logo

ཧྲོང་བོ་ཚེ་བརྟན་རྒྱལ་ལགས་ཀྱི་དཔྱད་རྩོམ།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-04-07 ཀློག་གྲངས།:
༄༅། །གེ་སར་རྒྱལ་བོའི་སྒྲུང་ཙ་རི་སྨན་རྫོང་དང་གསོ་རིག་རྒྱུད་བཞི་གཉིས་ཀྱི་དགོངས་དོན་བསྡུར་དཔྱོད།
ཧྲོང་བོ་ཚེ་བརྟན་རྒྱལ།

ནང་དོན་གནད་བསྡུས། ཙ་རི་སྨན་རྫོང་དང་གསོ་རིག་རྒྱུད་བཞི་ལས་གསུངས་པའི་སྟོན་པ་དང་གནས་ཕུན་སུམ་ཚོགས་པ། ནད་ཀྱི་རྒྱུ་རྐྱེན། མཚན་ཉིད་བརྟག་ཐབས། སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་དང་འབིགས་བྱེད་སོགས་རི་ངོས་བཞི། དེ་བཞིན་ལོ་རྒྱུས་མི་སྣ་ཁ་ཤས་དང་གངས་ཐིགས་སོགས་ཀྱི་བཤད་པ་རྣམས་ཕན་ཚུན་བསྡུར་དཔྱོད་ཀྱི་ཚུལ་དུ་བཀོད་ཡོད།
གནད་ཚིག ཙ་རི་སྨན་རྫོང་། གསོ་རིག་རྒྱུད་བཞི། དགོངས་དོན། བསྡུར་དཔྱོད།

        བོད་མི་རིགས་ཀྱི་དཔའ་བོའི་རྟོགས་པ་བརྗོད་པ་འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་ནི། གནའ་རབས་བོད་ཀྱི་སྤྱི་ཚོགས་རྣམ་པ་དང་རིག་གནས་ཤེས་བྱ་སྣ་ཚོགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དྭངས་གཙང་གི་མེ་ལོང་ལྟ་བུ་ཞིག་ཡིན་ཏེ། དེ་ནི་སྐབས་དེའི་དམག་དོན་དང་། ཆོས་ལུགས། ཡུལ་སྲོལ་གོམས་འདྲིས། བསམ་བློའི་ལྟ་བ། དཔལ་འབྱོར་གནས་བབ། ལོ་རྒྱུས། གསོ་དཔྱད་མན་ངག་སོགས་ལས་གྲུབ་པའི་བོད་རིགས་ཀྱི་ཤེས་བྱའི་དེབ་ཐེར་ཆེན་མོ་ཞིག་སྟེ། ཟུར་མང་པོའི་སྒོ་ནས་དཔྱད་ཀྱང་འཛད་མཐའ་བྲལ་ཞིང་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་ལགས་ལ། ཐེངས་འདིར་ཁོ་བོས་ཀྱང་ཙ་རི་སྨན་རྫོང་ལས་བཤད་པའི་སྟོན་པ་དང་གནས་ཕུན་སུམ་ཚོགས་པ། ནད་ཀྱི་རྒྱུ་རྐྱེན། མཚན་ཉིད་བརྟག་ཐབས། སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་དང་འབིགས་བྱེད་སོགས་རི་ངོས་བཞི། ལོ་རྒྱུས་མི་སྣ་འགའ། གངས་ཐིགས་སོགས་སྨན་རྫས་རེ་འགའ་བཅས་ལ་གསོ་རིག་རྒྱུད་བཞི་དང་། བཻ་སྔོན། ཤེལ་གོང་ཤེལ་ཕྲེང་སོགས་དང་བསྡུར་ཏེ་ཕན་ཚུན་དཔྱད་པ་བཏང་ཙ་ན། དོན་གྱི་རྒྱས་བསྡུས་དང་ཚིག་གི་བརྗོད་སྟངས། རྣམ་གྲངས་ཀྱི་གོ་རིམ་སྒྲིག་ཚུལ་སོགས་ལ་ཁྱད་པར་ཐར་ཐོར་རེ་མཆིས་པ་མ་གཏོགས། ཙ་རི་སྨན་རྫོང་ལས་བཤད་པའི་གསོ་དཔྱད་ཤེས་བྱ་དག་ནི་གསོ་རིག་རྒྱུད་བཞིའི་དགོངས་དོན་དང་ཕལ་ཆེར་ཇི་མ་ཇི་བཞིན་འདུག་པ་དང་། ད་དུང་སྒྲུང་ལས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ནི་ལྷོ་ཙ་རི་ཊར་ངོས་འཛིན་བྱས་པ་སོགས་བློ་ཞིབ་མོས་དཔྱད་ན་ཧ་ཅང་དཔྱད་རྒྱུ་ཡོད་པ་ཞིག་རེད།
དང་པོ། སྟོན་པ་དང་གནས་ཕུན་སུམ་ཚོགས་པའི་བསྡུར་དཔྱོད།
        ཙ་རི་སྨན་རྫོང་ལས། གཞལ་ཡས་ཁང་ཆེན་པོ་དེའི་དབུས་ན། བཻཌཱུརྱའི་ཁྲི་ལ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་བོ་དེ་ཉིད་ཅེས་ཕུན་སུམ་ཚོགས་པ་ལྔ་ལྡན་ལས་སྟོན་པ་ཕུན་སུམ་ཚོགས་པ་དང་གནས་ཕུན་སུམ་ཚོགས་པ་བསྟན་ཡོད་པ་དེ་ནི། གསོ་རིག་རྒྱུད་བཞི་ལས། གཞལ་ཡས་ཁང་དེའི་དབུས་ན་ནོར་བུ་བཻཌཱུརྱའི་གདན་ལ་སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་བོ་ཞེས་བྱ་བ་བཞུགས་སོ།།ཞེས་པ་དང་ཆེས་ཆེར་འདྲ་བ་མ་ཟད། དེ་གཉིས་ལས་བཻཌཱུརྱའི་ཁྲི་དང་བཻ་ཌཱུརྱའི་གདན་ཞེས་པའི་ཐ་སྙད་ཅུང་མི་འདྲ་བ་གཉིས་བྱུང་བ་མ་གཏོགས་གཞན་དག་ཇི་མ་ཇི་བཞིན་འདུག