logo

རྟ་རྒྱུག་རྒྱལ་འཇོག་ལས་བྱུང་བའི་གསོ་རིག་གི་སྐོར།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-09-07 ཀློག་གྲངས།:
༄༅། །གླིང་གེ་སར་རྒྱལ་པོའི་སྒྲུང་རྟ་རྒྱུག་རྒྱལ་འཇོག་ལས་བྱུང་བའི་གསོ་རིག་ལ་ཅུང་ཙམ་དཔྱད་པ།
ཧྲོང་བོ་ཚེ་བརྟན་རྒྱལ།
 
འགོ་བརྗོད།
        གླིང་གེ་སར་རྒྱལ་པོའི་སྒྲུང་རྟ་རྒྱུག་རྒྱལ་འཇོག་ནི་དོན་དངོས་ལོ་རྒྱུས་དང་མཐུན་པའི་སྒྲུང་དཔེ་གལ་ཆེན་ཞིག་ཡིན་པ་དང་། ད་ལྟའང་རྟ་མགོ་ཀུ་ར་རྫ་དང་རྟ་རྟིང་ཨ་ཡུ་ཏིལ་ཞེས་པའི་ས་ཆ་སྒ་ཡུལ་ཤུལ་སོགས་ནས་ངོས་འཛིན་བྱེད་སླ་བ་དང་། རྟ་རྒྱུག་གི་དམིགས་ཡུལ་ཡང་གླིང་གི་རྒྱལ་པོ་སུ་བྱེད་ཀྱི་འགྲན་རྩོད་ཅིག་ཡིན་ཏེ། རྟ་མགྱོགས་པའི་རྒྱལ་ཁ་སུས་ལོན་ན་དེ་ནི་ཁྲ་མོ་གླིང་གི་རྒྱལ་པོ་དང་། སེང་ལྕམ་འབྲུག་མོའི་སྐྲ་བདག། སྐྱ་ལོ་ཚང་གི་རྒྱུ་བདག་བཅས་ཡིན་པ་རེད། གནས་ཚུལ་འདི་འདྲ་ནི་ཕལ་ཆེར་འཛམ་གླིང་ནས་བཤད་ན་ཡང་བྱུང་དཀོན་པ་ཞིག་ཡིན་ངེས་ལ། ཐེངས་འདིར་ཁོ་བོས་སྒྲུང་ཡིག་འདིར་འཁོད་པའི་གསོ་རིག་གི་ཤེས་བྱ་འགའ་ལ། རང་བློ་དང་འཚམ་པར་རྒྱུད་བཞི་དང་བོད་སྨན་མཁས་པའི་ཉམས་ཡིག་དང་བསྟུན་ཏེ་དཔྱད་པ་ཐན་ཐུན་ཞིག་བྱེད་འདོད་བྱུང་སོང་།
དང་པོ། སངས་རྒྱས་སྨན་བླ་དང་འཚོ་བྱེད་གཞོན་ནུ་སོགས་བརྗོད་པ།
        ལྷ་རྗེ་ཀུན་དགའ་ཉི་མས་ཇོ་རུ་ལ་བླངས་པའི་གླུ་རུ་གསོ་རིག་དང་འབྲེལ་བའི་གཏམ་མང་པོ་འདུག་སྟེ། དཔེར་ན། ལྟ་ན་སྡུག་པའི་ཞིང་ཁམས་ནས། །སངས་རྒྱས་སྨན་གྱི་བླ་མ་དང་། །ཚངས་དབང་རྒྱུན་ཤེས་བུ་དང་ནི། །འཚོ་བྱེད་གཞོན་ནུ་ལ་སོགས་པས། །ཐུགས་རྗེས་ཟུངས་ལ་བྱིན་གྱིས་རློབས།།[1]ཞེས་གསུངས་པ་དང་། དེ་ལས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ནི། བོད་ཀྱི་མཁས་པ་རྣམས་ལ། ཕྱི་ནང་གསང་གསུམ་གྱི་ངོས་འཛིན་ཚུལ་མི་གཅིག་པ་མང་པོ་ཡོད་པ་སྟེ། ལ་ལས་རི་རབ་ཀྱི་རྩེ་མོ་སུམ་ཅུ་རྩ་གསུམ་དང་། འབིགས་བྱེད་སོགས་རི་བཞིའི་དབུས། རྒྱ་གར་རྡོ་རྗེ་གདན། ཨོ་རྒྱན་གྱི་ཡུལ་སོགས་རང་རང་གི་བཞེད་ཚུལ་ཅི་རིགས་ཤིག་བརྗོད། དེང་དུས་ཀྱི་