་འདུས་པའི་དོན་གྱིས་སོ། །ཞེས་གསུངས་པས་ཉེས་པ་གསུམ་ཀ་ལྕེ་སྟེང་དུ་འདུས་པ་ཡིན།
དེ་བས་དབང་པོ་ལྔ་ལས་ཡ་གྱལ་ལྕེ་ལ་བརྟག་པའི་ཚུལ་འདི་ནི་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་ཡོད་ལ་ཥ་ཅང་ཡིད་རྟོན་བྱེད་ཆོག་པའི་བརྟག་ཐབས་ཤིག་ཡིན་པ་སྨྲས་མ་དགོས་པ་རེད། དེ་ཡང་རྩ་རྒྱུད་དུ། ནད་ལ་བལྟ་རེག་དྲི་བས་ཡོངས་ཤེས་བྱ། །ཞེས་དང་། བཤད་རྒྱུད་ལས།བརྟག་ཚུལ་བལྟ་དང་རེག་པ་དྲི་བས་བརྟག །ལྟ་བ་མིག་ཡུལ་བོངས་དབྱིབས་ཁ་དོག་བརྟག །ཁྱད་པར་ལྕེ་དང་ཆུ་ལ་བརྟག་པར་བྱ། །འདི་ནི་མཐོང་བ་ཡུལ་རིག་བརྟག་པ་ཡིན། །ཞེས་གསུངས་པས་ལྕེའི་བརྟག་ཚུལ་འདི་ནད་ཐོག་ཏུ་རྩ་དངདྲི་ཆུར་བརྟག་པ་བཞིན་ནད་གཞི་ངོས་འཛིན་ལ་ནུས་པ་མི་དམན་པ་ཐོན་གྱི་ཡོད་པ་རྟོགས་ཐུབ། གཞན་ཡང་། ནད་ཀྱི་ངོས་ནི་རྟགས་ལ་བཟུང་། །བརྟག་ཐབས་མི་ཤེས་སྨན་པ་ཡིས། །རྟགས་ཉིད་རྟགས་སུ་མི་ཤེས་ཏེ། །དུ་བ་རླངས་པར་འཁྲུལ་དང་འདྲ། །སྤྲིན་འདུས་ཆར་འབྱུང་ཟེར་བ་ལྟར། །མ་ངེས་རྟགས་སུ་བྱེད་པ་ཡོད། །ཅེས་གསུངས་པས་ལྕེའི་བརྟག་ཐབས་སོགས་ཀྱིས་བརྟག་ནས་རྩ་ཆུའི་རྟགས་དང་མཉམ་ཏུ་དབྱེ་ཞིབ་བྱས་ན་ནད་གཞི་ཡང་དག་པའི་སྒོ་ནས་ངོས་འཛིན་པར་ཕན་པ་མི་དམན་པ་ལྡན་ནོ། །
ས་བཅད་གཉིས་པ། ལྕེ་ལ་བརྟག་པའི་སྔོན་འགྲོ།
སྤྱིར་སྔོན་འགྲོ་ཞེས་པ་ནི་བྱ་ལས་གང་ཞིག་ལེགས་འགྲུབ་ཡོང་པར་བསྒྲུབ་དགོས་པའི་སྔ་རོལ་གྱི་སྟ་གོན་ལ་བྱ་སྟེ། འདིར་ནད་ཐོག་ནས་ཟླ་དྲུག་བདུན་རིང་ལ་ལྕེའི་རྟགས་ལ་ཞིབ་འཇུག་དང་ལྟ་རྟོགས་བྱས་པ་བརྒྱུད་མྱོང་བ་ལས་ཐོབ་པའི་དབང་པོ་ལྕེ་ལ་བརྟག་པའི་སྔོན་འགྲོ་བཤད་པ་ལ། ལྕེའི་མདོག་དང་བོངས། དེའི་སྟེང་གི་དྲེག་པ་དང་འབྲུམ་པའི་འགྱུར་ལྡོག་སོགས་ལ་གཞིགས་ནས་ནད་གཞིའི་ཚ་གྲང་དང་བྱེ་བྲག་གི་ནད་གཞི་ ངོས་འཛིན་དགོས་ན། ནད་པ་དང་སྨན་པ་གཉིས་ཀར་ཚང་དགོས་པའི་ཆ་རྐྱེན་ཡོད་དེ། སྨན་པ་གཞུང་དོན་ལ་མཁས་ཤིང་ལྷག་པར་ལྕེ་བརྟག་ལ་བྱང་བ། ལོ་ན་ཥ་ཅང་རྒས་མིན་དབང་པོ་གསལ་བ་ཞིག་ངེས་པར་དགོས། ནད་པའི་ཆ་ནས་བལྟ་བའི་སྔོན་གྱི་ཆུ་ཚོད12ནས24བར་ཟས་སྤྱོད་གཉིས་ཀྱི་སྤང་བླང་ལ་འཛེམ་དགོས།