ཁྲི་དང་གདན་ཞེས་པ་ལའང་འགལ་བ་ཅི་ཡང་མེད་དེ། སྒྲུང་ལས་ཁྲི་ཟེར་སྐབས་རྒྱུད་ཀྱི་བཻཌཱུརྱ་སེར་པོ་དང་དཀར་པོ་དང་སྔོན་པོ་རྣམས་ལས་གྲུབ་པའི་ཁྲི་དེ་བསྟན་པ་ཡིན་ལ། རྒྱུད་ལས་གདན་ཞེས་པ་ནི། ཁྲི་སེང་གེ་དང་གླང་པོ་ཆེ་དང་རྟ་མཆོག་དང་ཁྱུང་དང་རྨ་བྱས་བཏེགས་པའི་སྟེང་དུ་ལྷ་གོས་རིན་ཐང་མེད་པ་བཏིང་བའི་གདན་སྟེ་ཁྲི་རྒྱབ་དྲུག་འགྱོག་སྟེང་གོས་གདན་དང་བཅས་ལ་བཤད་པ་རེད། ཡང་ཙ་རི་སྨན་རྫོང་ལས། བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་བོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་ཤིང་། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་བླ་ན་མེད་པ་ཕུལ་བ་དང་། དེ་དག་གི་ཐུགས་རྒྱུད་བསྐུལ་ནས་འགྲོ་བ་སེམས་ཅན་ཐམས་ཅད་ལ་མ་རིག་པའི་དབང་གིས་ནད་ཀྱིས་མནར་བའི་སྡུག་བསྔལ་ལས་གྲོལ་བ་སོགས་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་ནས་སླར་ཡང་སྐུའི་ཆ་ཐམས་ཅད་ལ་ཐིམ། ཞེས་པ་དང་། རྒྱུད་བཞི་ལས། སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་བོ་དེས་ནད་བཞི་བརྒྱ་རྩ་བཞི་ཞི་བར་བྱེད་པའི་སྨན་གྱི་རྒྱལ་བོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། སྙོམས་པར་ཞུགས་མ་ཐག་ཏུ་ཐུགས་ཀ་ནས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཉེས་པའི་སྐྱོན་བསལ། མ་རིག་པ་ལས་བྱུང་བའི་དུག་གསུམ་གྱི་ནད་ཐམས་ཅད་ཞི་བར་བྱས་ནས་སླར་ཐུགས་ཀར་འདུས།ཞེས་པ་གཉིས་ལ་དཔྱད་ཙ་ན། དཔར་སྐྱོན་ཡིན་མིན་མི་ཤེས་མོད། སྒྲུང་ལས་སྙོམས་པར་བཞུགས་ཞེས་དང་། རྒྱུད་ལས་སྙོམས་པར་ཞུགས།ཞེས་བྲིས་འདུག་པའི་ཁྱད་པར་ཙམ་བདོག
གཉིས་པ། ནད་ཀྱི་རྒྱུ་རྐྱེན་དཔྱོད་གླེང་།
        ཙ་རི་སྨན་རྫོང་ལས། སྤྱིར་རིགས་དྲུག་འཁྲུལ་བའི་སེམས་ཅན་ལ།། ནད་ཉོན་མོངས་དུག་གསུམ་མ་གྲོལ་ན།། ཕྱི་དུས་བཞིའི་ནད་ལ་ཟད་མཐའ་མེད།། ཅེས་སྤྱིར་ནད་ཀྱི་རྣམ་གྲངས་དབྱེ་ན་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་གྲངས་ལས་འདས་པ་ཞིག་ཡོད་པ་བཞིན། དེ་དག་གི་རྒྱུ་རེ་རེ་བཞིན་བརྗོད་རྒྱུ་ནི་ཤིན་ཏུ་ཁག་པའི་ལས་ཤིག་ཡིན་མོད། འོན་ཀྱང་ནད་ཡོད་དོ་ཅོག་རང་རྒྱུད་མ་རིག་ཉོན་མོངས་པས་མ་སྐྱེས་པ་ཞིག་མེད། ཉོན་མོངས་བས་ཀུན་ནས་འཁྲུལ་ཏེ་སྲིད་པ་འཁོར་བར་འཁྱམས་པའི་འགྲོ་བ་རིགས་དྲུག་གི་རྒྱུད་ནས་ཇི་སྲིད་མ་རིག་མ་སངས་པའི་བར་དུ། དེ་སྲིད་མ་རིག་པ་ལས་དུག་གསུམ་སྐྱེད་པ་དང་། དེས་ནི་མཚུངས་ལྡན་དུ་ཉེས་པ་གསུམ་སྐྱེད་པ། ཉེས་པ་གསུམ་ལས་སྤྱི་བྱེ་བྲག་གི་སྒོ་ནས་རིགས་སྟོང་དང་དྲུག་བརྒྱ་བཅུ་དྲུག་སོགས་འབྱུང་བ་ནི་ཕྱི་དུས་བཞི་ཞེས་ཕྱི་རྐྱེན་དུས་གདོན་ཟས་སྤྱོད་བཞིས་བསྐྱེད་པའི་ནད་ཡིན་པར་བསྟན་པ་དང་དེ་ལ་གྲངས་དང་མིང་གི་ངེས་གཏན་མེད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། རྒྱུད་ལས་ཀྱང་དེ་དང་མཐུན་པར་གསུངས་ཡོད་དེ། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ།། བདག་མེད་དོན་མ་རྟོགས་པས་མ་རིག་ཅེས།། དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང་།། རང་གི་གྲིབ་མ་དེ་དང་མི་འབྲལ་བཞིན།། འགྲོ་ཀུན་བདེ་བར་གནས་ཤིང་སྐྱོད་ན་ཡང་།། མ་རིག་ལྡན་པས་ནད་དང་འབྲལ་མི་སྲིད།། ཅེས་པ་གཉིས་ཚད་ལྡན་གྱི་གཞུང་ལུགས་དང་དམངས་ཁྲོད་གྲོང་ཚིག་གཉིས་ཀྱི་ཁྱད་པར་ལས་རྒྱས་བསྡུས་དང་། རགས་ཞིབ་ཀྱི་དབྱེ་བ་ཅུང་ཡོད་པ་མ་གཏོགས་དགོངས་གཞིའི་གོ་དོན་འགལ་མེད་རེད།