རྣམ་དཔྱོད་ཅན་མང་པོ་ཞིག་ཀྱང་རྗེ་ཟུར་མཁར་བའི་རྗེས་སུ་འབྲངས་ཏེ། བཤད་མཛོད་ཆེན་མོའི་སྨན་གྱི་ནགས་སུ་ལོ་བཞི་སྟེ། ཞེས་པར་ཕལ་ཆེར་གྱིས་ངོས་འཛིན་བྱེད་པ་ལྟར་དང་། སངས་རྒྱས་སྨན་བླ་ནི། རྒྱུད་བཞི་ལས། གཞལ་ཡས་ཁང་དེའི་དབུས་ན་ནོར་བུ་བེེཌཱུརྱའི་གདན་ལ་སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བེེཌཱུརྱ་འོད་ཀྱི་རྒྱལ་བོ་ཞེས་བྱ་བ་བཞུགས་སོ། །[2]ཞེས་གསུངས་པ་བཞིན་ཡིན་ལ། ཚངས་དབང་ཞེས་པ་ནི། རྒྱུད་ལས། ཕྱི་བའི་འཁོར་ནི་འདི་ལྟ་སྟེ། མུ་སྟེགས་ཀྱི་མེས་པོ་ཚངས་པ་དང་། མ་ཧཱ་དེ་བ་ཤྲཱི་རལ་བ་ཅན་དང་།[3]ཞེས་པ་གཉིས་ཀྱི་མིང་བསྡུས་པ་ཡིན་ཏེ། མ་ཧཱ་དེ་བ་ཤྲཱི་རལ་བ་ཅན་ནི་ལྷ་དབང་ཕྱུག་གི་མིང་ཡིན་པས། ཚངས་པ་དང་དབང་ཕྱུག་ལ་ཚངས་དབང་ཞེས་བོས་པའོ། །རྒྱུན་ཤེས་བུ་ནི། རྒྱུད་ལས་དྲང་སྲོང་གི་འཁོར་ནི་འདི་ལྟ་སྟེ། དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་དང་།[4]ཞེས་པ་དེའོ། །འཚོ་བྱེད་གཞོན་ནུ་ནི། རྒྱུད་ལས། འཚོ་བྱེད་གཞོན་ནུ་ལ་སོགས་པ་ནང་བའི་འཁོར།[5]ཞེས་པ་དེ་ཡིན་ལ། བཤད་ཚུལ་ལ་ཡང་། སྨན་པའི་རྒྱལ་བོ་འཚོ་བྱེད་གཞོན་ནུ་དང་། །མགར་བའི་རྒྱལ་པོ་མགར་ལ་ཡུག་པ་དང་། །བཟོ་བོའི་རྒྱལ་པོ་བི་ཤྭ་ཀརྨ་དང་། །ཞེས་པའི་སྟོན་པ་ཤཱཀྱ་ཐུབ་པ་ཞལ་བཞུགས་དུས་ཀྱི་རྒྱ་གར་གྱི་སྨན་པ་མཁས་ཅན་ཞིག་གོ །
གཉིས་པ། ཉེས་གསུམ་དང་དུག་གསུམ་བརྗོད་པ།
        ཡང་སྒྲུང་ལས། ནད་ལ་རླུང་མཁྲིས་བད་ཀན་གསུམ། །ཆགས་སྡང་རྨོངས་པའི་རྒྱུ་ཡིས་བསྐྱེད། །[6]ཅེས་པ་དང་། དེ་ནི་རྒྱུད་ལས། འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་ལས། །འབྲས་བུ་རླུང་མཁྲིས་བད་ཀན་ཉེས་པ་སྐྱེད། །[7]ཅེས་པའི་དོན་ཡིན་ལ། དེ་ཡང་ཉེ་རྒྱུ་དུག་གསུམ་གྱིས་མཚུངས་ལྡན་དུ་འབྲས་བུ་ཉེས་གསུམ་བསྐྱེད་པ་ཡིན་ཏེ། འདོད་ཆགས་ལས་རྩུབ་ཡང་གྲང་ཕྲ་སྲ་གཡོའི་བདག་ཉིད་ཅན་གྱི་འབྲས་བུ་རླུང་སྐྱེད་པ་དང་། རྒྱུ་ཞེ་སྡང་ལས་འབྲས་བུ་སྣུམ་བཅས་རྣོ་ཚ་ཡང་དྲི་མནམ་འཁྲུ་གཤེར་གྱི་བདག་ཉིད་ཅན་གྱི་མཁྲིས་པ་སྐྱེད་པ། གཏི་མུག་ལས་སྣུམ་བསིལ་ཡང་ལྕི་རྟུལ་འཇམ་བརྟན་འབྱར་བག་གི་བདག་ཉིད་ཅན་གྱི་བད་ཀན་སྐྱེད་པར་བསྟན་པ་ནི། རྒྱུད་ཀྱི་དགོངས་པ་དང་ཇི་བཞིན་ནོ། །
གསུམ་པ། ནད་བཞི་བརྒྱ་རྩ་བཞི་དང་ཉེ་རྒྱུའི་དབང་གིས་ནད་ཅན་བརྗོད་པ།
        སྒྲུང་ལས། བཞི་བརྒྱ་རྩ་བཞིའི་ནད་རྣམས་བྱུང་། །[8]ཞེས་པའི་བཞི་བརྒྱ་རྩ་བཞིའི་ནད་ནི། རྒྱུད་ལས། དེ་ལྟར་ཉེས་པ་གཙོ་བོ་རིག་གནས་བཞིའི། །དབྱེ་བ་བཞི་བརྒྱ་རྩ་བཞིའི་ནད་ཡོད་དེ། །དེ་ལ་གཞན་དབང་བཅོས་ཀྱང་འཆི་བ་དང་། །ཀུན་བརྟགས་གདོན་ནད་རིམ་གྲོས་གྲོལ་བ་དང་། །ཡོངས་གྲུབ་མ་བཅོས་འཆི་ལ་བཅོས་ན་འཚོ། །ལྟར་སྣང་མ་བཅོས་རང་བཞིན་འཚོ་བ་བཞི། །གཅིག་ལ་བཞི་སྦྱར་བཞི་བརྒྱ་རྩ་བཞི་སྟེ། །[9]ཞེས་པ་བཞིན། སྔོན་གྱི་ལས་ངན་པ་བསགས་པ་ལས་བྱུང་བའི་ནད་དང་། འཁྲུལ་བའི་སེམས་ཀྱིས་རྣམ་པར་ཀུན་ཏུ་བརྟགས་ཤིང་ཕན་གནོད་སྒྲོ་བཏགས་པ་ལས་བྱུང་བའི་གདོན་གྱི་ནད་དང་། ཚེ་འདིའི་ཉེས་པ་རླུང་མཁྲིས་བད་ཀན་ཁོ་ན་ལས་བྱུང་བའི་ནད། ཆམ་པ་སོགས་ལྟར་སྣང་འཕྲལ་གྱི་ནད་བཅས་ཡིན་པ་དང་། དེ་རེ་རེ་ལའང་བརྒྱ་དང་གཅིག་རེ་བྱས་པས་ཁྱོན་བརྒྱ་དང་བཅུ་མེད་བཞི་སྟེ་ནད་རིགས་བཞི་བརྒྱ་རྩ་བཞི་ཞེས་པའོ། །ཡང་སྒྲུང་དུ། མི་ན་གནས་པའི་སེམས་ཅན་ལ། །ནད་རྒྱུ་དུག་གསུམ་མ་སྤངས་པས། །ནད་ཤས་མེད་པའི་རྩ་མི་སྲིད། །[10]ཅེས་པ་ནི། མི་ནད་མེད་རྒྱུན་ལྡན་ཐ་མལ་དུ་གནས་པ་ཞིག་ཡིན་ན་ཡང་། ཉེས་གསུམ་ཏེ་རླུང་མཁྲིས་བད་ཀན་གསུམ་གྱི་ཉེ་རྒྱུ་དུག་གསུམ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལས་མ་གྲོལ་ན། ནམ་ཡང་ནད་ཅན་ཡིན་པས། བལྟ་རྩ་འདི་ཡང་ནད་ཤས་ཅན་ཡིན་པ་གོར་མ་ཆག་གོ །ཅེས་པ་སྟེ། དེའི་དོན་རྒྱུད་ལས། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། །བདག་མེད་དོན་མ་རྟོགས་པས་མ་རིག་ཅེས། །དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང་། །རང་གི་གྲིབ་མ་དེ་དང་མི་འབྲལ་བཞིན། །འགྲོ་ཀུན་བདེ་བར་གནས་ཤིང་སྤྱོད་ན་ཡང་། །མ་རིག་ལྡན་པས་ནད་དང་འབྲལ་མི་སྲིད། །[11]ཅེས་པའི་དགོངས་པ་དང་དོན་གཅིག་མཚུངས་སུ་འདུག་སྟེ། རྒྱུད་ལས། ནད་ཀྱི་རིང་རྒྱུ་མ་རིག་པ་ལས་མ་གྲོལ་བའི་བར་དུ་སེམས་ཅན་ནད་པ་ཡིན་པ་བསྟན་པ་དང་། སྒྲུང་ལས། མ་རིག་པ་ལས་བསྐྱེད་པའི་ཉེ་རྒྱུ་དུག་གསུམ་མ་སྤངས་བའི་བར་དུ་འགྲོ་བ་ཐམས་ཅད་ནད་ཅན་ཡིན་པར་བཤད་པ་སྟེ། དོན་དུ་ཉེས་པ་གསུམ་གྱི་ཉེ་རྒྱུ་དང་རིང་རྒྱུ་མ་སྤངས་པའི་བར་དུ་འགྲོ་བ་མི་ནི་ནད་ཅན་ཡིན་པར་བསྟན་པའོ། །
བཞི་པ། བརྡ་སྦྱོར་འཕྲིན་པ་རྩ་བརྗོད་པ།
        ཡང་ཇོ་རུས་ལྷ་རྗེ་ཀུན་དགའ་ཉི་མ་ལ། འཚོ་འཆི་རྩ་ལ་གཟིགས་རོགས་མཛོད། །[12]ཅེས་པ་ནི། ནད་དང་སྨན་པ་བརྡ་སྦྱོར་འཕྲིན་པ་རྩ་ལ་བརྟག་དགོས་ཞེས་པ་ཡིན་ལ། དེ་ནི་རྒྱུད་ལས། དང་པོ་རེག་པ་རྩ་ལ་བརྟག་པ་ནི། །ནད་དང་སྨན་པ་བརྡ་སྦྱོར་འཕྲིན་པ་རྩ། །སྔོན་འགྲོ་ཟས་སྤྱོད་བསླབ་དང་བལྟ་དུས་བསྟན། །བལྟ་གནས་མནན་ཚུལ་བལྟ་ཚུལ་ཤེས་པ་ཡིས། །ཐ་མལ་རྩ་ལ་རྩ་རྒྱུད་གསུམ་དུ་བརྟག །དུས་བཞིའི་རྩ་ལ་ཁམས་ལྔ་འབྱུང་བ་རྩི། །ངོ་མཚར་རྩ་བདུན་ནད་མེད་མི་ལ་བལྟ། །ནད་དང་ནད་མེད་འཕར་བའི་གྲངས་ལས་དཔགས། །སྤྱི་དང་བྱེ་བྲག་རྩ་ཡིས་ནད་ངོས་བཟུང་། །འཆི་རྩ་གསུམ་གྱིས་འཚོ་འཆི་ཁ་དམར་གདགས། །གདོན་རྩ་གློ་བུར་ཡེ་འདྲོག་རིམ་གྲོ་འབོགས། །ཚེ་རྟགས་བླ་ཡི་རྩ་ལ་བརྟག་པ་སྟེ། །སྤྱི་དོན་བཅུ་གསུམ་རེག་པའི་མདོར་བསྟན་ཡིན། །[13]ཞེས་པ་བོད་ལུགས་རྒྱུད་བཞི་ལྟར་བལྟ་རྩར་བརྟག་དགོས་པར་བསྟན་པ་དང་། འཚོ་འཆི་རྩ་ལ་བརྟག་ཅེས་པ་ཡང་གཅིག་བཤད་ན། ནད་པའི་སྲོག་འཚོ་བའམ་ཡང་ན་འཆི་བ་ནི་ཆུ་མ་ཡིན་པར། བལྟ་རྩ་ཡིས་ངོས་འཛིན་ནུས་པ་དང་། ཁྱད་པར་དུ་བླ་རྩ་དང་བོལ་གོང་འཕར་རྩ་ལ་རེག་ན་དེ་བས་ཀྱང་ཚོར་ཐུབ་པ་ཡིན་ཞིང་། དེ་ནི་རྒྱུད་ལས། འཚོ་འཆི་ལ་ཤན་རྩ་ཡིས་དབྱེ། །[14]ཞེས་པ་ལྟར་རོ། །གཞན་རྒྱ་ནག་གི་གསོ་རིག་པ་ཝང་ཧྲུའུ་ཧི་ཡི་རྩ་དཔྱད་རིག་པ་དང་། གནའ་བོའི་ནུབ་ཕྱོགས་ཀྱི་གསོ་དཔྱད་པ་ཧེ་རོ་ཧྥུ་ལྭ་སི་ཡིས། སྔར་ཆུ་ཚོད་གཅིག(ཟངས་ཏེམ་ཆུ་ཟགས་ཐབས)ལ་བརྟེན་ནས་རྩའི་ལྡིང་ཚུལ་བརྩིས་པ་དང་། ཁོང་ལ་རྩ་བརྟག་རིག་པའི་སྲོལ་འབྱེད་པ་རུ་འབོད་པ་སོགས་མཆིས་ཀྱང་། རྒྱུད་ཀྱི་རྩ་མདོ་ནི་བོད་རང་གི་ལག་ལེན་ཉམས་མྱོང་ཞིག་ཡིན་པ་ནི། རྒྱུད་བཞིའི་མཇུག་དོན་དུ། བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟག་པ་བསྟན། །[15]ཞེས་པ་ལས་ཀྱང་རྟོགས་ནུས་སྙམ་མོ། །
ལྔ་བ། ནད་ཚ་གྲང་དང་གདོན་ནད་བརྗོད་པ།
        ཡང་ཇོ་རུས། ཚ་གྲང་ནད་ལ་ངོས་འཛིན་དང་། །[16]ཞེས་པ་ནི་རྒྱུད་ལས། བད་རླུང་གྲང་ལ་ཁྲག་མཁྲིས་ཚ་བས་ན། །དུ་མར་ཕྱེ་ཡང་ཚ་གྲང་གཉིས་སུ་འདུས། །[17]ཞེས་པ་ལྟར་བཤད་པ་དང་། ཡང་། གནོད་པའི་གདོན་དེ་ཕུད་རོགས་ཀྱིས། །[18]ཞེས་པ་ནི། རྒྱུད་ལས་བཤད་པའི་ཀུན་བརྟགས་གདོན་ནད་བརྒྱ་རྩ་གཅིག་སྟེ། གདོན་ལ་འབྱུང་བོའི་གདོན་དང་སྨྱོ་བྱེད་དང་། །བརྗེད་བྱེད་གཟའ་དང་ཀླུ་གདོན་རྣམ་ལྔར་བཤད། །[19]ཅེས་གདོན་ནད་ལ་ཆེ་ས་རུ་དབྱེ་བ་ལྔ་མཆིས་པ་དང་། ནང་གསེས་འབྱུང་གདོན་ལ་དབྱེ་ན། དབྱེ་བ་ལྷ་དང་ལྷ་མིན་དྲི་ཟ་ཀླུ། །གནོད་སྦྱིན་ཚངས་པ་སྲིན་པོ་ཤ་ཟ་དང་། །ཡི་དྭགས་གྲུལ་བུམ་བྱད་སྟེམས་གཡེང་བྱེད་དང་། །རོ་ལངས་མཚུན་ལྷ་བླ་མ་དྲང་སྲོང་རྒན། །གྲུབ་པ་ཞེས་བྱའི་གདོན་ཆེན་བཅོ་བརྒྱད་དོ། །[20]ཞེས་པའི་གནོད་པ་ཡིན་ན་གདོན་གང་ཡིན་དེ་ལས་བཀྲོལ་རོགས་མཛོད་ཅེས་པ་དང་། དེ་བཅོས་ཐབས་ནི་རྒྱུད་ཀྱི་མཇུག་དོན་ལས། བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་ཡིན་པས། །དེ་མ་བཅོས་པར་སྨན་དཔྱད་ལེན་མི་འདོད། །གདོན་བཅོས་སྨན་མེད་གྱུར་ཀྱང་འཚོ་བ་ཡོད། །དཔེར་ན་དཔུང་བ་གཡར་བའི་བཙོན་བུ་འདྲ། །[21]ཞེས་པ་ལྟར་རིམ་གྲོས་བཅོས་དགོས་པ་བསྟན་པའོ། །གདོན་ནད་ནི་སྔོན་དུས་རྒྱ་གར་ཏུ་ཡང་དར་བར་འདུག་སྟེ། དཔལ་ལྡན་ཕ་ཁོལ་གྱི་ཡན་ལག་བརྒྱད་པའི་སྙིང་བསྡུས་ཀྱི་རང་འགྲེལ་དུ། སྨན་དཔྱད་ཀྱི་མདོ་ཡན་ལག་བརྒྱད་བགྲངས་དུས། གདོན་ནད་སྣ་ཚོགས་ཀྱི་དཔྱད་དང་།ཞེས་གསལ་པོར་བཀོད་འདུག་པ་དང་། དྲང་སྲོང་རྒྱུན་ཤེས་ཀྱི་གཞུང་དུ་ཚེ་ཡི་རིག་བྱེད་བརྗོད་བྱ་ཡན་ལག་བརྒྱད་དུ་དབྱེ་བར་ཡང་གདོན་ནད་མཆིས་པ་ལྟ་བུའོ། །ཡིན་ན་ཡང་། དེང་དུས་སུ་ཕལ་ཆེར་བོད་དུ་མ་གཏོགས། ནུབ་ལུགས་གསོ་རིག་དང་ཀྲུང་ལུགས་སོགས་སུ་གདོན་བཅོས་མི་འདུག་ཅིང་། ཐ་ན་འཇིག་རྟེན་གོ་ལ་ཧྲིལ་བོའི་གནས་ག་ས་གང་དུ་ཡང་ཉུང་ཚོད་རེད། ཡང་ལྷ་རྗེས། དེ་སྟེ་ཇོ་རུའི་རྩ་འདི་ལ། །ནད་ཁམས་རྩ་རིགས་མི་དགོས་དང་། །འབྱུང་བཞི་སྙིགས་ཁམས་མི་གདའ་ལགས། །[22]ཞེས་ཇོ་རུའི་རྩ་ནི་རྩ་ཁམས་དྭངས་བ་ཐ་མལ་ནད་མེད་དུ་འདུག་པ་མ་ཟད། ལུས་འབྱུང་ཁམས་ཀྱི་དྲི་མ་སྙིགས་མ་དང་ཡང་བྲལ་ཏེ་ཤིན་ཏུ་བདེ་ཐང་ཡིན་པ་བཤད་ཡོད་པ་དང་། འབྱུང་བ་ལྔ་ནི་སྟག་ཚང་ལོ་ཙཱ་བས། སྣོད་བཅུད་བརྟན་གཡོའི་དངོས་པོ་ཀུན། །ས་ཆུ་མེ་རླུང་ནམ་མཁའ་བཅས། །འདི་དག་ལ་བརྟེན་འབྱུང་བའི་ཕྱིར། །འབྱུང་བ་ཞེས་སུ་བཤད་པ་ཡིན། །ཞེས་གསུངས་པ་ལྟར་དང་། ཡང་ངོ་མཚར་རྩ་བདུན་སྐབས་ཀྱི་འབྱུང་བ་ལྔ་ནི། ཤིང་། མེ། ས། ལྕགས། ཆུ་ལྔ་ཡིན་ཞིང་། སྐབས་འདིར་ཡང་། གླིང་གི་ལྷ་རྗེ་ཀུན་དགའ་ཉི་མས་ཇོ་རུའི་རྩ་བརྟག་དུས་བཤད་པའི་འབྱུང་བ་ནི། ནག་རྩིས་ལུགས་ཀྱི་ཤིང་མེ་ས་ལྕགས་ཆུ་ལྔ་ཨེ་ཡིན་ནམ་སྙམ་པ་དང་། སྤྱིར་འབྱུང་བ་ལྔ་ཟེར་ཡང་སྒྲུང་དུ་འབྱུང་བཞི་བྱ་བ་རྒྱུད་དང་བཤད་ཚུལ་མི་མཐུན་པར་འདུག་ཅེ་ན། རྒྱུད་དང་མཐུན་ཏེ། རྒྱུད་ཀྱི་མཇུག་དོན་ཡོངས་གཏད་ལས། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པུར་འབྲེལ། །[23]ཞེས་གསུངས་པ་ལྟར་རོ། །
དྲུག་པ། དཀར་པོ་ཆིག་ཐུབ་བརྗོད་པ།
        ཡང་སྒྲུང་དུ། སྨན་དཀར་པོ་ཆིག་ཐུབ་སོགས་ནད་སྤྱི་སྨན་ཁ་ཤས་སྨན་པའི་དམ་ཚིག་ཏུ་ལུས་དང་འབྲལ་མེད་དུ་འཆང་ཡོད།[24]ཅེས་བསྟན་ཡོད་པ་དང་། དེ་ལས་དཀར་པོ་ཆིག་ཐུབ་ནི་རྒྱུད་ལས། དཀར་པོ་ཆིག་ཐུབ་དུག་སྡུད་གཉན་སྲིན་འཇོམས། །[25]ཞེས་པ་དེ་ཡིན་པ་དང་། དཀར་པོ་ཆིག་ཐུབ་ཀྱི་ངོས་འཛིན་ནི། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བེེ་སྔོན་དུ། དཀར་པོ་ཆིག་ཐུབ་ལ་སྤྱི་དང་འདིར་མིང་གཅིག། དེའང་བྱང་ཟུར་སོགས་དུག་སྡུད་པའི་དཀར་པོ་ཆིག་ཐུབ་ཀོ་ཋ་དང་། དེ་བཞིན་གཉན་ལ་འཛིམ་པ། སྲིན་ལ་ཐང་ཕྲོམ་པ་སོགས་བྱེད་པར་སྣང་ཡང་དོན་ཆིག་ཐུབ་ཅེས་པ་སྨན་ངོ་རྐྱང་གཅིག་གིས་ནད་སྣ་མང་དག་ལ་ཕན་པའི་དབང་གིས་གསུངས་ལ་སྒེར་