logo

༄༅།།སྐུ་འབུམ་དགོན་པའི་བོད་སྨན་ཁང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་འཁྲིད་རྒྱུན་སྤེལ་བ།

རྩོམ་པ་པོ།:བློ་བཟང་ཆོས་འཕེལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-10-12 ཀློག་གྲངས།: 26848
༄༅།།སྐུ་འབུམ་དགོན་པའི་བོད་སྨན་ཁང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་འཁྲིད་རྒྱུན་སྤེལ་བ།

      གང་གི་སྐུ་ནི་ཨིནྡྲ་ནཱི་ལའི་མདོག །མཚན་དཔེ་ཉི་མའི་འོད་སྟོང་འབར་བའི་མཁའ། །ཀུན་ལ་ཞི་བདེ་གོ་སྐབས་འབྱེད་པའི་དབྱིངས། །བཅོམ་ལྡན་སྨན་བླའི་སྐུ་ལ་ཕྱག་འཚལ་ལོ། །གང་གི་གསུང་ནི་དྲི་ཟའི་རྒྱུད་སྟོང་ལྟར། །ཚངས་པའི་དབྱངས་ཀྱིས་སྣ་ཚོགས་གདུལ་བྱའི་ཡིད། །ཀུན་ཏུ་ཚིམ་བྱེད་གསུང་རབ་རྒྱ་མཚོའི་གཏེར། །བཅོམ་ལྡན་སྨན་བླའི་གསུང་ལ་ཕྱག་འཚལ་ལོ། །གང་གི་ཐུགས་ནི་ཡེ་ཤེས་རྒྱ་མཚོའི་ངང་། །དམིགས་མེད་ཐུགས་རྗེའི་རྦ་རླབས་ཆེར་གཡོས་ཤིང་། །སྨོན་ལམ་རྒྱ་མཚོ་མཛད་པ་ལྷུན་གྲུབ་པའི། །བཅོམ་ལྡན་སྨན་བླའི་ཐུགས་ལ་ཕྱག་འཚལ་ལོ། ། 
      དེ་ཡང་རྒྱལ་བའི་ལུང་གིས་ཟིན་པའི་ཞིང་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་གཅིག་བསྡུས་རྗེ་བཙུན་འཇམ་པའི་དབྱངས་མིའི་རྣམ་པར་མཚན་དཔེ་བཞད་པའི་གནས་སྐུ་འབུམ་བྱམས་པ་གླིང་དུ་དགོན་པའི་བོད་སྨན་ཁང་གིས་རབ་གནས་ལྕགས་གླང་ལོའི་ཧོར་ཟླ་བདུན་པའི་ཡར་ཚེས་བཅུ་བཞི། སྤྱི་ལོ༢༠༢༡ལོའི་ཟླ༨ཚེས་༡༤ཉིན་གཟའ་སྐར་ཕུན་སུམ་ཚོགས་པ་བདུད་རྩི་སྦྱོར་བ་ཉི་དྲོས་ཀྱི་སྔ་ཆ་བདུད་རྩི་ཐུན་མཚམས་དང་སྦྱར་ཏེ། བདུད་རྩི་བཅུད་ཀྱི་རྒྱལ་བོ་བཙོ་བཀྲུ་སྦྱངས་པའི་བཅུད་ལེན་གྲུབ་པ། ལུས་ཅན་ཡོངས་ཀྱི་ཚེ་སྲོག་རིང་དུ་འཚོ་བའི་སྨན་མཆོག་འདི་ནི། རིན་ཆེན་རིལ་ནག་ཆེན་མོ་དང་། རཏྣ་བསམ་འཕེལ། རིན་ཆེན་བྱུ་དམར་ཉེར་ལྔ། རིན་ཆེན་མང་སྦྱོར། རིན་ཆེན་དབང་རིལ་ཉེར་ལྔ་སོགས་ལ་མེད་དུ་མི་རུང་བ། གཞན་ཕན་ཡོན་དང་ཕྱག་ལེན་ནི་བློ་ཡུལ་ལས་འགོངས་པ། བོད་ཀྱི་གསོ་བ་རིག་པའི་བང་མཛོད་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཐོང་བརྒྱུད་ཕྱག་ལེན་བསམ་འཕེལ་དབང་གི་རྒྱལ་བོ། བདེ་གཤེགས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་བོའི་ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་སྟོབས་དང་། གཞན་ཕན་ལྷག་བསམ་དག་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་ཐུགས་རྗེ་ལས་མཁའ་ཁྱབ་འགྲོ་བ་སེམས་ཅན་ཐམས་ཅད་ནད་མེད་ཚེ་བསྲིང་དང་། ནད་ཅན་ན་བའི་སྡུག་བསྔལ་ལས་གྲོལ་བའི་བདུད་རྩི་བཅུད་རྒྱལ་དུ་གྲུབ་པ་མཁའ་འགྲོའི་གདམས་པ་ཤིན་ཏུ་ཟབ་པ་ཡིན་ལ། ད་རེ་ཡང་སྐུ་འབུམ་དགོན་པའི་དོ་དམ་ཁང་གི་འགོ་ཁྲིད་ཀྱི་ཐུགས་འཁུར་དང་རྒྱབ་སྐྱོར་བླ་མེད་ཀྱི་འོག༧སྐྱབས་རྗེ་བཀྲ་ཤིས་རིན་པོ་ཆེས་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལས་འགྲོ་བ་སེམས་ཅན་སྤྱི་ལ་དམིགས་ཏེ་བཙུགས་པའི་གདན་ས་ཆེན་མོ་སྐུ་འབུམ་དགོན་པའི་བོད་སྨན་ཁང་དུ་རང་རྐྱ་ཕེར་བའི་སྒོ་ན་གསོ་རིག་གི་གཞུང་ལུགས་སྤྱི་དང་ཁྱད་པར་དུ་བོད་སྨན་གྱི་ལག་ལེན་ཚད་དང་ལྡན་པ་སྲོལ་རྒྱུན་འབུར་ཏུ་ཐོན་ལ་སླ་ཆོས་སུ་མ་སོང་བ་ཞིག་ཡོང་དགོས་པར་དམིགས་ཏེ་གང་གི་སློབ་བུ་ལྔ་རིག་སྨྲ་བའི་དབང་པོ་མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ། འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་ཆེན་མོ། དགེ་རྒན་དཀོན་མཆོག་རྒྱལ་མཚན་ལ་ཐུགས་བརྩེ་བའི་གསུང་གིས་བསྐུལ་མ་གནང་སྟེ། དུས་ད་ནས་བཟུང་རང་སྨན་ཁང་དུ་དད་པ་དང་དམ་ཚིག་གཙང་མས་བརྒྱུད་པའི་བྱིན་རླབས་ཀྱི་ཚན་ཁ་འབར་བའི་བདུད་རྩི་བཅུད་ཀྱི་རྒྱལ་བོ་དང་། ལྕགས་བརྒྱད། ཁམས་བརྒྱད་གདམས་པ་ཞལ་བརྒྱུད་དུ་གྲགས་པ་སྔོན་གྱི་སྨོན་ལམ་ད་ལྟ་སྨིན་དུས་ལ་བབས་པ་ཡིན་པས། ཁྱེད་ཀྱིས་ཅི་ནས་ཀྱང་བདུད་རྩི་བཅུད་བསྒྱུར་གྱི་གདམས་པ་བརྒྱུད་ལྡན་དམ་པའི་ཕྱག་ལེན་ཇི་བཞིན་དུ་རང་དགོན་གྱི་སྨན་ཁང་རང་ལ་ཕྱག་རྒྱུན་སྤེལ་ཏེ། རྗེས་ཕྱོགས་ཀྱང་སྐུ་འབུམ་དགོན་པའི་བོད་སྨན་ཁང་རང་ལ་འདིའི་རྒྱུན་འཛིན་པ་ཐུབ་པ་ཞིག་གནང་དགོས་པར་གསུངས། སྔོན་ཆད་ཡང་རིན་ཆེན་གྱི་རིགས་སྦྱོར་བཟོ་ཚད་དང་ལྡན་པ་མང་པོ་སྦྱོར་བཟོ་བྱས་མྱོང་ཡང་རང་རྐྱ་ཐུབ་པའི་བརྒྱུད་འཛིན་པ་མང་པོ་མེད་སྟབས། ད་རེས་སྔོན་ཆད་དང་མི་མཚུངས་པར་འཁྲིད་རྒྱུན་མན་ངག་དང་བཅས་བརྒྱུད་ལྡན་དམ་པའི་མན་ངག་ཟབ་མོའི་ཟིན་བྲིས་ཁྲིད་ལུང་དང་བཅས་པ་གནང་དགོས་པར་གསུངས། 