        གཞན་ཡང་སྒྲུང་ལས། མ་རིག་འཁྲུལ་བའི་སེམས་ཅན་གྱི།། རྐྱེན་ཚ་གྲང་ནད་རྣམས་ཞི་གྱུར་ཅིག། ཅེས་མ་རིག་འཁྲུལ་བ་ཉོན་མོངས་པའི་དབང་དུ་གྱུར་བའི་སེམས་ཅན་གྱི་ནད་ནི་ཉེས་པ་གནོད་བྱ་ཉི་ཤུ་རྩ་ལྔ་ལ་རྐྱང་བ་ལྡན་འདུས་དུ་མའི་རིགས་ངོས་འཛིན་བྱ་རྒྱུ་ནི་དཀའ་ན་ཡང་། ཉེས་གསུམ་ནི་མཐར་གཏུགས་ན་འབྱུང་བཞིའི་བདག་ཉིད་ཅན་དང་། འབྱུང་བ་ས་ཆུ་མེ་རླུང་ནི་ཚ་གྲང་གཉིས་སུ་འདུ་བ་ཡིན་པས་ཐམས་ཅད་ངོ་བོ་གཅིག་ཡིན། དེ་ལྟར་ཉེས་པ་གསུམ་མཚན་ཉིད་འཕེལ་ཟད་འཁྲུགས་གསུམ་ཅི་རིགས་སུ་གྱུར་ཡང་ཉུང་དུ་བསྡུས་ན་ཚ་གྲང་གཉིས་སུ་འདུ་བ་ནི། རྒྱུད་ལས། བད་རླུང་གྲང་ལ་ཁྲག་མཁྲིས་ཚ་བས་ན།། དུ་མར་ཕྱེ་ཡང་ཚ་གྲང་གཉིས་སུ་འདུས།། ཞེས་གསུངས་པ་དང་ཚིག་དོན་གཉིས་ཀྱི་ཆ་ནས་ངོ་འཕྲོད་པ་ཞིག་རེད།
        སྒྲུང་ལས། ཁྲོ་ཐུང་ཁོང་གི་ལུས་ཀྱི་འདུ་བ་རྣམས་འཁྲུགས་པས། སྟོད་ལ་ཚ་བ་མེ་ལྟར་འབར་བ། སྨད་ལ་གྲང་བ་ཆུ་ལྟར་འཁོལ་བ།།ཞེས་གླིང་ཁྲོ་ཐུང་གི་ལུས་ཀྱི་འདུ་བ་སྟེ་ཉེས་པའི་ཁམས་མ་སྙོམས་པ་འཁྲུགས་པའི་རྟགས་སུ་ལུས་སྟོད་སྨད་དུ་ཕྱེས་པའི་སྟོད་ལ་ཚ་བ་འབར་ཞིང་སྨད་ལ་གྲང་བ་རྒྱས་པར་བསྟན་པའང་རྒྱུད་ཀྱི་དགོངས་པ་དང་མཐུན་པ་རེད། རྒྱུ་མཚན་ནི་མི་ལུས་ལ་མཚོན་ནའང་ལུས་སྟོད་ལ་ཚ་བ་དང་སྨད་ལ་གྲང་བ་འབྱུང་མོད། སྨད་ལ་ཚ་བ་དང་སྟོད་ལ་གྲང་བ་དུས་མཉམ་དུ་འབྱུང་མི་སྲིད་པའི་ཆོས་ཉིད་བསྟན་པ་ཧ་ཅང་གསལ་བ་བཞིན། རྒྱུད་ལས་ཀྱང་། དོན་ཚ་སྣོད་ལ་གྲང་བ་འབྱུང་སྲིད་ཀྱི།། སྣོད་ཚ་དོན་ལ་གྲང་བ་འབྱུང་མི་སྲིད།། སྟོད་སྨད་གཉིས་ཀྱང་དེ་བཞིན་ཤེས་པར་བགྱི།། ཞེས་གསུངས་ཡོད་པའི་ཚིག་རྐང་རྗེས་མའི་དོན་ལྷུགས་པོར་བཀྲལ་འདུག
གསུམ་པ། སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་གི་ངོས་འཛིན་དཔྱོད་གླེང་།
        སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ་འདིར་བོད་ཀྱི་མཁས་པ་རྣམས་ལ་ཕྱི་ནང་གསང་གསུམ་གྱི་ངོས་འཛིན་ཚུལ་མི་གཅིག་པ་དུ་མ་ཞིག་ཡོད་པས། ལ་ལས་རི་རབ་ཀྱི་རྩེ་མོ་སུམ་ཅུ་རྩ་གསུམ་དང་། འབིགས་བྱེད་སོགས་རི་བཞིའི་དབུས། རྒྱ་གར་རྡོ་རྗེ་གདན། ཨྱོན་ཡུལ་སོགས་རང་རང་གི་བཞེད་ཚུལ་སྣ་ཚོགས་ཤིག་ལབ་ཀྱིན་ཡོད་ལ། དེ་ལས་དེང་དུས་ཀྱི་རྣམ་དཔྱོད་ཅན་མང་བོ་ཞིག་ཀྱང་རྗེ་ཟུར་མཁར་བའི་རྗེས་སུ་འབྲངས་ནས་བཤད་མཛོད་ཆེན་མོའི་སྨན་གྱི་ནགས་སུ་ལོ་བཞི་སྟེ། ཞེས་པར་ཕལ་ཆེ་བས་ངོས་འཛིན་བྱས་ཡོད། གེ་སར་རྒྱལ་བོའི་སྒྲུང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ནི་བོད་རང་གི་གནས་མཆོག་ཙ་རི་ཊར་ངོས་འཛིན་གཏན་འཁེལ་བྱས་ཡོད། དེ་ནི་མི་རིགས་ཤིག་གི་རང་རྐྱ་འཕེར་བའི་རང་གཤིས་དང་ཞུམ་མེད་ཀྱི་སྤོབས་པ་མཚོན་པའི་སྙིང་སྟོབས་ཤིག་ཀྱང་མིན་ནམ་སྙམ། ཙ་རི་སྨན་རྫོང་ལས། ལྷོ་འཛམ་བུ་གླིང་གི་ཡུལ་གྲུ་འདིར།། མ་འགྲོ་ཀུན་ནད་ལས་དགྲོལ་བའི་ཕྱིར།། བདུད་རྩི་སྨན་གྱི་ས་བོན་བཏབ།། རི་གངས་ཅན་བོད་ཀྱི་ཡུལ་ལྗོངས་འདིར།། ལྷོ་ཙ་རི་ཊ་ལ་བྱིན་གྱིས་བརླབས།། ཞེས་བདག་བས་གཞན་གཅེས་ཀྱི་སངས་རྒྱས་བྱང་སེམས་རྣམས་ཀྱིས་ལྷ་འཛམ་བུ་གླིང་འདིར་ནད་ཀྱི་གཉེན་པོར་སྨན་གྱི་ས་བོན་འདེབས་དུས། རང་རེ་ཁ་བ་རི་བོའི་གནས་ཙ་རི་ཊ་ལ་བྱིན་གྱིས་བརླབས་པ་རེད་ཅེས་པ་ནི། གསར་གཏོད་དང་ཡར་ཐོན་གྱི་རང་བཞིན་ཡང་ལྡན་པ་རེད། དེ་ལྟར་གནས་ཙ་རི་ཊར་བྱིན་གྱིས་བརླབས་པ་ཡིན་ན་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཀྱང་ཙ་རི་ཊ་དང་ངོ་བོ་དབྱེར་མེད་པ་ཞིག་ཡིན་དགོས་པ་བཞིན། སྒྲུང་ལས། དབུས་རྣམ་པར་རྒྱལ་བའི་རི་བོ་ལ།། རྒྱུ་རིན་ཆེན་སྣ་ལྔའི་ལྷུན་པོའི་དབུས།། མི་ཤིག་ནོར་བུའི་གཞལ་མེད་ནང་།། ཞེས་དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་དེ་གནས་ཙ་རི་ཊ་རུ་ལྷུན་གྱིས་གྲུབ་པ་དང་། སྒྲུང་ལས་ཙ་རི་ཊ་ནི། ལས་དག་པ་རྣམས་ཀྱི་སྣང་ངོ་ལ།། ཤར་ལྟ་ན་སྡུག་པའི་ཞིང་ཁམས་ཡིན།། ཞེས་བཤད་ཡོད། འདི་ལྟར་ངོས་འཛིན་བྱེད་པ་ནི་གྲོང་ཁྱེར་ལྟ་ན་སྡུག་ལ་ཕྱི་ནང་གསང་གསུམ་གྱི་ངོས་འཛིན་ཚུལ་ཡོད་པ་ལས། ཕྱི་ཡི་གྲོང་ཁྱེར་ལྟ་ན་སྡུག་ཅེས་འདི།། རྒྱ་གར་ཡུལ་དང་ནུབ་ཕྱོགས་ཨུ་རྒྱན་ཡུལ།། འོག་མིན་གནས་དང་རི་རབ་རྩེ་ལ་སོགས།། མཆོག་སྤྲུལ་གནས་དེར་གང་ཡང་གསོལ་བཏབ་ན།།  སྐལ་ལྡན་བུ་དང་མཇལ་བར་ངེས་པ་ཡིན།། ཞེས་པ་དང་ཡང་དགོངས་དོན་མཐུན་པ་ཡིན།
བཞི་བ། འབིགས་བྱེད་སོགས་རི་ངོས་བཞིའི་རང་བཞིན་བཀོད་པའི་དཔྱོད་གླེང་།
        གཅིག རི་བོ་སྤོས་ངད་ལྡན་གྱི་རང་བཞིན་བཀོད་པ།
        ཙ་རི་སྨན་རྫོང་ལས། ཤར་ན་རི་བོ་སྤོས་ངད་ལྡན།། རིགས་ལྔ་ཨ་རུའི་ནགས་ཚལ་དུ།། ཨ་རུ་རྣམ་པར་རྒྱལ་བ་འཁྲུངས།། རོ་དྲུག་ནུས་བརྒྱད་ཞུ་རྗེས་གསུམ།། ཡོན་ཏན་བཅུ་བདུན་རྫོགས་པ་དེས།། བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ།། ཞེས་པ་ལ་རྒྱུད་ལས། གྲོང་ཁྱེར་དེའི་ཤར་ཕྱོགས་ན་རི་བོ་སྤོས་ངད་ལྡན་ཞེས་བྱ་བའི་རི་ལ་ཨ་རུ་རའི་ནགས་ཚལ། རྩ་བས་རུས་པའི་ནད་སེལ་བ། སྡོང་བོས་ཤའི་ནད་སེལ་བ། ཡལ་གས་རྩ་རྒྱུས་ཀྱི་ནད་སེལ་བ། ཤུན་པས་པགས་པའི་ནད་སེལ་བ། ལོ་མས་སྣོད་ཀྱི་ནད་སེལ་བ། མེ་ཏོག་གིས་དབང་བོའི་ནད་སེལ་བ། འབྲས་བུས་དོན་སྙིང་གི་ནད་སེལ་བ། རྩེ་མོ་ན་ཨ་རུ་ར་རྣམ་ལྔ་སྨིན་པ། རོ་དྲུག་དང་ལྡན་པ། ནུས་པ་བརྒྱད་དང་ལྡན་པ། ཞུ་རྗེས་གསུམ་དང་ལྡན་པ། ཡོན་ཏན་བཅུ་བདུན་རྫོགས་པ། ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་སེལ་བ། དྲི་ཞིམ་པ་ལྟ་ན་སྡུག་པ་ཡིད་དུ་འོང་བ་སྨན་གྱི་དྲིས་ཁྱབ་པ་རྣམས་སུ་ནད་བཞི་བརྒྱ་རྩ་བཞི་མི་འབྱུང་བ་ཡོད་དོ།། ཞེས་པ་དང་ཇི་མ་ཇི་བཞིན་ཡིན་ལ། ཨ་རུ་རའི་ནགས་ཚལ་གྱི་རྩ་སྡོང་ཡལ་ག་ཤུན་འབྲས་སོགས་ཀྱིས་རེ་རེ་བཞིན་ནད་སེལ་ཚུལ་ནི་རྒྱུད་ན་མ་གཏོགས་སྒྲུང་ན་མེད་པ་ནི། རྒྱུད་ཚིག་སྐབས་འདིར་ལྷུགས་པོར་བཀྲལ་ཡོད་པ་དང་། སྒྲུང་ཚིག་བཅད་ཡིན་རྐྱེན་བརྗོད་བདེ་བའི་ཆེད་རྩོམ་པ་པོས་ཅུང་བསྡུས་པ་ཡིན་ཏེ། སུམ་ཅུ་བ་ལས། ཚིགས་སུ་བཅད་པའི་སྦྱོར་བ་རྣམས།། ཅུང་ཟད་བསྡུས་པ་ཡོད་ན་ཡང་།། དེ་ནི་དེ་བཞིན་སྦྱར་བར་བྱ།། ཞེས་པའི་དགོངས་པ་ལྟར་ཤུགས་སུ་ཨ་རུ་རའི་རོ་ནུས་ཞུ་རྗེས་སོགས་ཞིབ་སྤྲོས་བྱས་པ་དེ་ལས་ཤེས་ནུས།
        གཉིས། རི་བོ་འབིགས་བྱེད་ཀྱི་རང་བཞིན་བཀོད་པ།