དུ་ངོས་འཛིན་ནི་འཁྲུངས་དཔེར། དཀར་པོ་ཆིག་ཐུབ་གཡའ་ལ་སྐྱེ། །ལོ་མ་གང་བུ་ཐང་ཕྲོམ་འདྲ། །ས་ལས་མ་འཕགས་ཅོག་པོར་སྐྱེ། །རྩ་བ་དཀར་པོ་སུག་པ་འདྲ། །ཞེས་བཤད་ཅིང་རྩ་བ་དཀར་པོ་ལ་ཕུག་སྐམ་པོ་འདྲ་བ་རྐང་ཕྲ་ལ་རིང་བ་ལོ་མ་ལྗང་གུ་སྲབ་ལེབ་ཅན་ཞིག་དང་ས་ལས་མ་འཕགས་པར་སྐྱེ་བ་ལོ་མ་གུག་གེ་འོང་བ་རིགས་གཉིས་ཀྱི་རྩ་བས་དུག་རྣམས་སྡུད་ཅིང་གཉན་སྲིན་ཀྱང་འཇོམས།[26]ཞེས་པ་བཞིན་ནོ། །
བདུན་པ། གླ་རྩི་བརྗོད་པ།
        རྟ་རྒྱུག་རྒྱལ་འཇོག་གི་འབྲུག་མོའི་གླུ་ལས། གླ་བདུད་དམ་ལ་འདོགས་དགོས་ཟེར། །གླ་བདུད་མ་རེད་རྩི་དོན་རེད། །ཕོ་གླའི་རྩི་དེ་ཐོབ་ན་འདོད། །[27]ཅེས་བཤད་ཡོད་པ་དང་། གླ་རྩི་ནི་བོད་རང་ལ་ལག་ལེན་ཉམས་མྱོང་ལྡན་པའི་རྩི་སྨན་གལ་ཆེན་ཞིག་ཡིན་པ་དང་། གཉན་སྐྲན་སོགས་ནད་ཚབས་ཆེན་ལ་བཏང་ཚེ། ན་ཟུག་འཇོམས་པ་དང་གཉན་ཁ་སེལ་བ་སོགས་ནི་ཀུན་གྱིས་ཤེས་གསལ་ལྟར་ཡིན། རྒྱུད་བཞི་རུ། གླ་རྩིས་དུག་སྲིན་མཁལ་མཆིན་གཉན་ནད་སེལ། །[28]ཞེས་པ་དང་། ཤེལ་གོང་ཤེལ་ཕྲེང་དུ། གླ་རྩིས་དུག་སྲིན་མཁལ་ནད་གཉན་ཚད་སེལ། །[29]ཞེས་པ་དང་།ཡང་དེ་ལས། རིགས་ལ་བརྟག་པ་ནི། གླ་ནག་དང་། གླ་སྐྱ་གཉིས་ཏེ། གླ་ནག་ནི་ནགས་ནང་དུ་གནས་པའི་གླ་བ་སྔོ་ནག་གཟུགས་ཆུང་ལ། ཐང་ཤིང་གི་རྩེར་སྟོད་ལ་འཛེག་ཐར་བ། དེ་ལ་རྩི་ཤིན་ཏུ་ཆེ་ལ་དྲི་མ་ངར་ཞིང་ཁྱབ་ཆེ་བ། རྩི་ཁའི་སྤུ་དམར་སེར་ཤིན་ཏུ་ཕྲ་བ། ཤི་བའི་ཤ་ཡང་རྩིའི་དྲི་མས་ཁྱབ་པས་ཟ་མི་བཏུབ་པ་འབྱུང་བར་བཤད་པ་དེ་ཤིན་ཏུ་བཟང་། གླ་སྐྱ་ནི་དཀྱུས་མ་ཡིན། ཡུལ་ལ་བརྟག་པ་ནི། སྐམ་ཤས་ཆེ་ལ་ཤིང་ཕུར་མོང་མང་བ། རྩྭ་ངན་པ་སྐྱེ་སའི་གླ་རྩི་བཟང་། དེ་ལས་ལྡོག་པའི་ཡུལ་ནི་ངན་པ་ཡིན། དབྱིབས་ལ་བརྟག་པ་ནི། རྩི་རིལ་རྡོག་གཅིག་ཏུ་དྲིལ་བ་བཟང་མཆོག་ཡིན། རྩི་འབྲུམ་རིལ་བུ་མང་བ་འབྲིང་། རྩི་འབྲུམ་ཡང་སྲ་མཁྲེགས་ཅན་ཕྱི་ལ་ནག་རྩི་སྣུམ་འོད་ཆགས་པ་བཟང་། རྩི་ཉོབ་ཕྱེ་མ་ངན་པའོ། །ཁ་དོག་ལ་བརྟག་པ་ནི། སེར་པོ་རབ། དམར་ཁམ་འབྲིང་། ནག་པོ་ཐ་མའོ། །འདི་ཡང་དྲིའི་ལས་བྱེད་པ་ཡིན་པས་དྲི་མ་ཡལ་བར་པར་པུར་བཅུག་ལ་