       དགེ་རྒན་ཁོང་གིས་ཀྱང་བཀའ་གསུང་སྤྱི་བོར་བླངས་ཏེ་དུས་ཚོད་བྲེལ་ཟིང་བར་ནས་དགེ་བ་སྟོབས་ཆེན་ལ་དགོངས་ཏེ། གནས་ཁྱད་པར་ཅན་འཇམ་དབྱངས་མིའི་རྣམ་པར་བཞད་པའི་གནས་རྗེ་སྐུ་འབུམ་དགོན་པ་དང་། ལས་ཁྱད་པར་ཅན་དངུལ་ཆུ་བདུད་རྩི་བཅུད་ཅན་དུ་བསྒྱུར་བ། དུས་ཁྱད་པར་ཅན་གནམ་གཤིས་ཀྱི་དྲོད་གྲང་སྙོམས་ལ་ཉིན་མོ་རིང་བས་ལས་ལ་ཞུགས་ན་འཇུག་བདེ་བ། གྲོགས་ཡང་དགེ་སློབ་ཀྱི་དད་དམ་གཙང་བའི་རབ་བྱུང་བ་དང་། དགེ་བསྙེན་རྟེན་ཅན་མང་ཞིང་ཐ་མལ་གྱི་དུ་ཆང་སོགས་མི་དགེ་བའི་སྤྱོད་པ་མི་བསྟེན་པ་སོགས་ཕྱི་ནང་རྟེན་འབྲེལ་མ་བསྒྲིག་རང་འགྲིག་སུ་ཡོང་བ་ཡང་གནད་དམ་པའོ། །
       དེ་ཡང་དགེ་རྒན་ཁོང་གིས་དབུ་ཁྲིད་བྱས་ཏེ་བོད་སྨན་ཁང་གི་སྐབས་བབ་ལས་སྣེ་བ་དག་གི་རོགས་འདེགས་འོག་ཉེ་བར་མཁོ་བའི་ཡོ་ཆས་རྣམས་སྔ་སོར་ནས་གྲྭ་སྒྲིག་སོགས་གང་ལེགས་བྱས་ཏེ། མཆོད་ཁང་དང་། འདུལ་སྦྱོང་ཁང་། བཙོ་ཁང་། སྨན་སྦྱོར་ཁང་། གཞན་རྡོ་གཞུང་རྡོ་གཏུན་སོགས་དང་། གཞན་ཕག་ཟེ། རྟ་རྔའི་ཕྱག་མ། དུང་གཞུང་ཆེ་ཆུང་ཅི་རིགས། ལས་བཟོ་བའི་ལས་ལྭ་རིང་ཐུང་དང་། ཁ་ཐིམ་ལག་ཤུབས་སོགས་ཅི་དགོས་ཀྱི་ཡོ་ཆས་ཚང་མ་ལེགས་པར་གསར་ཚགས་སུ་ཚུད་པར་བྱས། 
       དུས་ཚོད་ལ་གཏན་ཁེལ་བའི་སྔ་ཉིན་༧སྐྱབས་རྗེ་བཀྲ་ཤིས་རིན་པོ་ཆེས་མཁན་ཚེ་རྣམ་རིན་པོ་ཆེ་ནས་བརྒྱུད་པའི་དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་གནམ་ཆོས་ཉིད་ནས་ཟུར་དུ་བསྒྲིགས་པ་སྨན་བླའི་ཆོ་ག་བཻཌཱུརྱའི་ཆུ་རྒྱུན་ཞེས་པའི་ལྗགས་ལུང་བསྩལ་ཏེ་ཐེངས་འདིའི་བཙོ་བཀྲུ་ཆེན་མོ་ལེགས་འགྲུབ་ཡོངས་པའི་ཐུགས་སྨོན་གནང་།