        ཙ་རི་སྨན་རྫོང་ལས། ལྷོ་ན་རི་བོ་འབིགས་བྱེད་ཅེས།། ཚ་བ་ཉི་མའི་སྟོབས་དང་ལྡན།། སེ་འབྲུ་པི་ལང་ན་ལེ་ཤམ།། ཙི་ཏྲ་ཀ་སོགས་ནགས་ཚལ་ཡོད།། ཚ་ཞིང་ཚ་ལ་རྣོ་བ་ཡིས།། གྲང་བའི་ནད་རིགས་ཐམས་ཅད་སེལ།།ཞེས་ལྷོ་ཕྱོགས་རི་བོ་འབིགས་བྱེད་ཀྱི་རང་བྱུང་གི་བཀོད་པ་དང་། སྨན་རྫས་ཀྱི་ནུས་སྟོབས་བསྟན་པ་དང་། རྒྱུད་ལས། གྲོང་ཁྱེར་དེའི་ལྷོ་ཕྱོགས་ན་རི་བོ་འབིགས་བྱེད་ཅེས་བྱ་བ་ཉི་མའི་སྟོབས་དང་ལྡན་པའི་རི་ལ་སེ་འབྲུ་དང་ན་ལེ་ཤམ་དང་པི་པི་ལིང་དང་ཙི་ཏྲ་ཀ་ལ་སོགས་པ་གྲང་བ་སེལ་བར་བྱེད་པའི་སྨན་རོ་ཚ་བ་དང་སྐྱུར་བ་དང་ལན་ཚྭ་བ་དང་ནུས་པ་ཚ་བ་དང་རྣོ་བའི་སྨན་གྱི་ནགས་ཚལ། རྩ་བ་དང་སྡོང་བོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུར་ལྡན་པའི་སྨན་དྲི་ཞིམ་པ་ལྟ་ན་སྡུག་པ་ཡིད་དུ་འོང་བ་སྨན་གྱི་དྲིས་ཁྱབ་པ་རྣམས་སུ་གྲང་བའི་ནད་མི་འབྱུང་བ་ཡོད་དོ།།ཞེས་པ་གཉིས་ལས། སྒྲུང་ཚིག་དུ་གོང་བཞིན་རྩ་སྡོང་མེ་ཏོག་འབྲས་བུ་ཁ་གསལ་མེད་པ་དང་། པི་པི་ལིང་གི་ལིང་ཡིག་ལ་དཔར་སྐྱོན་གྱིས་ལང་ཞེས་གི་གུ་ཆད་འདུག་པ་ལས་ཁྱད་པར་མི་འདུག
         གསུམ། རི་བོ་མ་ལ་ཡའི་རང་བཞིན་གྱི་བཀོད་པ།
         ཙ་རི་སྨན་རྫོང་ལས། ནུབ་ན་རི་བོ་མ་ལ་ཡ།། མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག། ཛ་ཏི་སུག་སྨེལ་ཀ་ཀོ་ལ།། ལི་ཤི་ལ་སོགས་ནགས་ཚལ་ཡོད།། ཡལ་ག་ལོ་མ་མེ་ཏོག་དང་།། འབྲས་བུ་སྡོང་བོ་ལ་སོགས་པས།། དབང་བོ་ལྔ་ཡི་ནད་རྣམས་སེལ།། ཞེས་དང་། ཉི་ཟླའི་ནུས་སྟོབས་མཉམ་པའི་གྲོང་ཁྱེར་ལྟ་ན་སྡུག་གི་ནུབ་ཕྱོགས་ཀྱི་རི་ངོས་འདི་ལ་རྒྱུད་ལས་ཀྱང་། གྲོང་ཁྱེར་དེའི་ནུབ་ཕྱོགས་ན་རི་བོ་མ་ལ་ཡ་ཞེས་བྱ་བ་ལ་བཟང་པོ་དྲུག་གི་སྨན་འཁྲུངས་པ། ཞེས་རི་བོ་མ་ལ་ཡ་དེ་ཉིད་གྲོང་ཁྱེར་ལྟ་ན་སྡུག་གི་ནུབ་ཕྱོགས་ཀྱི་རི་ངོས་ཡིན་ཚུལ་དང་། དེ་ལས་སྨན་བཟང་པོ་དྲུག་སྟེ། ཛ་ཏི་སུག་སྨེལ་ཀ་ཀོ་ལ། ཅུ་གང་གུར་གུམ་ལི་ཤི་དྲུག་གི་ནགས་ཚལ་བསིལ་དྲོད་སྙོམས་པར་ཡོད་པ་སོགས་རྒྱུད་དང་སྒྲུང་གཉིས་ཀ་རྩ་འགྲེལ་གྱི་ཚུལ་དུ་འདུག རྒྱུད་ལས་བཟང་པོ་དྲུག་ཅེས་པ་ལས་རེ་རེ་བཞིན་གྲངས་འདྲེན་བྱས་མེད་མོད། སྒྲུང་ལས་ཛ་ཏི་སུག་སྨེལ་ཀ་ཀོ་ལ། ལི་ཤི་ལ་སོགས་ཞེས་གོང་གི་རྣམ་གྲངས་ཁ་གསབ་བྱས་ཡོད། སྤྱིར་སྒྲུང་ནི་ངལ་རྩོལ་མི་དམངས་ཀྱི་ངག་ཐོག་ནས་འཚོལ་སྡུད་དང་ལེགས་སྒྲིག་བྱས་པ་ཡིན་སྟབས་དེ་འདྲའི་ཞིབ་ཚགས་མིན་ཡང་། འདི་ལྟར་ན་ཧ་ཅང་ཁ་གསལ་གོ་བདེའི་ཁྱད་ཆོས་ལྡན་པ་རེད། གཞན་ཡང་རི་མ་ལ་ཡར་གནས་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་ཅོང་ཞི་རིགས་ལྔ། ཆུ་ཚན་རིགས་ལྔ་སོགས་སྒྲུང་གི་སྐབས་སུ་བསྡུས་ཟིན་ན་ཡང་། གོང་ནས་ཤར་ཕྱོགས་རི་བོ་སྤོས་ངད་ལྡན་གྱི་ཨ་རུ་རའི་ནགས་ཚལ་གྱི་སྐབས་སུ་བསྡུས་འབྲི་བྱས་པའི་རྩ་བ། སྡོང་བོ། ཡལ་ག ཤུན་པ། ལོ་མ། མེ་ཏོག འབྲས་བུ་སོགས་ཀྱིས་རིམ་པ་བཞིན་དུ། རུས་པ། ཤ རྩ་རྒྱུས། པགས་པ། སྣོད། དབང་བོ། དོན་ལྔ་བཅས་ཀྱི་ནད་སེལ་ཚུལ།། ཡལ་ག་ལོ་མ་མེ་ཏོག་དང།། འབྲས་བུ་སྡོང་བོ་ལ་སོགས་པས།། དབང་བོ་ལྔ་ཡི་ནད་རྣམས་སེལ།། ཞེས་འདི་རུ་ཞིབ་ཕྲ་བཀོད་འདུག
         བཞི། བྱང་ཕྱོགས་རི་བོ་གངས་ཅན་གྱི་རང་བཞིན་བཀོད་པ།
         ཙ་རི་སྨན་རྫོང་ལས།། བྱང་ན་རི་བོ་གངས་ཅན་ཞེས།། གྲང་བསིལ་ཟླ་བའི་སྟོབས་དང་ལྡན།། ཙན་དན་ག་བུར་ཨ་ག་རུ།། ནུ་བ་ལ་སོགས་ནགས་ཚལ་ཡོད།། བསིལ་ལ་རྟུལ་པའི་ནུས་པ་ཡིས།། གྲང་བའི་ནད་རིགས་ཐམས་ཅད་སེལ།།ཞེས་པ་དང། རྒྱུད་ལས། གྲོང་ཁྱེར་དེའི་བྱང་ཕྱོགས་ན་རི་བོ་གངས་ཅན་ཞེས་བྱ་བ་ཟླ་བའི་སྟོབས་དང་ལྡན་པའི་རི་ལ་ཙན་དན་དང་ག་བུར་དང་ཨ་ག་རུ་དང་ནིམ་པ་ལ་སོགས་པ་ཚ་བ་སེལ་བར་བྱེད་པའི་རོ་ཁ་བ་དང་མངར་བ་དང་བསྐ་བ་དང་ནུས་པ་བསིལ་ལ་རྟུལ་བའི་སྨན་གྱི