དྲེག་དང་གྲུམ་བུ་རྐང་འབམ་གསུམ་གྱི་རྟགས་བཅོས་ཇི་ལྟར་འཕྲུལ་དགོས་པའི་སྐོར།
དེ་ཡང་འདིར་གླེང་བར་བྱ་བ་ནི། དྲེག་ནད་དང་གྲུམ་བུ་རྐང་འབམ་རྣམ་པ་གསུམ་པོ་འདིའི་རྟགས་ལ་ལྟོས་ནས་འཕྲུལ་བ་དང་། བཅོས་ཐབས་ལ་ལྟོས་ནས་འཕྲུལ་བ་གཉིས་ལས་ཐོག་མར་གླེང་བར་བྱ་བ་ནི། དྲེག་ནད་ཀྱི་རྟགས་ནི། རྒྱུད་ལས། དེ་རྟགས་མངོན་ཚུལ་བརླ་རྐེད་ཚིགས་རྣམས་ན། གཡའ་འགུལ་ཆག་སྙམ་ཚོར་མེད་ལྕི་བ་སྟེ། ཡང་ཡང་ལྡང་ཞིང་སླར་ལྕི་འགྱུར་བ་ཡིན།ཞེས་དང་། གྲུམ་ནད་ཀྱི་སྤྱི་རྟགས་ནི། སྤྱི་རྟགས་གྲང་ཤུམ་ཡུན་རིང་ཤ་ལྤགས་བརྩེ། གདོང་སྣུམ་མགོ་བོ་རྐེད་པ་དཔྱི་མིག་ཟུག ཤེད་ཆུང་སྒྱིད་སྐྱུར་ཤ་འབྲོས་རྔུལ་ཁ་སྙི། རུས་ཚིགས་ཤ་རུས་འཁོར་ཞིང་ཆུ་རྒྱུས་གྱོང་། འགུལ་ཚེ་ལྷག་པར་ན་ཞིང་སྐད་ངན་འཆོར། ཆུ་དམར་རྩ་འཁྱུག་ཕྲ་མགྱོགས་གཏིང་ན་རྒྱུག་ཅེས་དང་། རྐང་འབམ་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་འཚོ་བྱེད་ལས་དང་པོ་ལ་ཉེ་བར་མཁོ་བ་ཟིན་ཏིག་གཅེས་པར་བཏུས་པ་ལས། རྐང་པ་ཞ་ཆེ་ཆུང་ཙམ་ལ་ངེས་པ་མེད། གང་ལྟར་རྐང་པའི་རྩ་དང་ཆུ་རྒྱུས་ལ་གཟེར་ཆེ། ཁྱད་པར་སྒྱིད་ཁུང་སོགས་འཐེན། རྐང་པ་གཡས་གཡོན་གང་རུང་ས་ལ་བཙུགས་མི་ཕོད་པ་བྱུང་དུས་འབམ་དངོས་གཞི་ཡིན།སོགས་གསུངས་པ་ལྟར། གོང་གི་དྲེག་ནད་དང་། གྲུམ་བུ། རྐང་འབམ་བཅས་ཀྱི་ན་བའི་གནས་ནི་ཡན་ལག་གི་རུས་རྐང་དང་ལྷག་ཏུ་རྐང་པའི་ཚིགས་དང་ཆུ་རྒྱུས་རྣམས་ལ་གཟེར་ཟུག་དྲག་ཏུ་གཏོང་བ་སོགས་ལྟར་སྣང་གི་རྟགས་འདི་རྣམས་ཀྱིས་དྲེག་གྲུམ་རྐང་འབམ་གསུམ་ལས་གཞན་པའི་ནད་དང་འབྲེལ་མེད་དུ་ངོས་བཟུང་བ་དང་ཞིབ་ཏུ་དཔྱད་ལ་བྱེ་བྲག་གང་ཡིན་པ་རིག་པས་འཕྲུལ་དགོས་པ་མ་ཟད། བཅོས་པའི་སྐབས་སུ་ཡང་ཕན་ཚུན་རིག་པས་འཕྲུལ་ཏེ་བཅོས་དགོས་པའང་ཡོད། དཔེར་ན། གཉེན་པོ་ཨ་གར་སོ་ལྔ་དང་ཀླུ་བདུད་བཅོ་བརྒྱད་སོགས་གྲུམ་བུ་དང་རྐང་འབམ་ལ་ཕན་པའི་སྨན་དང་། བསམ་འཕེལ་ནོར་བུ་དང་། སེང་ལྡེང་ཉེར་གསུམ། མགྲིན་མཚལ་ཉེར་ལྔ། སྤོས་ཁྱུང་བཅོ་ལྔ་སོགས་དྲེག་དང་གྲུམ་བུ་ལ་ཕན་པའི་སྨན་དང་། འབྱར་ཆེན་རེག་པ་བདེ་སྐྱེད་སོགས་དྲེག་གྲུམ་རྐང་འབམ་གསུམ་ཀར་ཕན་པའི་སྨན་བཅས་རིག་པས་འཕྲུལ་ཏེ་གཏོང་དགོས་པ་ནི་མན་ངག་ཟབ་ཁྱད་ཡིན་ལ་མཇུག་དོན་ཡོངས་གཏད་ལས། དྲེག་དང་གྲུམ་བུ་རྐང་འབམ་རྟགས་བཅོས་འཕྲུལ་གསུང་པའི་དགོངས་པ་དང་མཐུན་པ་ཡིན་སྙམ།