གཅིག ཁ་ཟས་ཀྱི་སྔོན་འགྲོ །
ལྕེ་ལ་བརྟག་པའི་སྔ་ནུབ་ནས་ཆང་དང་ཨ་རག ལྦུ་ཆང་སོགས་ཆང་གི་རིགས་མི་བསྟེན་པར་བྱ་སྟེ། དེ་རིགས་ནུས་པ་ཚ་བ་ཡིན་པས་མཁྲིས་པའི་ལྕེ་རྟགས་དང་ནོར་ཉེན་ཆེ། ལུག་ཤ་དང་ཕག་ཤ་སོགས་མང་དུ་བསྟེན་མི་བྱ། དེ་དག་གི་ནུས་པས་ལྕེ་རྟགས་ཀྱང་འགྱུར་འགྲོ་བས་སོ། །ཟས་སུ་འཇུ་སླ་ལ་ཡང་བའི་རིགས་བསྟེན་དགོས་ཏེ། ལྕི་ལ་འཇུ་དཀའ་བའི་ཟས་བསྟེན་ན་ཕོ་བའི་མེ་དྲོད་ཀྱིས་འཇུ་མ་ནུས་པར་ལྕེ་ལ་དྲེག་པ་མཐུག་པས་ནད་གཞི་གཞན་དང་འཁྲུལ་སོ་འབྱུང་བས་སྤང་དགོས་སོ། །
གཉིས། སྤྱོད་ལམ་གྱི་སྔོན་འགྲོ།
ལྕེ་ལ་བརྟག་པའི་སྔ་ནུབ་ནས་དྲག་ཤུལ་དང་ཉལ་བོའི་སྤྱོད་ལམ་སྤང་དགོས་ཏེ། ལུས་ཟུངས་འཁྲུག་ནས་ལྕེ་རྟགས་ལ་ལྟར་སྣང་འབྱུང་སྲིད་པ་དང་། བསྡད་དྲགས་པ་དང་ཉལ་ནས་འདུག་པ་སོགས་མ་ཡིན་པར་དགོས་ཏེ། ལྕེ་མདོག་དཀར་ལ་སྐྱ་བ་མངོན་པས་སོ། ། མདོར་ན་རྩོལ་བཅག་རན་ཙམ་ཡིན་དགོས།
ས་བཅད་གསུམ་པ། ལྕེ་ལ་བརྟག་པའི་དུས་བསྟན་པ།
ནད་གཞི་ངོས་འཛིན་བྱེད་པར་ལྕེ་ལ་བརྟག་པའི་ཐབས་ནི་གནའ་སྔ་མོ་ཞིག་ནས་བོད་ལུགས་གསོ་རིག་ཏུ་བསྟན་ཡོད་མོད་ཀྱང་། བརྟག་པའི་དུས་ལ་གནའ་དེང་གི་གཞུང་འགྲེལ་གང་དུའང་ཁ་གསལ་བོ་ཞིག་གསུངས་མེད་པས་དུས་ངེས་མེད་དུ་བརྟག་ཆོག་པར་སྙམ་པའི་འདུ་ཤེས་སྐྱེས། འོན་ཀྱང་ནད་ཐོག་ཞིབ་འཇུག་ཁྲོད་ཤེས་རྟོགས་བྱུང་བ་ལྟར་ན། སྤྱིར་བཏང་དུ་བརྟག་དུས་ཆེས་ལེགས་ཤོས་ནི་རྩ་མདོ་དང་མཐུན་པར་སྙམ་སྟེ།
གཅིག བལྟ་དུས་མཁའ་ལ་ཉི་ཤར་ཀླུང་མ་ཕེབས་ནི་ཞོགས་པར་ཉི་མདངས་གསལ་བའི་དུས་ཡིན་པས་ ལྕེའི་མདོག་དང་དབྱིབས། དེའི་སྟེང་གི་དྲེག་པའི་མདོག་དང་སྲབ་མཐུག་དང་། འབྲུམ་ཐོར་གྱི་ཆེ་ཆུང་དང་དབྱིབས། ལྕེ་འོག་གི་རྩ་ར་མ་ལུག་གི་མངོན་ཚུལ་སོགས་ཚུལ་བཞིན་དུ་མ་འཁྲུལ་བར་གསལ་བོར་མཐོང་ཐུབ་པས་ཡང་དག་པའི་སྒོ་ནས་ནད་གཞི་ངོས་འཛིན་བྱེད་ཐུབ་པ། དེ་ལས་སྔ་དྲགས་ན་ཉི་མདངས་མི་གསལ་བས་གསལ་བོར་མཐོང་མི་ཐུབ་པ་དང་ཕྱིས་དྲགས་ན་ཟས་སྤྱོད་ཀྱིས་རླུང་ཁྲག་འཁྲུགས་འགྲོ་བས་ལྕེ་སྟེང་ནས་ལྟར་སྣང་གི་ནད་རྟགས་འབྱུང་སྲིད་ལ་ནད་གཞི་ངོས་འཛིན་ལ་འཁྲུལ་སོ་འབྱུང་བས་སོ། །སྤྱིར་ལྕེ་ལ་བརྟག་པའི་ དུས་ཆེས་བཟང་ཤོས་ནི་གོང་དུ་བཤད་པ་བཞིན་ཞོགས་པ་ཉི་ཤར་གྱི་དུས་སུ་བཤད་པ་ཡིན། འོན་ཀྱང་རྐྱེན་སྣ་ཚོགས་ཀྱིས་དུས་ལྟར་བརྟག་མ་ཐུབ་ན། ཉི་འོད་དམ་གློག་འོད་གསལ་བའི་གནས་ནས་བརྟག་རྒྱུ་ཤིན་ཏུ་གལ་ལོ། །
གཉིས། ནང་དརྗགས་དྲོན་མོ་ཕྱིར་མ་རྒྱུས་པ་དང་། །ཕྱི་དརྗགས་གྲང་མོ་ནང་དུ་མ་ཤོར་བ། །མལ་ནས་མ་འགུལ་ཁ་ཟས་མ་ཟོས་པའི། །ཞེས་ལུས་པོ་མལ་ནས་མ་ལངས་པས་དྲག་ཤུལ་གྱི་ལས་སྤང་བ་དང་། ཟས་སྐོམ་གྱི་རྐྱེན་གྱིས་རླུང་ཁྲག་མ་འཁྲུགས་པའི་དུས་སུ་ལྕེར་བརྟག་པར་བྱ་དགོས་ཏེ། ལྕེ་སྟེང་ནས་རླུང་མཁྲིས་བད་ཀན་གསུམ་གྱི་འཕེལ་འགྲིབ་ཚུལ་བཞིན་གསལ་བས་སོ། །
གསུམ། ཁ་ཟས་མ་ཟོས་པའི་ཞེས་པའི་ཚིག་འདི་ལ་ལྕེར་བརྟག་པའི་སྐབས་སུ་རླུང་ཁྲག་འཁྲུགས་པ་ཙམ་ གྱི་གོ་བ་གཅིག་པུ་མ་ཡིན་པར་ཟས་སྐོམ་དང་སྨན་སོགས་བསྟེན་གྱུར་ན་དེ་དག་གི་ཁ་དོག་གིས་ལྕེ་སྟེང་གི་འབྲུམ་པ་དང་དྲེག་པའི་ཁ་དོག་འགྱུར་འགྲོ་བས་ལྟར་སྣང་གི་ནད་རྟགས་འབྱུང་སྲིད་པས་ནད་གཞི་ངོས་འཛིན་ལ་ནོར་འཛོལ་འབྱུང་བ། དཔེར་ན། ཞོ་དང་འོ་མ་བཏུང་བའི་རྗེས་ཐོག་ཏུ་ལྕེ་ལ་བརྟག་ན། ལྕེ་སྟེང་གི་ དྲེག་པའི་མདོག་དཀར་བོར་འགྱུར་བས་བད་ཀན་གྱི་ལྕེ་རྟགས་དང་ནོར་འཛོལ་འབྱུང་བ་དང་། སྒ་སེར་བསྲེས་ཡོད་པའི་ཁ་ཟས་བསྟེན་པ་ལ་ལྕེ་སྟེང་གི་དྲེག་པ་སེར་པོར་འགྱུར་བས་མཁྲིས་པའི་ལྕེ་རྟགས་དང་ནོར་འཛོལ་འབྱུང་བའི་ཕྱིར་ཁ་ཟས་མ་ཟོས་པའི་སྔ་རོལ་དུ་བརྟག་པ་གལ།
