༄༅། །གསོ་རིག་ལོ་རྒྱུས«ཁོག་དབུག་རྒྱལ་མཚན་རྩེ་འབར»སྐོར་གྱི་བརྗེད་ཐོ།
རྩོམ་པ་པོ།:བན་ཤུལ་དཔལ་མཁར་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-04-22
ཀློག་གྲངས།:
སྤྱིར་བཏང་གསོ་བ་རིག་པའི་ཡིག་ཚང་སྐོར་ལ་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་དང་དབྱེ་ཞིབ་ཆེར་མེད་ལ། ཁྱད་པར་དུ། གསོ་བ་རིག་པ་བྱུང་ཚུལ་གྱི་ཁོག་དབུག་གི་སྐོར་ལ་ལོ་ཚིགས་གུང་བསྒྲིགས་པའི་དཔྱད་ཞིབ་ཀྱི་འབྲས་བུའང་རྙེད་མི་ཐུབ། ཡིན་ནའང་། དཔལ་ལྡན་རྒྱུད་བཞིའི་ལུགས་ཀྱི་ཁོག་དབུག་སྔ་ཤོས་ནི«ཁོག་དབུག་ཁྱུང་ཆེན་ལྡིང་བ»དང་། ཡན་ལག་བརྒྱད་པའི་ལུགས་ཀྱི་ཁོག་དབུག་སྔ་ཤོས་ནི«ཁོག་དབུག་རྒྱལ་མཚན་རྩེ་འབར»ཡིན་ཞེས་ཕལ་བའི་གཏམ་ལ་གྲགས་ཤིང་། འདིར་སྐབས་སུ་བབ་པ་དངོས་ནི། དེའི་ཡ་གྱལ་དུ་གྱུར་པ་ཆེར་རྗེ་ཞང་སྟོན་ཞིག་པོས་མཛད་པའི«ཁོག་དབུག་རྒྱལ་མཚན་རྩེ་འབར»གྱི་སྐོར་ལ་བརྗེད་ཐོ་ཞིག་བྲི་རྒྱུ་དེ་ཡིན།
མདོར་ན། གངས་རིའི་ལྗོངས་ཀྱི་མཁྱེན་དཔྱོད་ཡངས་པ་རྣམས་ཀྱི་སྤྱན་ལམ་དུ་སོན་མ་ཐུབ་པ་ནི། དུས་རབས་བཅུ་གསུམ་པར་ཆེར་རྗེ་ཞང་སྟོན་ཞིག་པོས་མཛད་པའི«ཁོག་དབུག་རྒྱལ་མཚན་རྩེ་འབར»བྱ་བའི་བསྟན་བཅོས་འདི་ཡིན་ལ། ལོ་ངོ་བརྒྱད་བརྒྱ་ལྷག་འགོར་བའི་དེ་རིང་གི་དུས་ཚོད་འདིར། ཞང་སྟོན་ཞིག་པོ་ལ་རྒྱུས་ལོན་ཡོད་མཁན་ནི། གསོ་རིག་ཁོག་དབུག་དག་ཏུ་དྲངས་པའི་ལུང་ཚིག་དེ་དག་ཙམ་རེད། ཡིན་ནའང་། ནུབ་ཀྱི་བོད་རིག་པ་བ་གྲགས་ཆེན་ཐུའུ་ཆོ་ཡིས«ཁོག་དབུག་རྒྱལ་མཚན་རྩེ་འབར»གྱི་མ་ཕྱི་རིན་ཐང་བྲལ་བ་གཅེས་ཉར་གནང་ཡོད་ལ། བོད་རིག་པའི་མཁས་ཅན་མར་ཐིན་གྱིས«རྒྱ་གར་གྱི་གསོ་བ་རིག་པའི་ལོ་རྒྱུས་བོད་སྔ་རབས་པས་མཛད་པ་ཞིག»ཅེས་པའི་དཔྱད་འབྲས་སྤེལ་ནས་ཤུགས་རྐྱེན་ཆེན་པོ་བཞག་ཡོད། གུས་པས་དེ་དག་གི་ཁུངས་སྣེ་དེད་ནས་འབད་པས་གང་འགྲུབ་དང་རང་བློས་ཅི་ལྕོགས་ཀྱིས«ཁོག་དབུག་རྒྱལ་མཚན་རྩེ་འབར»གྱི་སྐོར་བརྗེད་ཐོར་བཀོད་ནས། བྱང་ཕྱོགས་གངས་རིའི་ལྗོངས་ཀྱི་མཆོག་དམན་བར་མ་ཀུན་གྱི་སྤྱན་ལམ་ལ་དགའ་སྟོན་དུ་ཕུལ་བ་ལགས་ན། ཤེས་ནས་སྨྲ་བ་རྣམས་ཀྱིས་བླང་དོར་གྱི་མཛུབ་སྟོན་དང་མུ་མཐུད་དུ་དཔྱད་ཞིབ་རྒྱས་པར་གནང་བའི་རེ་བ་ཡོད།
དེ་ལ་ཞང་སྟོན་ཞིག་པོ་ནི་ཕྱི་དར་དུས་སུ་བོད་ཀྱི་སྟོན་པ་མང་པོའི་གྲས་ཀྱི་གཅིག་ཡིན་ལ། ཕལ་ཆེར་དུས་རབས་བཅུ་གཅིག་པའི་སྨད་ནས་བཅུ་གཉིས་ཀྱི་འགོ་ཙམ་ལ་འཁྲུངས་ཡོད་སྙམ། དེ་དུས་ནི། བོད་སྟོན་ཁ་ཅིག་གིས་བསམ་ཡས་དཀོར་མཛོད་ན་རྒྱ་དཔེ་བོད་དུ་མ་འགྱུར་བ་མང་པོ་ཡོད་ཅེས་སྒྲོག་པ་དང་། བོད་ཀྱི་སྟོན་པ་འགའ་རེས་ཆོས་ཟབ་མོ་རྣམས་གསང་བ་བོད་རྩོམ་ཡིན་ཞིང་དེའི་ཁུངས་རྒྱ་གར་ལ་ཐུག་ཡོད་མེད་ཀྱི་ཆར། སྒྲོ་སྐུར་དང་དཔྱད་འཇོག་ཅི་རིགས་བྱུང་དང་འབྱུང་བཞིན་པའི་དུས་སྐབས་ཤིག་ཡིན། གཏམ་དེ་དང་འགྲོས་མཐུན་པར། མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང་གིས་ཕྱི་ལོ༡༤༧༩ལོར་མཛད་པའི«གསོ་བ་རིག་པའི་ཆོས་འབྱུང་བདུད་རྩིའི་ཆུ་རྒྱུན»ན་ཕྱི་དར་གྱི་དུས་སུ་གསོ་བྱེད་ཀྱི་རྒྱུད་བཅོས་མ་མང་དུ་བྱུང་བར་གསུངས་ཡོད། དེ་ལྟ་བུའི་གནས་བབ་འོག་ཆོར་རྗེ་ཞང་སྟོན་ཞིག་པོའི«ཁོག་དབུག་རྒྱལ་མཚན་རྩེ་འབར»ལོ་ཆེན་རིན་ཆེན་བཟང་པོས་བོད་སྐད་དུ་འགྱུར་བའི«ཡན་ལག་བརྒྱད་པ»ནི། རྒྱ་གཞུང་དངོས་ཡིན་པའི་སྐོར་ལ་ཁུངས་སྐྱེལ་གནང་ཕྱིར་བྲིས་པ་ཞིག་ཡིན་པ་ཤེས་ཐུབ་ལ། དེའི་བྱུང་རབས་ལ་ཁོག་དབུབ་པའི་ཕྱིར་ཏུ་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་ལོ་རྒྱུས་ཀྱང་མང་པོ་བྲིས་ཡོད། དེ་ནི་སྐབས་དེའི་སྟོན་པ་ཕལ་ཆེ་བའི་དྲན་སྟངས་དང་ཁོག་དབུག་མང་ཆེ་བའི་ཁ་ཕྱོགས་སྟོན་སྟངས་ཤིག་ཡིན།