་ནགས་ཚལ། རྩ་བ་དང། སྡོང་བོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུར་ལྡན་པའི་སྨན་དྲི་ཞིམ་པ། ལྟ་ན་སྡུག་པ་ཡིད་དུ་འོང་བ་སྨན་གྱི་དྲིས་ཁྱབ་པ་རྣམས་སུ་ཚ་བའི་ནད་མི་འབྱུང་བ་ཡོད་དོ།། ཞེས་པའི་རྒྱུད་ཚིག་དང་སྒྲུང་ཚིག་གཉིས་གཤིབ་བསྡུར་ལེགས་པར་བྱས་ཚེ། ནིམ་པ་ལ་སྒྲུང་ལས་ནུ་བ་ཞེས་ཡི་གེ་ལོག་འདུག་པ་དང། རི་བོ་གངས་ཅན་ནི་བསིལ་བ་ཟླ་བའི་སྟོབས་དང་ལྡན་པ་ཡིན་ཕྱིན་དེ་ལས་བྱུང་བའི་ག་བུར་དང་ཙན་དན་སོགས་ཀྱི་ནུས་པ་དང་རྟུལ་བས་ཚ་བའི་ནད་སེལ་བ་ཡིན་ཡང། སྒྲུང་ལས་དཔར་སྐྱོན་ཡིན་མིན་མི་ཤེས་ཏེ། དོན་ལོག་ནས་བསིལ་ལ་རྟུལ་བའི་ནུས་པ་ཡིས།། གྲང་བའི་ནད་རིགས་ཐམས་ཅད་སེལ།། ཞེས་པ་དང་། སྐབས་འདིར་ཡང་རྩ་སྡོང་སོགས་སྒྲུང་ལས་མ་བཀོད་པ་མ་གཏོགས་གཞན་ཐ་དག་ལ་ཚིག་གཅིག་གི་མང་ཉུང་ཡང་མེད་པ་ལྟར་འདུག
         ལྔ། ཕྱོགས་བཞི་དང་བཅས་པའི་གྲོང་ཁྱེར་སྤྱིའི་རྒྱན་བཀོད།
         ཙ་རི་སྨན་རྫོང་ལས། གཞན་ཡང་གནས་དེའི་ཁོར་ཡུག་ན།། ཆུ་ལ་ཆུ་ཚན་རིགས་ལྔ་དང་།། བྲག་ལ་བྲག་ཞུན་རིགས་ལྔ་དང་།། རྡོ་ལ་ཅོང་ཞི་རིགས་ལྔ་དང།། ས་ལ་ས་ཞག་རིགས་ལྔ་སོགས།། རི་བྲག་ཐམས་ཅད་སྨན་གྱིས་ཁྱབ།། སྤང་ལ་གུར་ཀུམ་ཨུཏྤལ་དང་།། དཀར་དམར་སྨན་གྱི་མེ་ཏོག་རྣམས།། ལོ་མ་རྒྱས་ལ་འབྲས་བུ་དུད།། མགོ་ལྕོག་ལྡེམ་ཞིང་དྲི་བཟང་འཐུལ།། རྨ་བྱ་ཤང་ཤང་ནེ་ཙོ་སོགས།། སྙན་པའི་རང་རང་བྱ་སྐད་སྒྲོག།། ཤ་དང་གླ་བ་གླང་ཆེན་ཁྱུ།། རྩེད་འཇོ་རོལ་བར་བག་ཕེབས་རྒྱུ།། ཞིང་ལྟ་ན་སྡུག་གི་བཀོད་པ་རྫོགས།།ཞེས་བཀོད་ཡོད། རྒྱུད་ལས་ཕྱོགས་ཀྱི་རི་ངོས་བཞི་བོ་རིམ་བཞིན།། འབིགས་བྱེད།། གངས་ཅན། སྤོས་ངད་ལྡན།། མ་ལ་ཡ་བཅས་སོ་སོའི་བཀོད་པ་དང་ཁྱད་ཆོས་བརྗོད་པ་ཡིན་ཀྱང་། སྒྲུང་ལས། སྤོས་ངད་ལྡན། འབིགས་བྱེད། མ་ལ་ཡ། གངས་ཅན་བཅས་གོ་རིམ་འཆོལ་བར་སྦྱར་བའི་སྟབས་ཀྱིས། ནུབ་ཕྱོགས་ཀྱི་རི་བོ་མ་ལ་ཡའི་ཚབ་ཏུ་གངས་ཅན་བཞག་པ་དང། མ་ལ་ཡའི་ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་ཅོང་ཞི་རིགས་ལྔ་དང་། བྲག་ཞུན་རིགས་ལྔ་དང་། ཆུ་ཚན་རིགས་ལྔ་སོགས་ནི་སྟེ་སྒྲ་ཞིག་གིས་མ་ལ་ཡའི་རི་ངོས་ཀྱི་སྨན་སྣ་མིན་པར་བསྟན་པ་དང་། ད་དུང་དེ་ལ་མཉམ་མ་བཞག་པར། གཞན་ཡང་གནས་དེའི་ཁོར་ཡུག་ན་ཞེས་གྲོང་ཁྱེར་སྤྱིའི་བཀོད་པར་འཁྲུལ་བ་རེད། གེ་སར་སྒྲུང་ནི་རྩོམ་རིག་རྣམ་པ་གཙོ་ཆེ་བའི་དབང་གིས་རྩེད་འཇོ་རོལ། མགོ་ལྕོག་ལྡེམ་ཞེས་པ་སོགས་ཀྱི་ཚིག་རྒྱན་རེ་གཉིས་བཀོད་ཡོད་པ་དང་། རྒྱུད་ལས། ས་ཕྱོགས་ཐམས་ཅད་ཀྱང་གུར་ཀུམ་གྱི་སྤང་རི་དང་སྤོས་ཀྱི་ངད་ལྡང་བ། བྲག་ཐམས་ཅད་ལ་རྡོའི་སྨན་དང་ཚྭ་སྣའི་རིགས་ཚང་བར་ཡོད་པ། སྨན་གྱི་ནགས་ཚལ་གྱི་རྩེ་ན་རྨ་བྱ་དང་ཤང་ཤང་དང་ནེ་ཙོ་ལ་སོགས་པ་བྱ་སྐད་སྙན་པར་སྒྲོག་པ། རྩ་བ་ན་གླང་པོ་ཆེ་དང་དོམ་དང་གླ་བ་ལ་སོགས་པ་སྨན་བཟང་པོ་ཡོད་པའི་སེམས་ཅན་ཚང་བར་གནས། ཞེས་གསུངས། སྒྲུང་ལས། རྒྱུད་ཀྱི་སྨན་ཆུ་རིགས་ལྔའི་ཚབ་ཏུ་ས་ཞག་རིགས་ལྔ་བཞག་པ་དང་། སྤང་ལ་གུར་ཀུམ་ཨུཏྤལ་དང་།། དཀར་དམར་སྨན་གྱི་མེ་ཏོག་རྣམས།། ལོ་མ་རྒྱས་ལ་འབྲས་བུ་དུད།། མགོ་ལྕོག་ལྡེམ་ཞིང་དྲི་བཟང་འཐུལ།། ཞེས་རྒྱུད་ཀྱི་གུར་ཀུམ་གྱི་སྤང་རི་དང་སྤོས་ཀྱི་ངད་ལྡང་བ་ཞེས་པ་རྒྱས་འགྲེལ་ལྟ་བུ་ཞིག་ཀྱང་བྱས་འདུག འདི་འདྲའི་ཁྱད་པར་ཙམ་མ་གཏོགས་རྒྱུད་དང་སྒྲུང་གཉིས་ནི་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟ་བུ་ཞིག་མ་ཡིན་ནམ།