ཁ་སྤྲ་ཚིལ་གྱིས་བཀག་ནས་ཉར་ཚགས་དགོས་པར་བཤད།[30]ཅེས་གསུངས་པ་ལྟར་ཡིན་པ་དང་། སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་དུ། གླ་རྩིའི་ཕན་ནུས། རོ་ཁ། ཞུ་རྗེས་བསིལ། ནུས་པས་རྒྱུ་བ་དང་། མི་རྒྱུ་བའི་དུག་རིགས་སྤྱི་དང་། ཁྱད་པར་སྦྲུལ་དུག་ལ་སོགས་སེལ། ལུས་ཕྱི་ནང་ཀུན་ཏུ་ཞུགས་པའི་སྲིན་རིགས། མཆིན་མཁལ་ལ་སོགས་དོན་སྣོད་ཀྱི་ཚད་པ། གཉན་རིམས། ཁོང་འབྲས་ལ་སོགས་འཇོམས། ཞེས་པ་བཞིན་ནོ། །
མཇུག་གཏམ།
        འདི་ལྟར་དུས་ཚོད་ཐུང་ཐུང་ཞིག་ལ་རྩོམ་ཡིག་འདི་འབྲི་ཁུལ་བྱས་པ་ཡིན་ཞིང་། སྤྱིར་ན་གེ་སར་སྒྲུང་ཡིག་གི་གསོ་རིག་ཤེས་བྱ་དག་ལ། གསོ་རིག་རྒྱུད་གཞི་དང་སྔོན་བྱོན་མཁས་པའི་ཉམས་ཡིག་དང་བསྡུར་དཔྱད་ཀྱིས་བྲིས་ན། གཡུར་ཟའི་ཞིབ་འཇུག་ཅིག་ཡིན་པ་གོར་མ་ཆག་མོད། ཡིན་ན་ཡང་། རང་ཉིད་ཀྱི་ཡོན་ཚད་དང་འབྲི་རྩལ་བལྟ་རྒྱ་མཐོང་རྒྱ་སོགས། ཕྱོགས་གང་ཐད་ནས་ནུས་པ་དམན་པས་རྣག་ཐོག་གཙག་འཁེལ་ཞིག་བྱུང་མ་སོང་ངོ་། །
 
དཔྱད་གཞིའི་ཡིག་ཆ།
[1][6][8][10][12][16][18][22][24][27] «རྟ་རྒྱུག་རྒྱལ་འཇོག» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༡ལོའི་ཟླ༣པར་དཔར་ཐེངས་དང་པོ་བཏབ། p༢༡༣-༢༡༤ p༢༡༤ p༢༡༤ p༢༡༤ p༢༡༤ p༢༡༣ p༢༡༣ p༢༡༤ p༢༡༣ p༡༠༨
[2][3][4][5][7][9][11][13][14][15][17][19][20][21][23][25][28] «བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ།།» གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་དཔར་ཐེངས༣བཏབ། p༣ p༣ p༣ p༣ P༣༥ P༤༦ P༣༤ P༥༥༨ P༥༧༡ P༦༦༠ P༤༦ P༣༨༥ P༣༨༥ P༦༦༡ P༦༦༣ P༧༡ P༦༨
[26] «རྒྱུད་བཞིའི་གསལ་བྱེད་བེེ་ཌཱུརྱ་སྔོན་པོ» སྡེ་སྲིད་སངས་རྒྱས་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༨པར་པེ་ཅིན་དུ་དཔར་ཐེངས་དང་པོ་བརྒྱབ། P༣༨༢
[30] «ཤེལ་གོང་ཤེལ་ཕྲེང» དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༡ལོའི་ཟླ༥པར་པེ་ཅིན་དུ་དཔར་ཐེངས༡པོ་བརྒྱབ། P༡༦༩-༡༧༠
2022-8-19
འབྲེལ་ཡོད་འོས་སྦྱོར།