ཆེར་རྗེ་ཞང་སྟོན་ཞིག་པོས་མཛད་པའི«ཁོག་དབུག་རྒྱལ་མཚན་རྩེ་འབར»ལ་མ་ཕྱི་མ་འདྲ་བ་གསུམ་ཙམ་བཞུགས་ཡོད། གཅིག་ནི་དབྱི་ཐ་ལེའི་བོད་རིག་པའི་མཁས་ཅན་ཐུའུ་ཆི་ཡི་གཅེས་ཉར་ཕྱག་དཔེའི་ཁྲོད་དུ། «སྨན་གྱི་བྱུང་ཚུལ་ཁོག་དབུབས་རྒྱལ་མཚན་རྩེ་མོ་འབར་བ»བྱ་བའི་དབུ་མེད་ཕྱག་བྲིས་མ་ཤོག་ལྷེ་ཞེ་བརྒྱད་ཅན་ཞིག་བཞུགས་ཡོད། དེ་ལ་ལྡན་མར་ཐིན་གྱིས«རྒྱ་གར་གྱི་གསོ་བ་རིག་པའི་ལོ་རྒྱུས་བོད་སྔ་རབས་པས་མཛད་པ་ཞིག»ཅེས་པའི་དཔྱད་འབྲས་ན་རྒྱས་བཤད་གནང་ཡོད་པ་དང་། དེ་ཉིད་རྣམ་དཔྱོད་ལྡན་པ་འུ་སིན་ཚེ་རིང་བསམ་འགྲུབ་དང་རུ་མང་དཔལ་མགོན་ཐར་གཉིས་ཀྱིས་བོད་ཡིག་ལ་འགྱུར་ནས་ཕྱི་ལོ༢༠༡༧ལོའི«བོད་སྨན་སློབ་གསོ་དང་ཞིབ་འཇུག»ཅེས་པའི་དེབ་དང་པོར་སྤེལ་ཡོད་ལ། དཔྱད་རྩོམ་དེའི་ནང་དུ། ཆེར་རྗེ་ཞང་སྟོན་ཞིག་པོས་མཛད་པའི«ཁོག་དབུག་རྒྱལ་མཚན་རྩེ་འབར»གྱི་ནང་དུ་ཤིང་ཕོ་བྱ་ལོའི་དཔྱིད་ཟླ་འབྲིང་བ་ཞེས་འཁོད་པའི་རབ་ལོ་དེ་ནི། རིགས་འདེད་སྣ་ཚོགས་བརྒྱུད་ནས་གནས་སྐབས་སུ་ཕྱི་ལོ༡༢༠༤ཙམ་ལ་བཞག་ཡོད། ལོ་ཚིགས་དེ་ལ་ད་དུང་དཔྱད་པ་བྱེད་དགོས་སྙམ་པ་བྱུང་། གུས་པས་ཀྱང་བརྗེད་ཐོ་འདི་འབྲི་དུས་སུ་མར་ཐིན་གྱི་ལྟ་ཚུལ་སྐོར་ཞིག་དཔྱད་གཞིར་དྲངས་ཡོད་ཀྱང་ཚད་མར་བཟུང་མེད། ཅིག་ཤོས་ནི། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ཇ་ཅན་གྱི་ཨང་རྟགས(༣༥)ནས་ཐོན་པའི«གསོ་བ་རིག་པའི་ཁོག་ཕུབས་བརྒྱ་མཚན་རྩེ་འབར»བྱ་བ་འདི་རེད། འདིར་ཁྱོན་སྡོམ་ཤོག་ལྡེབ་བཅུ་གཉིས་བཞུགས་ཡོད། དབུ་ཤོག་གི་ངོས་སུ«ཞང་སྟོན་ཞིག་པོས་མཛད་པའི་ཡན་ལག་བརྒྱད་པའི་ཁོག་དབུགས་ཀྱི་དོན་བསྡུས་ལྷ་བཙུན་བཀྲ་ཤིས་དཔལ་བཟང་གིས་མཛད་པ»ཞེས་བཀོད་ཡོད་ལ། མཛད་བྱང་ནའང་། ཆོས་རྒྱལ་བྱང་བའི་ལྷ་སྲས་དཔལ་ནམ་མཁའ་རིན་ཆེན་དབང་གི་རྒྱལ་པོའི་དྲུང་ཆུ་མོ་སྦྲུལ་གྱི་ལོར་ལྷའི་བཙུན་པས་ཟིན་ཐོར་སྤེལ་ཞེས་བཀོད་ཡོད། ལུང་དོན་འདི་གཉིས་ལ་དཔྱད་ན། ལ་སྟོད་བྱང་བདག་ནམ་མཁའ་རིན་ཆེན(༡༤༣༦-?)གྱི་སྐུ་དུས་ཡིན་ཕྱིར། ཁོང་གི་འཁྲུངས་ལོ་ལ་བལྟས་ན། ཕལ་ཆེར་ཆུ་མོ་སྦྲུལ་གྱི་ལོ་དེ་ནི་ཕྱི་ལོ༡༤༧༣ཡིན་དགོས་ལ། དེའི་ཕྱིར། ཕྱི་ལོ༡༤༧༣ལོར་ལྷ་བཙུན་དཔལ་བཟང་གིས«ཁོག་དབུག་རྒྱལ་མཚན་རྩེ་འབར»གྱི་ཕྱི་མོ་དངོས་ལས་བཤུས་ནས་ཟིན་ཐོར་སྤེལ་བ་ཞིག་ཡིན་ཞེས་གོ་བ་བླངས་རུང་ངམ་སྙམ་ཡང་དཔྱད།
གཞན་ཤོས་ནི། «རྒྱལ་མཚན་རྩེ་འབར་ནས་བཏུས་པ»བྱ་བའི་དབུ་མེད་ཕྱག་བྲིས་མ་ཤོག་ལྡེབ་བཅུ་གཅིག་ཅན་ཞིག་རེད། མཇུག་གྲུབ་མེད་པས་མཛད་བྱང་སོགས་གང་ཡང་མི་སྣང་ལ། གང་ཟག་སུ་ཞིག་གིས་གང་ནས་ཇི་ལྟར་བཤུས་ཚུལ་སོགས་ཀྱང་གནས་སྐབས་སུ་འཆད་དཀའ་ལ། གོང་དུ་དྲངས་པའི་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ཇ་ཅན་གྱི་ཨང་རྟགས(༣༥)ནས་ཐོན་པའི«གསོ་བ་རིག་པའི་ཁོག་ཕུབས་བརྒྱ་མཚན་རྩེ་འབར»དང་འདི་གཉིས་བརྗོད་བྱའི་ཆ་ནས་བསྡུར་ན་མི་འདྲ་བ་འགའ་རེ་བྱུང་ལ། གང་ལྟར་ཡང«ཁོག་དབུག་རྒྱལ་མཚན་རྩེ་འབར»གྱི་ཕྱི་མོ་ལས་ཉེ་བར་བཏུས་པ་ཞིག་ཏུ་བཤད་ཆོག་སྙམ། མདོར་ན། ནུབ་ཕྱོགས་བོད་རིག་པའི་མཁས་ཅན་ཐུའུ་ཆི་ལགས་ཀྱིས་གཅེས་ཉར་གནང་བའི་ཕྱག་དཔེ«སྨན་གྱི་བྱུང་ཚུལ་ཁོག་དབུབས་རྒྱལ་མཚན་རྩེ་མོ་འབར་བ»བྱ་བ་ནི་ད་སྔ་ཡན་ཆོད་ཆ་ཚང་ལ་མ་ནོར་བའི་ཕྱི་མོ་དངོས་ཡིན་པར་བཤད་ཆོག་ལ། བོད་དུ་བཞུགས་པའི་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ཇ་ཅན་གྱི་ཨང་རྟགས(༣༥)ནས་ཐོན་པའི«གསོ་བ་རིག་པའི་ཁོག་ཕུབས་བརྒྱ་མཚན་རྩེ་འབར»བྱ་བ་དང་། «རྒྱལ་མཚན་རྩེ་འབར་ནས་བཏུས་པ»བྱ་བའི་དབུ་མེད་ཕྱག་བྲིས་མ་གཉིས་ནི་ཕྱི་མོ་ལས་བཏུས་པའི་ཡི་གེ་ཡིན་ལ། ནམ་ཞིག་བསྟན་བཅོས་འདི་གསུམ་ལྷན་དུ་འཛོམས་ཏེ། ཕན་ཚུན་བསྡུར་ནས་གཅིག་གི་ཧོར་ཁུང་གཅིག་གིས་གསབ་དགོས་མིན་དང་། བརྗོད་བྱའི་རྒྱས་བསྡུས་དང་ས་བཅད་ཀྱི་ལེན་ཕྱོགས། ཕྱི་མོ་དངོས་གང་ཡིན་མིན་སོགས་ལ་དཔྱད་པ་གནང་མཁན་གྱི་ཉམས་ཞིབ་པ་ཞིག་བྱུང་ཐུབ་པར་རེ་བ་བརྒྱབ་ཡོད།
དེའི་རྗེས་སུ། «ཁོག་དབུབ་རྒྱལ་མཚན་རྩེ་འབར»གྱི་མཛད་པ་པོ་ཆེར་རྗེ་ཞང་སྟོན་ཞིག་པོ་དང་དེའི་ཁོག་དབུག་འདི་ནམ་དུས་བརྩམས་པའི་སྐོར་ལ་ཅུང་ཟད་དཔྱད་པར། དམ་པ་འདི་ནི། ཞུས་ཆེན་ལོ་ཙཱ་བ་རིན་ཆེན་བཟང་པོ(༩༥༨-༡༠༥༥)ནས་བཟུང«ཡན་ལག་བརྒྱད་པ»ཡི་ཁྲིད་རྒྱུན་སོགས་རིང་བརྒྱུད་ཀྱི་བླ་མའི་གྲས་ཤིག་ཡིན་ལ། དེར«བྲག་དཀར་གསོ་རིག་ཁོག་དབུག་བསྡུས་དོན»ན་རིན་ཆེན་བཟང་པོའི་གསོ་རིག་སློབ་རྒྱུན་གྱིས་ས་སྟེང་ཁྱབ་ཅེས་གསུངས་པ་ལྟར་དུ། ལོ་ཆེན་རིན་ཆེན་བཟང་པོ་ནས་ཞང་སྟོན་ཞིག་པོའི་བར་སྨན་པའི་མི་རབས་དྲུག་ཙམ་ཟམ་མ་ཆད་པར་བརྒྱུད་པའི་སྟབས་ཀྱིས། ལོ་ཆེན་གྱི་འཁྲུངས་འདས་ལོ་ཚིགས་ཀྱི་ཧེ་བག་གིས་ཞང་སྟོན་ཞིག་པོའི་འཁྲུངས་འདས་ལོ་ཚིགས་ལ་དཔྱད་པར་ཕན་ཐོགས་ཆེན་པོ་མེད་སྙམ་ལ། མི་རབས་དྲུག་གི༼ཆོས་རྗེ་བླ་བརྒྱུད༽དེ་དག་གི་གྲས་སུའང་། གནས་སྐབས་སུ་འཁྲུངས་འདས་ལོ་ཚིགས་ཧ་ཅང་གསལ་བོ་ཤེས་ངེས་པའི་མཁས་པ་ཞིག་མེད་སྟབས། དེས་ཀྱང་ཞང་སྟོན་ཞིག་པོའི་འཁྲུངས་འདས་ལོ་ཚིགས་ལ་དཔྱད་པར་ཕན་ཐོགས་ཆེན་པོ་མེད་དོ།།