ལྔ་བ། རྒྱུད་བཞི་དང་འབྲེལ་བའི་ལོ་རྒྱུས་མི་སྣ་འགའི་བསྡུར་དཔྱོད།
        སྒྲུང་ལས། སྟོད་ན་ཆོས་རྗེ་ཞིག་པོ་དང་།། བར་ན་གཡུ་ཐོག་ཡོན་ཏན་མགོན།། སྨད་ན་གཉའ་བ་ཆོས་བཟང་བཅས།། བོད་སྨན་མཁས་པ་དགུ་རེ་བྱོན།། ཞེས་བོད་སྨན་མཁས་པ་དགུ་ཡོད་པ་ལས། སྟོད་ན་ཆོས(ཆེར)རྗེ་ཞིག་པོ་དང་ཞེས་པའི་དང་སྒྲའི་ཤུགས་ལས་འུག་པ་ཆོས་བཟང་དང་བི་བྱི་ལེགས་མགོན་གསུམ་བསྟན་པ་དང་། བར་ན་གཡུ་ཐོག་ཡོན་ཏན་མགོན་ཞེས་མི་ཉག་རོང་རྗེ་དང་བྲང་ཏི་རྒྱལ་བཟང་གསུམ་བསྟན། སྨད་ན་གཉའ་བ་ཆོས་བཟང་ཞེས་མཐའ་བཞི་དར་པོ་དང་སྟོང་བ་གྲགས་རྒྱལ་གསུམ་བཅས་བོད་སྨན་མཁས་པ་དགུ་ཡི་སྟོད་སྨད་བར་གསུམ་གྱི་གྲངས་འདྲེན་ཚུལ་དང་བཅས་པ་ལོ་རྒྱུས་དང་ཧ་ཅང་མཐུན་པར་འདུག གཞན་ཡང་ཙ་རིའི་སྨན་གྱི་གཏེར་རྫོང་བདག་གིར་བཟུང་པའི་མོན་ཤི་བདུད་རུ་ཊ་ནག་པོ་ལ་བཙན་བདུད་དམུ་གསུམ་ལས་བྱུང་བའི་ཕྱི་ཡི་སྒོ་སྲུང་རྣམ་གསུམ་ཡོད་པ་ལས་དམུ་བདུད་ཆ་བ་ལག་རིང་གི་བུ་སྲས་ཆུང་ཟླ་འོད་འབུམ་ལུ་ཟེར་བ་དེ་ལ། བོད་སྨན་མཁས་པ་དགུའི་ནང་གི་གཉའ་བ་ཆོས་བཟང་གི་སྤྲུལ་བ། སྲས་ཆུང་ཟླ་འོད་འབུམ་ལུ། ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་སློབ་དཔོན་པད་མ་འབྱུང་གནས་ཀྱི་ཞལ་མཇལ་ཞིང་མ་འོངས་པར་ཙ་རིའི་སྨན་རྫོང་འབེབས་དུས་གླིང་རྗེ་གེ་སར་གྱི་གྲོགས་ལ་ལུང་བསྟན་གྱིས་བཀའ་བསྒོས་ཚུལ་བསྟན་ཡོད་དེ། སྒྲུང་ལས། བོད་སྨན་མཁས་པ་དགུ་ཏེ་བྱོན།། ཁྱོད་དེ་དུས་གཉའ་བ་ཆོས་བཟང་ཡིན།། མགོན་པད་མའི་ཞལ་མཇལ་གསུང་ཐོས་ཤིང་།། དུས་མ་འོངས་ཤིང་ཕོ་སྤྲེལ་གྱི་ལོར།། ལྷོ་ཙ་རིའི་སྨན་རྫོང་འབེབས་པའི་དུས།། དཔོན་གེ་སར་གྲོགས་སུ་བཀའ་བསྒོས་ཡོད།། ཅེས་སྟག་རོང་དམག་གིས་སྲས་ཟླ་འོད་འབུམ་ལུ་བཟུང་དུས་བློན་ཞིང་ནེ་འཕྲུལ་གྱི་བཀའ་བློན་གྱིས་གཏམ་བཤད་སྤེལ་ཡོད་པ་རེད།
        ཙ་རི་སྨན་རྫོང་ལས། སྨན་གྱི་ལྷ་མོ་བདུད་རྩི་མའི་སྐུ་ལས་སྤྲུལ་བའི་བུ་མོ་མོན་མོའི་ཆ་བྱད་ཅན་མཛེས་ཤིང་ཡིད་དུ་འོང་བ། ཤ་རྩ་དཀར་ལ་གཞོན་ཤ་རྒྱས་པ། གཟུགས་དྲང་ལ་སྐེད་པ་ཕྲ་བ། ཕྱག་ཞབས་པད་རྩ་ལྟར་དཀར་ལ་མཉེན་པ། ཞལ་གྱི་དཀྱིལ་འཁོར་ཟླ་བ་ཉ་གང་བ་ལྟར་དཀར་ཞིང་དྭངས་པ་ལ། སྤྱན་ཟུང་ཨུཏྤལ་མཐིང་གི་དཔལ་འཕྲོག་པ་ལས་འདོད་པའི་ཟུར་མིག་གཡོ་བ། གཞན་ཡིད་དབང་མེད་དུ་འཕྲོག་པ། ཞེས་སྨན་གྱི་ལྷ་མོའི་སྐུ་སྤྲུལ་བུ་མོ་དེའི་གཟུགས་སྐྱེས་ལུས་མཛེས་ལུགས་མཚར་ཚུལ་མང་བོ་བཤད་ཡོད་པའང་། བཻ་སྔོན་ལས། སྨན་གྱི་ལྷ་མོ་ལ། ལྷ་མོ་བཅུ་དྲུག་གི་ལང་ཚོ་ཅན་མཛེས་ཆགས་པ་དར་དང་རིན་པོ་ཆེའི་རྒྱན་ཅན། ཞེས་གསུངས་ཡོད་པ་སོགས་ལ་ཁུངས་བཅོལ་བར་ཐེ་ཚོམ་སྤུ་ཙམ་མེད་པར་སྙམ།
དྲུག་པ། གངས་ཐིགས་ལས་འཕྲོས་པའི་དཔྱོད་གླེང་།
        གངས་ཐིགས་ཀྱི་ངོས་འཛིན་ལ། ཙ་རི་སྨན་རྫོང་ལས། གངས་ཐིགས་ཤེལ་དཀར་རིལ་བུ་དེ། མགོན་དགྲ་བཅོམ་སྟོང་གི་རང་བསྲེལ་ཟེར།། ཞེས་བསྟན་ཡོད་པས། ད་ནི་ཤེལ་ཕྲེང་ལས། རབ་ནི་བསྐལ་བའི་གངས་ཆགས་ཏི་སེ་ལ་སོགས་པ་རྣམས་ལས་འབྱུང་ལ། ངོ་བོ་གངས་རྙིང་ནས་ཡུན་ལོན་པ་རྡོར་གྱུར་བ་དང་། ཞུ་བའི་ཐིགས་པ་འོག་གི་ས་རྡོ་ལ་དྲེག་པ་འཁར་བ་ལྟར་གོང་བུར་ཆགས་པས་རྡོག་གཞན་དང་གཞན་དག་འབྱར་བ། ཡང་ཅིག་ཤོས་ནི་མིང་ལྷ་ཞོའམ་དཀར་པོ་རྡོ་མཆོག་ཅེས་རབ་དངོས་གཞི་དང་། དམན་པ་ཚབ་གཉིས་བཅས་གསུངས་ཡོད་པའི