       ཕྱོགས་ཕྱོགས་ནས་གདམས་པ་རིན་ཆེན་ལེན་འདོད་ཀྱི་སློབ་བུ་རྣམས་ཡང་འཛོམས། དགེ་རྒན་ཁོང་གིས་བར་གསེང་གི་དུས་ཚོད་ལས་རིན་ཆེན་རིལ་ནག་ཆེན་མོ་སོགས་ཟིན་བྲིས་ཀྱི་ཞལ་འཁྲིད་ཟབ་མོ་དང་། གཞན་སྨན་བྱིན་རླབས་དང་དམ་ཅན་གསོལ་མཆོད་སོགས་ལྗགས་ལུང་བསྩལ། ཁོང་གིས་དབུ་གཙོ་གནང་བ་དང་ཁོང་གི་སློབ་བུ་འདུལ་སྦྱོང་གི་ཉམས་མྱོང་ཕུན་སུམ་ཚོགས་པའི་དམ་ཆོས་ཚུལ་ཁྲིམས་ཀྱིས་གཙོ་གཞོན་གྱི་འགན་ཁུར་ཏེ། ཚེས་བཞིའི་ཉིན་ནས་མཁན་རིན་པོ་ཆེ་ཟིན་བྲིས་ལ་གཞི་བཅོལ་ཏེ་བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུའི་སྦྱོར་བཟོ་བཅས་ཀྱི་ཕྱག་ལེན་བལྟས་ཆོག་ཏུ་བཀོད་པ་ནད་མེད་ཚེ་རིང་བ་ཨ་རུ་རྣམ་པར་རྒྱལ་བའི་ཟ་མ་ཏོག་ཅེས་བྱ་བ་གསུང་བའི་གོ་རིམ་ཇི་བཞིན་དུ་ཉིན་གྲངས་དང་དགོས་ངེས་དུས་ཚོད། འདུལ་སྦྱོང་གི་ཚད་ཐིག་སོགས་མཁན་རིན་པོ་ཆེས་སྔ་མ་རེབ་གོང་ནས་ཕྱག་བསྟར་གྱི་ཟིན་བྲིས་བཞིན་དང་། 
       དང་པོ། ལྕགས་ཁམས་ཐལ་བཟོའི་ཉིན་དང་པོར་དགེ་སློབ་ཡོངས་ཀྱིས་འདུལ་སྦྱོང་བྱེད་སའི་མཆོད་ཁང་དུ་སྐུ་འབུམ་དགོན་པའི་ཕྱག་ལེན་བཞིན་གྱི་བསང་དང་གསེར་སྐྱེམས། ཆོས་སྐྱོང་རྣམས་ལ་འཕྲིན་བཅོལ། རིན་པོ་ཆེ་བཟོ་བྱའི་མཁོ་ཆས་སོགས་ལ་མནོལ་བསང་། བགེགས་གཏོར་སོགས་བཏང་ནས་ཕྱི་མཚམས་བཅད་ཏེ། དགོས་ངེས་ཀྱི་ལས་གཡོག་ལས་གཞན་ཕྱིའི་མགྲོན་པོ་ནང་དུ་མི་གཏོང་བ་དང་། ནང་གི་སྒྲུབ་མི་ཕྱི་རུ་མི་འགྲོ་བའི་མཚམས་ཐོའི་ཐིག་སྐུད་འཐེན། གཞན་རིན་པོ་ཆེ་བཟོ་བ་ལ་གེགས་རྒྱ་ཆེ་བས་རིགས་གཏན་ཏུ་བཀག་ཏེ། ལས་བཟོ་བ་དག་གི་དུས་དང་རྣམ་པ་ཀུན་ཏུ་མལ་གསོ་དང་། ཁ་ལག་མཆོད་པ་སོགས་ཀྱི་རྗེས་བསང་བདུག་དང་ལག་པ་བཀྲུ་བ་སོགས་གཙང་སྦྲ་བྱེད་པ། སྨན་རྫས་ཆེ་ཆུང་དང་། མཁོ་ཆས་སོགས་གང་ལ་ཡང་མཆོད་རྫས་ཀྱི་འདུ་ཤེས་ཀྱིས་འགོམ་ཡུག་མི་བྱེད་པ། སྨན་རྫས་འདུལ་སྦྱོངས་གང་གི་སྐབས་སུ་སྨན་གཟུངས་འདོན་པ་ལས་དོན་མེད་འཆལ་གཏམ་མི་བཤད་པ། མདོར་ན་སྨན་པ་ཞིག་ལ་ཚང་དགོས་པའི་བླང་དོར་གྱི་དོན་ནན་ཏན་བྱེད་དགོས་པར་གསུངས། 