བཞི། རྩ་མདོའི་སྐབས་ཀྱི་རྩར་བརྟག་པའི་དུས་ནི་རྩ་ཙམ་མ་ཡིན་པར་གཞན་ལྕེ་དང་མིག ལུད་པ་སོགས་བརྟག་པ་ལ་ཡང་འཇུག་པ་དང་ལྷག་པར་དུ་དེང་སང་གི་འཚོ་བའི་གོམས་གཤིས་དང་མཐུན་པ་ཞིག་ཡིན་ཏེ། དེང་སང་གི་དུས་འདིར་མི་མང་ཆེ་བ་ཞིག་ལ་མལ་ནས་ལངས་མ་ཐག་ཏུ་སོ་བཀྲུ་བའི་གོམས་གཤིས་ཞིག་ཆགས་འདུག་པས་མལ་ནས་མ་ལངས་གོང་བརྟག་ན། གཅིག་ནས་སོ་རྩིའི(牙膏)རྐྱེན་གྱིས་ལྕེ་སྟེང་གི་དྲེག་ པ་དང་འབྲུམ་པའི་མདོག་ལ་འགྱུར་བ་མི་འོངས་པ་དང་། གཉིས་ནས་མི་ལ་ལར་སོ་འཁྲུ་དུས་ཞོར་དུ་ལྕེ་སྟེང་གི་དྲེག་པ་བཀྲུ་བའི་གོམས་གཤིས་ཡོད་པས་ལྕེ་སྟེང་གི་དྲེག་པ་ཡོད་མེད་དང་སྲབ་མཐུག་གི་ཐད་ནས་ནོར་འཛོལ་མི་ཡོང་པའི་ཡོན་ཏན་བཅས་ལྡན་ནོ། །
གོང་གསལ་ལྟར་དབྱེ་ཞིབ་བྱས་ན་རྩ་མདོའི་སྐབས་སུ་གསུངས་པའི་རྩར་བརྟག་པའི་དུས་ནི་སྐབས་བབས་ཀྱི་ལྕེ་བརྟག་པའི་དུས་ལ་སྦྱར་ན་མི་འཚམ་པ་མི་འདུག་པ་མ་ཟད་ད་དུང་ཡོན་ཏན་འགའ་ཡང་མཐོང་ཐུབ་ཐུབ། དེ་བས་འདིར་བརྗོད་པར་འདོད་པ་ནི་རང་ཅག་གི་གསོ་རིག་རྒྱུད་བཞི་རུ་ལྕེ་ལ་བརྟག་པའི་དུས་མ་གསུངས་པ་མ་ཡིན་ཏེ། དེ་ནི་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་གསུངས་པ་གོང་གི་རྩར་བརྟག་པའི་དུས་ལ་དབྱེ་ཞིབ་བགྱིས་པ་ལས་རྟོགས་ཐུབ་པ་བཞིན་ནོ། །འདི་ནི་ སྤྱིར་བཏང་ཙམ་གྱི་དབང་དུ་བཤད་པ་ལས་ཐ་གཅིག་ཏུ་ཞོགས་པ་མ་གཏོགས་དུས་གཞན་ལ་བརྟག་མི་ཆོག་པ་ཞིག་དང་བརྟག་ན་ནད་གཞི་ངོས་འཛིན་བྱེད་མི་ཐུབ་པ་ཞིག་མ་ཡིན་ཏེ། ང་རང་གིས་ནད་ཐོག་ནས་ནད་པ་ལ་ལར་ཕྱི་དྲོའི་དུས་སུ་ལྕེ་ལ་བརྟག་པ་ལྟར་ན། ལ་ལར་ལྕེའི་མངོན་ཚུལ་དང་ན་ལུགས་གཉིས་ཕྱོགས་མཚུངས་སུ་ཡོང་བ་དང་། ཡང་འགའ་ཤས་ལ་ལྕེའི་མངོན་ཚུལ་དང་ན་ལུགས་གཉིས་གཅིག་ཏུ་མི་ཡོང་བའང་འདུག འདི་ནི་ཟས་སྤྱོད་ཀྱི་དབང་གིས་རླུང་ཁྲག་འཁྲུགས་པ་ཡིན་ནམ་ཡང་ན་ནད་གཞི་ལ་ལར་ལྕེའི་སྟེང་ནས་ནད་རྟགས་མངོན་མི་ཐུབ་པ་ཡིན་ནམ། ཟླ་འགའི་རིང་གི་ལྟ་རྟོགས་ཀྱིས་འདིར་ཡིན་མིན་གྱི་བརྡར་ཤ་གཅོད་པའི་སྤོབས་པ་དང་གདེང་ཚོད་མ་རྙེད། གནད་དོན་འདིར་ལོ་འགའ་ཤས་དང་ཐ་ན་ལོ་མང་པོའི་རིང་ལ་ནད་ཐོག་ནས་ཞིབ་འཇུག་ཡུན་རིང་ཞིག་མ་བྱས་ན་རྒྱུ་མཚན་གང་ཡིན་གྱི་བསྡོམས་ཚིག་འཇོག་ཐུབ་པ་ཞིག་མ་ཡིན་ནོ། །
བཞི་བ། མཇུག་བསྡུ་བ།
འཇིག་རྟེན་གྱི་བྱ་དངོས་གང་ཞིག་ཡིན་རུང་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཐུས་ཚང་དུ་འགྲོ་བ་ནི་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་རེད། དེ་བས་རྗེ་བཙུན་གཡུ་ཐོག་པའི་བསྟན་པ་འདིར་ཏིལ་འབྲུ་ཙམ་ཞིག་ཕན་ནའང་སྙམ་པའི་ཡར་བསམ་གྱིས་བོད་ལུགས་གསོ་རིག་གི་ལྕེའི་བརྟག་ཐབས་ཀྱི་ཐད་ནས་རང་ཉིད་ཀྱི་བསམ་ཚུལ་ཙམ་ཀུན་གྱི་མདུན་སྔར་གྲོས་འདེབས་ཀྱི་ཚུལ་དུ་བཀོད་པ་ཡིན།
དཔྱད་གཞིའི་ཡིག་ཆ།
1.དཔལ་ལྡན་རྒྱུད་བཞི། གཡུ་ཐོག་ཡོན་ཏན་མགོན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1982ལོའི་ཟླ3པར།
2.ཆ་ལག་བཅོ་བརྒྱད། གཡུ་ཐོག་ཡོན་ཏན་མགོན་པོ་སོགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999ལོའི་ཟླ11པར།
3.རྒྱུད་བཞིའི་རྣམ་བཤད། སྐྱེམ་པ་ཚེ་དབང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2000ལོའི་ཟླ་4པར།
4.རྒྱུད་བཞིའི་འགྲེལ་བ་མེས་པོའི་ཞང་ལུང་། དར་མོ་སྨན་རམས་པ། རྣམ་གླིང་པཎ་ཆེན། མི་རིགས་དཔེ་སྐྲུན་ཁང་།2005ལོའི་ཟླ11པར།
5.སྨན་དཔྱད་ཟླ་བའི་རྒྱལ་བོ། མཁས་མང་བགྲོས་པས་བརྩམས། མི་རིགས་དཔེ་སྐྲུན་ཁང་།1985ལོའི་ཟླ7པར།
6.དྲང་སྲོང་ཞལ་ལུང་། ཁྲོ་རུ་ཚེ་རྣམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ10པར།
7.འབུམ་ཁུ་ཚུར། ཕྱག་སྨན་རིན་རྒྱལ། མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ6པར།
8.ཨ་རུའི་ཕྲེང་མཛེས། སོག་པོ་ལུང་རིགས་བསྟན་དར། མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ་4པར།
9.བདུད་རྩིའི་ཆུ་རྒྱུན། བྱང་བ་རྣམ་རྒྱལ་གྲགས་བཟང་། མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ7པར།
དགའ་ལྷ་མོ་སྐྱབས། སི་ཁྲོན་རྔ་བ་ཁུལ་བོད་ལུགས་སྨན་ཁང་དུ་ཕྱག་ལས་གནང་བཞིན་ཡོད། ད་ལྟ་པེ་ཅིན་ཀྲུང་ལུགས་གསོ་རིག་སློབ་གླིང་དུ་འབུམ་རམས་ཞིབ་འཇུག་སློབ་མའི་གནས་ལ་འབད་བཞིན་མཆིས།