འོ་ན། ཅི་བྱར་ཞེ་ན། མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང་གིས་ཕྱི་ལོ༡༤༧༩ལོར་མཛད་པའི«གསོ་བ་རིག་པའི་ཆོས་འབྱུང་བདུད་རྩིའི་ཆུ་རྒྱུན»ན། ཞང་སྟོན་ཞིག་པོ་ལ་སློབ་མ་ཆེ་བར་གྲགས་པ་གསུམ་བྱུང་ཏེ། གཙང་སྟོད་དར་མ་མགོན་པོ། མེ་ཆེན་པ་རིན་རྒྱལ། ཁྲི་སོ་ལྷ་རྗེ་ཕྱག་ན་རྡོ་རྗེ་གསུམ་ཡིན་ཞེས་འཁོད། སློབ་མ་དེ་གསུམ་ལས་གཙང་སྟོད་དར་མ་མགོན་པོ་གྲགས་ཆེ་ལ། གཞན་གཉིས་ནི་གནས་སྐབས་སུ་འཆད་པའི་དཔྱད་ཡིག་གིས་མ་འོངས་ལ། གཙང་སྟོད་དར་མ་མགོན་པོའི་འཁྲུངས་འདས་ལོ་ཚིགས་གསལ་བོར་མ་ཤེས་ཀྱང་། ཁོང་གིས་མཛད་པའི«གཙང་སྟོད་ཟིན་ཏིག»གི་ནང་ན། མང་ཡུལ་གུང་ཐང་སྐྱིད་པའི་གྲོང་དུ་ཆུ་མོ་ལུག་གི་ལོར་སྦྱར་ཞེས་བྱུང་ལ། དེའི་བརྩམས་ལོ་ཆུ་མོ་ལུག་ནི། ༢༠༠༦ལོའི་པེ་ཅིང་གི«གཙང་སྟོད་ཟིན་ཏིག»ལྕགས་སྤར་མའི་འགོ་བརྗོད་ན་ཕྱི་ལོ༡༠༤༣ལོར་ངོས་བཟུང་པ་ནི་ནོར་འདུག་སྟེ། དེ་ལ་སྟོང་སྐོར་མགོན་པོ་དོན་གྲུབ་ཀྱིས«གཡུ་ཐོག་དར་མ་ཡོན་ཏན་མགོན་པོའི་གཅེས་བསྡུས་སམ་སྙིང་པོ་བསྡུས་པ་ཞེས་པའི་གཞུང་དཔྱད་པ་མདོར་བསྡུས»ཞེས་པའི་དཔྱད་འབྲས་ཞིག་ཕྱི་ལོ༢༠༡༣ལོའི«ཀྲུང་གོའི་བོད་ཀྱི་གསོ་བ་རིག་པ»ཞེས་པའི་དུས་དེབ་གསུམ་པའི་སྟེང་བཀོད་ནས་འཁྲུལ་སེལ་ནན་ཏན་བྱས་ཡོད་ལ། ཁོ་ལྟར་ན«གཙང་སྟོད་ཟིན་ཏིག»གི་བརྩམས་ལོ་ཆུ་མོ་ལུག་ནི་ཕྱི་ལོ༡༢༠༣ལོ་ཡིན་ཞེས་བཀོད་པ་དེ་དེ་བཞིན་དུ་འཐད་སྙམ། དེའི་ཕྱིར། ཆེར་རྗེ་ཞང་སྟོན་ཞིག་པོ་ནི་ཕལ་ཆེར«གཙང་སྟོད་ཟིན་ཏིག»མ་བརྩམ་པའི་སྔོན་དུ་བཞུགས་ཡོད་པ་ཚོད་དཔག་བྱས་ཆོག་སྙམ། དེ་གཅིག་ཡིན།
ཅིག་ཤོས་ནི། «ལྷ་རྗེ་དགེ་བ་འབུམ་པའི་རྣམ་ཐར»གྱི་ནང་ན། ལྷ་རྗེ་དགེ་བ་འབུམ་ནི་ཞང་སྟོན་ཞིག་པོའི་སྤྱན་སྔར་ཕེབས་པའི་ལོ་རྒྱུས་ཡོད། ཡིན་ཡང་ཧ་ཅང་ཡ་མཚན་པ་ཞིག་ལ། ལྷ་རྗེ་དགེ་བ་འབུམ་རྣམ་ཐར་ལ་བརྟེན་ནས་ཁོང་གི་འཁྲུངས་འདས་ལོ་ཚིགས་ཐག་གཅོད་དཀའ་བའི་གནས་སུ་ལྷུང་ཞིང་། དམ་པ་འདི་ནི་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པ(༡༡༢༢-༡༡༩༣)གྱི་སློབ་མ་ཡིན་པས། ཕལ་ཆེར་དུས་རབས་བཅུ་གཉིས་པའི་ནང་དུ་འཁྲུངས་པར་ཐག་ཆོད་ལ། དེ་ལྟར་ན། ཞང་སྟོན་ཞིག་པོ་ཡང་སྐབས་དེ་ཙམ་ལ་ཞལ་བཞུགས་པར་མངོན་ནོ།། གཞན་ཡང་། «ལྷ་རྗེ་དགེ་བ་འབུམ་གྱི་རྣམ་ཐར»ན་ཞང་སྟོན་ཞིག་པོའི་མགུར་སྣ་ཚོགས་བཀོད་ཡོད་པས། དེ་ལ་བརྟག་ན་ཁོང་ནི་གསང་སྔགས་ལམ་ལ་ཞུགས་པའི་སྔགས་པ་ཞིག་ཡིན་པའང་ཞོར་ལ་རྟོགས་ནུས་སོ།། མདོར་ན། «གཙང་སྟོད་ཟིན་ཏིག»བརྩམས་པའི་ལོ་དང་ལྷ་རྗེ་དགེ་བ་འབུམ་ཉིད་ཞང་སྟོན་ཞིག་པོར་མཇལ་བའི་རིགས་འདེད་ལས། ཆེར་རྗེ་ཞང་སྟོན་ཞིག་པོ་ནི་དུས་རབས་བཅུ་གཅིག་པའི་སྨད་ནས་བཅུ་གཉིས་པའི་སྟོད་དུ་མང་ཡུལ་གུང་ཐང་རྒྱལ་པོའི་ཁབ་ཀྱི་ཡུལ་བྱེ་བྲག་པ། མང་མཁར་དུ་འཁྲུངས་པར་ཚོད་དཔག་བྱས་ཆོག་སྙམ་ཡང་མུ་མཐུད་དུ་དཔྱད་རོགས།
དེའི་རྗེས་སུ། «ཁོག་དབུག་རྒྱལ་མཚན་རྩེ་འབར»གྱི་བརྩམས་ལོ་ནི། མར་ཐིན་གྱིས«རྒྱ་གར་གྱི་གསོ་བ་རིག་པའི་ལོ་རྒྱུས་བོད་སྔ་རབས་པས་མཛད་པ་ཞིག»ཅེས་པའི་དཔྱད་འབྲས་ན། ཤིང་མོ་བྱི་ལོའི་དཔྱིད་ཟླ་འབྲིང་བར་བརྩམས་པ་ཞེས་པ་ནི་ཁོག་དབུག་རང་གི་ལུང་ཡིན་མིན་མ་ཤེས་མོད། ཤིང་མོ་བྱི་ཞེས་པ་ནི་ནོར་བ་སྟེ། སྤོར་ཐང་གི་ལུགས་ཀྱི་ཤིང་ཕོ་བྱི་ཡིན་ལ། གོང་དུ་དྲངས་པའི«གཙང་སྟོད་ཟིན་ཏིག»བརྩམས་པའི་ལོ་དང་ལྷ་རྗེ་དགེ་བ་འབུམ་ཞང་སྟོན་ཞིག་པོར་མཇལ་བའི་རིགས་འདེད་ལས། ཤིང་ཕོ་བྱི་བའི་ལོ་འདི་ནི་ཕྱི་ལོ༡༢༠༤ལོར་ངོས་འཛིན་བྱས་ནའང་ལུང་རིགས