      གཉིས་པ། དངུལ་ཆུ་བཙོ་བཀྲུའི་སྐབས་དང་འདུལ་སྦྱོང་། རིལ་སྒྲུབ་ཀྱི་སྐབས་རྣམས་སུ་ཡང་བསང་དང་གསེར་སྐྱེམས་སོགས་སྔ་མ་ཇི་བཞིན་དང་། ཐེངས་འདིར་རིན་ཆེན་རིགས་ལས་འགོ་ཚུགས་པ་ནས་བཟུང་དུས་ཚོད་འཆར་ཅན་དུ་ལྟུང་བཤགས་སྐྱབས་འགྲོ་ནས་བླ་མའི་རྣལ་འབྱོར་དང་། པཎ་ཆེན་རིན་པོ་ཆེས་མཛད་པའི་སྨན་བླའི་ཆོ་ག་བཏོན་རྗེས་སྨན་གཟུངས་ཟློ་བཞིན་ལས་ལ་ཞུགས་པ་དང་། ཕྱི་དྲོ་ལས་མཇུག་བསྒྲིལ་རྗེས་སྨན་བླའི་ཆོ་གའི་གཏང་རག་དང་། དཔལ་ལྡན་རྩ་རྒྱུད་སྒྲ་དལ་དག་གསལ་གསུམ་གྱིས་མཉམ་འདོན་དང། བསྟན་པ་རྒྱས་པའི་སྨོན་ལམ་སོགས་འདོན་པ། སྨན་རྫས་རེ་རེ་ལ་ཡང་མཆོད་རྫས་ཀྱི་འདུ་ཤེས་ཀྱིས་རིན་ཆེན་ཟངས་ནས་འགོ་བརྩམས་ཏེ་གཡའ་ཕྱི་དུག་འདོན་རྣམས་ཀྱི་ལས་འགོ་བཟུང་། རིམ་བཞིན་ཉིན་གྲངས་བཅུ་གཉིས་ལ་རིན་ཆེན་ཐལ་བཟོ་གྲུབ་པ་དང་། ཚེས་ཉེར་ལྔ་བདུད་རྩི་སྦྱོར་བའི་ཉིན་ཉི་ཤར་གྱི་ཕྱི་ཆ་བདུད་རྩི་ཐུན་མཚམས་སུ་དངུལ་ཆུ་བཀྲུ་བའི་དབུ་བཙུགས་ནས་ཉིན་གྲངས་བཅུ་བཞི་ལ་གཡའ་ཕྱི་དུག་འདོན་དང་། ཧོར་ཟླ་བརྒྱད་པའི་ཚེས་པ་བརྒྱད་ལ་བཙོ་ཆེ་འབྲིང་ཆུང་གསུམ་ཉིན་ཞག་བཅུ་བཞི་དང་། ཚེས་བཅོ་ལྔའི་ཉིན་སེར་སྦྲེང་དང་བཅས་འདུལ་ཁང་ལ་སྐམ་འདུལ་དང་འདམ་འཐག་ཚུལ་བཞིན་བྱས། བཙོ་འདུལ་ལེགས་པར་གྲུབ་རྗེས་མཆོད་སྟེགས་སུ་སེར་སྦྲེང་དང་བཅས་སྤྱན་འདྲེན་ཁྲུས་གསོལ་དང་བདུད་རྩི་སྨན་སྒྲུབ་ཀྱི་ཆོ་ག་ལེགས་པར་བྱས། 
      དེ་ནས་དགེ་རྒན་ཁོང་གིས་དེར་ཞུགས་སློབ་བུ་ཡོངས་ལ་མཁན་རིན་པོ་ཆེའི་ཕྱག་ལེན་ཇི་བཞིན་བཙོ་ཐལ་དངོས་གྲུབ་གནང་ཏེ་དེང་ཕྱིན་ནས་ཁྱེད་ཚོ་ཡང་མཁན་རིན་པོ་ཆེའི་རྒྱུད་འཛིན་དུ་དབུགས་དབྱུང་མཛད་དེ། ཤིས་བརྗོད་ཀྱི་མེ་ཏོག་གཏོར། ཕྱི་ཉིན་བསང་གསེར་སྐྱེམས་དང་། འཕྲིན་བཅོལ་བཀའ་བགེགས་སོགས་སྔར་ལྟར་དང་། རིལ་ནག་ཆེན་མོ་ནས་བཟུང་སྟེ་སྡེབ་སྦྱོར་ཡང་ཟིན་བྲིས་ཇི་བཞིན་དུ་སྨན་མིང་དང་སྡེབ་མིའི་མིང་བཀྲ་སོགས་བཀོད་སྒྲིག་གང་ལེགས་བྱས། ལེགས་པར་གྲུབ་རྗེས་དགེ་རྒན་ཁོང་གིས་དེར་ཞུགས་ཀྱི་སློབ་བུ་དག་ཡང་རིལ་ནག་ཆེན་མོའི་རིལ་བུ་གནང་ཏེ་དེང་ནས་བཟུང་རིལ་ནག་ཆེན་མོའི་གཙོས་རིན་ཆེན་རིལ་བུ་རིགས་བདུན་གྱི་སྦྱོར་བཟོ་ལ་དབང་ཐོབ་པའི་ཤིས་ཚིག་གནང་། དེ་ནས་རིན་ཆེན་གྱི་རིགས་ཡོངས་སུ་གྲུབ་ཏེ་བཀྲ་ཤིས་པའི་སེར་སྦྲེང་དང་བཅས་བདུད་རྩི་བཅུད་རྒྱལ་རིན་པོ་ཆེ་གདན་ཞུས་ཀྱིས་སྨན་ཁང་དུ་སྐྱབས་རྗེ་བཀྲ་ཤིས་རིན་པོ་ཆེས་བསུ་མ་དང་བཅས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཆོད་སྟེགས་སུ་བཞུགས་སུ་གསོལ་ཏེ་ཉམ་ཐག་འགྲོ་ཀུན་མི་འདོད་ན་བའི་སྡུག་བསྔལ་ལས་སེལ་བའི་བགོ་སྐལ་བཞུགས་སུ་གསོལ་ལོ། །
      ཐེངས་འདིའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ལེགས་པར་གྲུབ་པའི་གཏང་རག་གི་མཛད་སྒོ་བསྡུས་ཏེ་དགེ་རྒན་ཁོང་གིས་མཁན་རིན་པོ་ནས་བརྒྱུད་པའི་ཕྱག་ལེན་མཁའ་འགྲོའི་ཞལ་བླངས་ཀྱི་དྲོད་མ་ཡལ་བ་རྒྱུད་འཛིན་སློབ་བུ་དག་ལ་ལེགས་པར་གྲུབ་པའི་དན་རྟགས་སུ་རྒྱུད་འཛིན་དཔང་ཡིག་གནང་སྟེ་མཉམ་པར་བཀྲ་ཤིས་མཛེས་ཚོན་སྣ་ལྔ་སྐྱོན་ནས་མཇུག་བསྡུས། 
      གཞན་བར་གསེང་གི་དུས་ཚོད་བེད་སྤྱད་བྱས་ནས་ཁོང་གིས་བརྩམས་པའི་མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གི་ཞིབ་འཇུག་སློབ་མའི་དཔེ་དེབ་ནད་མེད་ཚེ་བསྲིང་ཞིབ་འཁྲིད་གནང་བ་སོགས་བཀའ་དྲིན་བླ་ལྷག་ཏུ་བསྐྱངས། ཁོང་གིས་སློབ་བུ་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་སྨན་པ་ཚོང་བ་དང་སྨན་ཚོང་རྫས་སུ་བཀོལ་མི་རུང་བའི་ཞལ་ཏ་ནན་མོ་གནང་། མདོར་ན་ཐེངས་འདིའི་བདུད་རྩི་དར་ཡ་ཀན་སྒྲུབ་པ་ལ་ཕྱི་ནང་གི་མཐུན་རྐྱེན་སོགས་གང་ཅིའི་ཐད་ནས་བཀྲ་ཤིས་ཕུན་སུམ་ཚོགས་པ་ཞིག་ཡོང་བ་ནི་བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་། ཁྱད་པར་དུ་རང་ཅག་དགེ་སློབ་རྣམས་ཀྱི་དད་དམ་གཙང་མ། ཡང་སྒོས་སུ་རང་ཅག་རྣམས་ནི་ལྷག་བསམ་རྣམ་དག་གིས་གསོ་རིག་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་ཡོད་པ་ཤ་སྟག་ཡིན་པས་སོ།། 
འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་ཡིས།། ཤར་ཕྱོགས་ངོ་མཚར་རྨད་བྱུང་བཻ་ཌཱུརྱའི།། 
ཞིང་མཆོག་སྨན་གྱི་བླ་མའི་གྲོང་ཁྱེར་དུ་།། སྐྱེས་ནས་བླ་མེད་གོ་འཕང་ཐོབ་པར་ཤོག། 
༼འཕྲིན་གཏོང་བ། བསོད་རྡོ།༽
འབྲེལ་ཡོད་འོས་སྦྱོར།