་དགོངས་དོན་དང་མི་མཐུན་པར་འདུག་ཅེ་ན། དེ་ལ་སྐྱོན་མེད་དེ། དག་ཡིག་གསར་བསྒྲིགས་ལས། སངས་རྒྱས་ཆོས་ལུགས་པས་སངས་རྒྱས་ཀྱི་གདུང་རུས་ལརིང་བསྲེལ་ཟེར་བ་དང་། དེ་ལས་རིང་བསྲེལ་དང་འཕེལ་གདུང་ཞེས་པ་གཉིས་ནི་མིང་གི་འདོག་ཚུལ་ཙམ་ལས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཤེས་ནུས་ལ།ཞེས་དང་། གསོ་རིག་རྒྱུད་བཞིའི་དཀའ་ཚིག་ཀུན་གྱི་འགྲེལ་བ་བློ་གསར་མགུལ་རྒྱན་ལས་ཀྱང་། གཞན་ཡང་སྟོད་གངས་རིན་པོ་ཆེའི་འཕེལ་གདུང་ཞེས་པའང་གངས་ཐིགས་ཀྱི་རིགས་ཡིན། ཞེས་ཞིབ་ཅིང་ཕྲ་བར་བཀོད་ཡོད་པར་བརྟག་ན། སྒྲུང་ཚིག་འདི་ནི་རྒྱུད་དོན་དང་མཐུན་པའི་གཏམ་ཁུངས་བཙུན་པ་མངོན་གསལ་རེད།
བདུན་པ། མཇུག་བསྡུ་བ།
        གེ་སར་དང་ཡིད་འཕྲོག་ལྷ་མཛེས་གཉིས་ཀྱིས་ཙ་རིའི་སྨན་རྫོང་ཕབ་པ་ན། རིན་ཆེན་ཕྲ་མེན་གྱི་སྒྲོམ་བུ་དང་། སྨན་གྱི་བུམ་པ་སོགས་ནི་འཆི་མེད་སྨན་གྱི་བདུད་རྩི། རླུང་ལས་ཚེ་ཡི་རིལ་བུ། བདུད་རྩི་ཆོས་སྨན་སོགས། འཆི་མེད་ཚེ་ཡི་རིལ་བུ། བདུད་རྩི་ཆོས་སྨན་སོགས། རླུང་ལས་གྱུར་བ་དང་། མཁྲིས་པ་ལས་གྱུར་བ། བད་ཀན་ལས་གྱུར་བ་སོགས་ནད་རིགས་བཞི་བརྒྱ་རྩ་བཞི་ཐམས་ཅད་གསོ་ནུས་པའི་སྤྱི་སྨན་ཆེན་པོས་གངས་ཡོད་པ་རེད། ཨ་རུ་ར་རྣམ་པར་རྒྱལ་བ་ལ་མཚོན་ནའང་། ཆེ་ཆུང་ནི་ངེས་པ་མེད་དེ་ཕ་དམ་པ་སངས་རྒྱས་ཀྱི་རྣམ་ཐར་ལས། བི་མ་ལ་ཀོ་ཊ་ཙཎྡན་གྱི་ནགས་ན། ཨ་རུ་ར་རྣམ་རྒྱལ་འདོམ་པས་འཁོར་ཙམ་དང་། གླིང་གཞན་ན་འཕྲུལ་འཁོར་ཙམ་ཡོད་པར་བཤད། རྗེ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་ལྷ་ཚངས་པས་ཕུལ་བའི་རྣམ་པར་རྒྱལ་བ་སྙིམ་པ་ཁ་འབྱར་བ་ཙམ་ཞིག་བྱུང་བ་དང་། བསམ་ཡས་སུ་གུ་རུ་པདྨ་ལ་ཡང་བྱུང་བར་གྲགས། གངས་ཅན་འགྲོ་བའི་མགོན་པོ་ངག་དབང་བློ་བཟང་རྒྱ་མཚོའི་སྐབས་སུ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་རྣམ་པར་རྒྱལ་བ་ཁུ་ཚུར་ཙམ་ཞིག་རིན་ཆེན་རིལ་བུའི་སྦྱོར་བར་བཏང་བ་དང་། ཙ་རི་སྨན་རྫོང་ལས་ཀྱང་། ཕྱི་རབས་འགྲོ་བར་ལག་རྗེས་བཟང་པོ་འཇོག་པའི་གཏང་རག་ཏུ། གླིང་རྗེ་གེ་སར་རྒྱལ་བོས། ཨ་རུ་ར་རྣམ་པར་རྒྱལ་བ་བྱིས་པ་ལོ་བརྒྱད་ཙམ་ཞིག་ཁྲོ་ཐུང་ལ་གནང་པ་དང་། གཞན་ཡང་སྒྲུང་འདིར་ཨ་་ཁུ་ཁྲོ་ཐུང་སྨན་གྱི་ལྷ་མོའི་སྤྲུལ་བ་ཡིན་ཞེས་པའི་ངུད་མེད་ཅིག་དང་ལུས་འབྲེལ་བྱུང་བ་ལས་ནད་གདུག་ཅིང་ཟུག་རྔུ་ཆེ་བ་ཞིག་བྱུང་བར་བཤད་པ་སོགས་ལས། ཕོ་མོའི་རེག་དུག་སོགས་འགོས་རིམས་ལ་ངོས་འཛིན་དང་། ལྷོ་ཙ་རིའི་སྨན་རྫོང་མ་ཕབ་ན།། བོད་ཕྱི་རབས་དུས་མིན་ནད་ཀྱིས་འཆི།།ཞེས་སྨན་རྫོང་འབེབས་པ་དང་། བྱེ་བྲག་སྨན་རྫས་སོ་སོ་བའི་རོ་ནུས་ཡོན་ཏན་ཞིབ་བརྗོད་བྱས་པ་སོགས། སྐབས་དེའི་ནད་གཞི་སྔོན་འགོག་དང་སྨན་རྫས་ལག་ལེན་ལས་འཕྲོས་པའི་དཔྱད་གཞི་གང་མང་ཞིག་མཆིས་མོད། ཁོ་བོ་ལྟ་བུས་དཔྱད་པ་གཏིང་ཟབ་པ་ཞིག་བྱེད་ཁག་པའི་རྒྱུ་མཚན་གྱིས་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱ།

དཔྱད་གཞིའི་ཡིག་ཆ།
1.ཙ་རི་སྨན་རྫོང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༠ལོར་པར་དུ་བསྐྲུན།
2.དཔལ་ལྡན་རྒྱུད་བཞི། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༡༩༩༢ལོར་པར་དུ་བསྐྲུན།
3.བེེཌཱུརྱ་སྔོན་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༢ལོར་པར་དུ་བསྐྲུན།
འབྲེལ་ཡོད་འོས་སྦྱོར།