་ཀྱི་གནོད་བྱེད་ཆེར་མི་འབབ་བསམ་ཡང་མུ་མཐུད་དུ་དཔྱད་པར་འཚལ་ལ། བོད་རིག་པ་བ་མར་ཐིན་ལགས་ཀྱིས་ཀྱང«ཁོག་དབུག་རྒྱལ་མཚན་རྩེ་འབར»གྱི་བརྩམས་ལོ༡༢༠༤ལོར་བཞག་ནས་ཚོད་དཔག་ཙམ་དུ་བརྩིས་ཆོག་པར་གསུངས་པ་ནི་རྣམ་དཔྱོད་ཅན་གྱི་གཏམ་སྟེ། ཀུན་གྱིས་མུ་མཐུད་དུ་ལུང་རིགས་བརྒྱ་ཕྲག་གིས་གཏན་ལ་འབེབ་པའི་ཞིབ་འཇུག་བྱས་ཆོག་པ་ཡིན། ང་ཡང་དེ་དེ་བཞིན་དུ་འཐད་དོ།།མདོར་ན། གངས་རིའི་ལྗོངས་ཀྱི་མཁྱེན་དཔྱོད་ཡངས་པ་རྣམས་ཀྱི་སྤྱན་ལམ་དུ་སོན་མ་ཐུབ་པ་ནི། དུས་རབས་བཅུ་གསུམ་པར་ཆེར་རྗེ་ཞང་སྟོན་ཞིག་པོས་མཛད་པའི«ཁོག་དབུག་རྒྱལ་མཚན་རྩེ་འབར»བྱ་བའི་བསྟན་བཅོས་འདི་ཡིན་ལ། ལོ་ངོ་བརྒྱད་བརྒྱ་ལྷག་འགོར་བའི་དེ་རིང་གི་དུས་ཚོད་འདིར། ཞང་སྟོན་ཞིག་པོ་ལ་རྒྱུས་ལོན་ཡོད་མཁན་ནི། གསོ་རིག་ཁོག་དབུག་དག་ཏུ་དྲངས་པའི་ལུང་ཚིག་དེ་དག་ཙམ་རེད། ཡིན་ནའང་། ནུབ་ཀྱི་བོད་རིག་པ་བ་གྲགས་ཆེན་ཐུའུ་ཆོ་ཡིས«ཁོག་དབུག་རྒྱལ་མཚན་རྩེ་འབར»གྱི་མ་ཕྱི་རིན་ཐང་བྲལ་བ་གཅེས་ཉར་གནང་ཡོད་ལ། བོད་རིག་པའི་མཁས་ཅན་མར་ཐིན་གྱིས«རྒྱ་གར་གྱི་གསོ་བ་རིག་པའི་ལོ་རྒྱུས་བོད་སྔ་རབས་པས་མཛད་པ་ཞིག»ཅེས་པའི་དཔྱད་འབྲས་སྤེལ་ནས་ཤུགས་རྐྱེན་ཆེན་པོ་བཞག་ཡོད། གུས་པས་དེ་དག་གི་ཁུངས་སྣེ་དེད་ནས་འབད་པས་གང་འགྲུབ་དང་རང་བློས་ཅི་ལྕོགས་ཀྱིས«ཁོག་དབུག་རྒྱལ་མཚན་རྩེ་འབར»གྱི་སྐོར་བརྗེད་ཐོར་བཀོད་ནས། བྱང་ཕྱོགས་གངས་རིའི་ལྗོངས་ཀྱི་མཆོག་དམན་བར་མ་ཀུན་གྱི་སྤྱན་ལམ་ལ་དགའ་སྟོན་དུ་ཕུལ་བ་ལགས་ན། ཤེས་ནས་སྨྲ་བ་རྣམས་ཀྱིས་བླང་དོར་གྱི་མཛུབ་སྟོན་དང་མུ་མཐུད་དུ་དཔྱད་ཞིབ་རྒྱས་པར་གནང་བའི་རེ་བ་ཡོད།
༢༠༢༢ལོའི་ཟླ༤ཚེས༢༢ཉིན་ལ་དབུས་འགྱུར་འཆང་ལྷ་སར།
འབྲེལ་ཡོད་འོས་སྦྱོར།