logo

༄༅། །མ་ཎི་བཀའ་འབུམ་ཁྲོད་ཀྱི་གསོ་རིག་སྐོར་གྱི་ཡིག་ཆ་ཚན་པ་གཉིས།

རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས་ཀྱིས་བ ཡོང་ཁུངས།:སྔོ་རྡེའུ་ཚང་གི་འཕྲིན་སྟེགས། དུས་ཚོད།:2022-11-25 ཀློག་གྲངས།:
༡ རྒྱལ་བུ་རིན་ཆེན་ལ་གདམས་པ།
       ས་སྟེང་སྨན་དུ་མ་གྱུར་གང་ཡང་མེད། །རྒྱལ་བོ་གཙོ་བོ་བརྒྱད་ཀྱིས་བརྒྱན་པ་འདྲ། །ས་སྟེང་དུག་དུ་མ་གྱུར་གང་ཡང་མེད། །དུག་སྦྲུལ་ཚེར་མའི་འོབས་སུ་ཚུད་པ་འདྲ། །སྨན་ཡང་དུག་ལ་དུག་ཀྱང་སྨན། །གཏོང་ཤེས་སྨན་གྱི་མཆོག་ཡིན་ཏེ། །མ་ཤེས་སྲོག་གི་དུག་ཏུ་འགྱུར། །གང་ལའང་མ་རྨོངས་མཁས་པར་བློ་སྦྱོངས་ལ། །གང་ལ་གང་ཕན་ཅི་ལ་ཅི་དགོས་བསྟེན། །རྒྱལ་བོའི་ཕོ་བྲང་ནང་གི་དཀོར་མཛོད་འདྲ། །ཚ་བ་དྲོད་ཀྱིས་བཅོས་པ་ན། །དེ་ནི་སྲོག་གི་དུག་དུ་འགྱུར། །གྲང་བ་བསིལ་གྱིས་བཅོས་པ་ན། །དེ་ནི་སྲོག་གི་དུག་དུ་འགྱུར། །ཚ་བ་བསིལ་གྱིས་བཅོས་པ་ལ། །ཚད་གཞུག་དྲོད་ཀྱིས་མ་བཅོས་ན། །རྒྱ་མཚོའི་ནང་དུ་ཆུ་འབབ་འདྲ། །དེ་ནི་སྲོག་གི་དུག་དུ་འགྱུར། །གྲང་བ་དྲོད་ཀྱིས་བཅོས་པ་ལ། །གྲང་མཇུག་བསིལ་གྱིས་མ་བཅོས་ན། །རི་རབ་རྩེ་ལ་མེ་ཤོར་འདྲ། །དེ་ནི་སྲོག་གི་དུག་དུ་འགྱུར། །ལེགས་པར་སློབས་ལ་མཁས་པར་འཆོས། །གཡོ་སྒྱུ་ཟོལ་ཟོག་མ་བྱེད་ཅིག །ནད་པ་གཅིག་ལས་མི་གསོ་ཡང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་གསོ་བར་སེམས་བསྐྱེད་ཅིག །ཅེས་པ་འདི་མ་ཎི་བཀའ་འབུམ་གླེགས་བུམ་དང་བོ་ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་རྩའི་ལོ་རྒྱུས་ཆེན་མོ་ལས་བཤུས་པའོ། །

༢ ནང་ན་ཚ་ཞི་བར་བྱེད་པའི་ཞལ་གདམས།
       ཐུགས་རྗེ་ཆེན་པོའི་གདམས་པ་ལུས་ཀྱི་བར་ཆོད་རླུང་མཁྲིས་བད་ཀན་འདུས་པའི་ནད་ཡིན་པས། དེ་བསལ་བ་ནི། ནད་ཀྱི་རིང་བའི་རྒྱུ་དུག་གསུམ་ཡིན་ཏེ། ཞེ་སྡང་ལས་མེ། འདོད་ཆགས་ལས་ཆུ། གཏི་མུག་ལས་ས། ང་རྒྱལ་ལས་རྡོ། ཕྲག་དོག་ལས་རླུང་ངོ་། །འབྱུང་བ་ལྔ་ལས་ལུས་བླངས་པས། རྡོ་ལས་རུས་པ། ས་ལས་ཤ །ཆུ་ལས་ཁྲག །མེ་ལས་དྲོད། རླུང་ལས་དབུགས། ནམ་མཁའ་ལས་སེམས། འབྱུང་བ་བཞི་འདུས་པ་ལས་ལུས་ཆགས་པས། ནམ་མཁས་གོ་ཕྱེ་ནས་སེམས་བྱུང་བས་ལུས་སེམས་འབྲེལ་ལོ། །འབྱུང་བ་ཆ་སྙོམས་པ་ལས་ལུས་བདེ། ལུས་བདེ་བས་སེམས་ཀྱི་རྟེན་ལུས་ཡིན་པས་སེམས་བདེ་བའོ། །ནད་ཀྱི་ཉེ་བའི་རྒྱུ་འབྱུང་བ་བཞི་སྟེ་འབྱུང་བ་བཞི་ལས་ནད་བཞི་བརྒྱ་རྩ་བཞི་སྐྱེ་སྟེ། ཞེ་སྡང་ལས་མེ། མེ་ལས་མཁྲིས་པ། མཁྲིས་པ་ལས་བྱུང་བ་བརྒྱ་རྩ་གཅིག །གཏི་མུག་ལས་ས། ས་ལས་བད་ཀན། བད་ཀན་ལས་གྱུར་པ་བརྒྱ་རྩ་གཅིག །ཕྲག་དོག་ལས་རླུང་། རླུང་ལས་རླུང་། རླུང་ལས་གྱུར་པ་བརྒྱ་རྩ་གཅིག །འདོད་ཆགས་ལས་ཆུ། ཆུ་ལས་འདུས་པ། འདུས་པ་ལས་གྱུར་པ་བརྒྱ་རྩ་གཅིག །ནད་བཞི་བརྒྱ་རྩ་བཞི་བོ་དེས་འབྱུང་བ་ཆ་མ་སྙོམས་པས་ལུས་ན་བར་བྱེད་དོ། །ནད་དེ་རྣམས་ཀྱི་གཉེན་པོ་ཡི་གེ་དྲུག་པ་ཡིན་ནོ། །ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་འབྱུང་བ་ལྔ་འདུས་པའི་ཡི་གེ། མ་ནམ་མཁའི་ཡི་གེ། ཎི་ཆུའི་ཡི་གེ། པད་སའི་ཡི་གེ། མེ་མེའི་ཡི་གེ། ཧཱུྃ་རླུང་གི་ཡི་གེ། ནད་ཞི་བར་བྱེད་པ་ནི་ཡི་གེ་དྲུག་པ་འབྱུང་བ་ལྔའི་ཡི་གེ་ཡིན་པས་འབྱུང་བ་རོ་སྙོམས་པར་བྱེད་དེ། ནད་རླུང་ཤས་ཆེ་ན་རིག་པ་རྩེ་སྨད་ཤེས་པ་ཉལ་ལེ་བཞག་གོ། །རིག་པ་རང་སར་གློད་ལ། ཨོཾ་མ་ཎི་པད་མེ་ཧཱུཾ་ཞེས་ཤུབ་བུར་བཟླས་ན་ནད་རླུང་ནད་ཞི། སྒྲིབ་པ་བྱང་ནས་བྱང་ཆུབ་ཐོབ་བོ། །ནད་མཁྲིས་པ་ཤས་ཆེ་ན་རིག་པ་གཙུག་ཏུ་མི་གཞུག་རིག་པ་བསེང་། ཨོཾ་མ་ཎི་པད་མེ་ཧཱུཾ་ཞེས་ཤུབ་བུར་བཟླས་ན། མཁྲིས་པ་དང་ཚད་པའི་ནད་ཐམས་ཅད་ཞི་སྟེ། སྒྲིབ་པ་བྱང་ནས་བྱང་ཆུབ་ཐོབ་བོ། །བད་ཀན་ཤས་ཆེ་ན་རིག་པ་བྱིང་དུ་མི་གཞུག་རིག་པ་རྩེ་གཏོད། དྲོད་དབྱུང་། ཨོཾ་མ་ཎི་པད་མེ་ཧཱུཾ་ཞེས་དྲག་ཏུ་བཟླས་པས། ལུས་ལ་དྲོད་སྐྱེ་བད་ཀན་དང་གྲང་བའི་ནད་ཞི་སྟེ། སྒྲིབ་པ་བྱང་ནས་བྱང་ཆུབ་ཐོབ་བོ། །ནད་འདུས་པ་ཤས་ཆེ་ན་རིག་པ་འདུས་སུ་མི་གཞུག་རྒྱ་བསྐྱེད། ཨོཾ་མ་ཎི་པད་མེ་ཧཱུཾ་ཞེས་དབྱངས་སུ་བཟླས་པས། འདུས་པ་ཆ་སྙོམས་པ་དང་ལུས་ལ་བདེ་བ་སྐྱེ་སྒྲིབ་པ་བྱང་ནས་བྱང་ཆུབ་ཐོབ་བོ། །སྟོད་སྨད་བར་གསུམ་གང་ན་ཡང་། རིག་པ་སོ་གཟུགས་གང་ན་སར་གཏད་ལ་ལག་པས་མནན་ནོ། །རིག་པ་ལས་སུ་རུང་བ་དང་། ན་བ་སོས་པ་དང་། རང་གཞན་གྱིས་བྱང་ཆུབ་ཐོབ་པར་འགྱུར་རོ། །ན་བ་རིག་པ་ཡིན་ཏེ་རིག་པ་བཅོས་པས་ནད་ཞི་བར་འགྱུར་རོ། །ནང་ན་ཚ་ཞི་བར་བྱེད་པའི་ཞལ་གདམས་སོ། །ཞེས་པ་འདི་ནི་མ་ཎི་བཀའ་འབུམ་གླེགས་བམ་གཉིས་པ་ཞལ་གདམས་ཀྱི་སྐོར་ལས་བཤུས་པའོ། །

ཟུར་མཆན།
       གོང་གི་ཡིག་ཆ་ཚན་པ་གཉིས་ཀྱི་ཁ་བྱང་སྒྲིག་མཁན་གྱིས་གསར་དུ་སྦྱར། ཚན་པ་དང་བོར། གསོ་བ་རིག་པའི་གཞུང་གི་བརྗོད་དོན་གཙོ་བོ་གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང་གསོ་བ་བོ་བཅས་ཚིག་གི་འབྲུ་ཉུང་ཞིང་དོན་གྱི་གནད་འདུས་པའི་ཚུལ་གྱིས་བསྟན་འདུག་ལ། དེ་ལས་ང་ཚོས་རྩོད་སྒྲུབ་ཀྱི་སྒོ་ནས་སམ་ལྟོས་བཅས་ཀྱི་སྒོ་ནས་གསོ་བཅོས་བྱེད་ཐབས་སྨྲ་བ(辩证论治)དང་། རྩོད་སྒྲུབ་ཀྱི་སྒོ་ནས་གསོ་བཅོས་བྱེད་པའི(辩证施治)བསམ་བློ་བོད་ལ་དུས་རབས་བདུན་པའི་སྐབས་ནས་དར་ཡོད་པ་རྟོགས་ཐུབ།
       ཚན་པ་གཉིས་པར། ནད་ཀྱི་རིང་རྒྱུ་ཉོན་མོངས་དུག་གསུམ་དང་ཉེ་རྒྱུ་འབྱུང་བཞི་ལས་ཉེས་གསུམ་སྐྱེ་བ་སོགས་བསྟན་འདུག་ལ། ན་བ་རིག་པ་ཡིན་ཏེ་རིག་པ་བཅོས་པས་ནད་ཞི་བར་འགྱུར་རོ། །ཞེས་ན་བ་རིག་པ་ཡིན་པར་གསུངས་ཤིང་།རིག་པ་བཅོས་ཏེ་ནད་ཞི་བར་བྱེད་པའི་ཐུན་མོང་མ་ཡིན་པའི་གསོ་བཅོས་བྱེད་ཐབས་བསྟན་འདུག་པས། བོད་ལ་སྤྱི་ལོའི་དུས་རབས་བདུན་པའི་སྐབས་ནས་སེམས་ཁམས་གསོ་ཐབས་སམ་རིག་པ་བཅོས་ཐབས(心理疗法、精神疗法)དར་ཡོད་པ་ཤེས་ཐུབ་ལ། ཨོ་སི་ཁྲུ་ཡའི་རྩོམ་པ་བོ་གྲགས་ཆེན་སི་ཐེ་ཧྥན་ཚི་ཝེ་ཀི(奥地利,斯蒂芬·茨维格 Stefan Zweig)ཡིས༡༩༣༡ལོར་སེམས་ཁམས་གསོ་ཐབས་ཞེས་པའི་དཔེ་དེབ་དཔར་སྐྲུན་འགྲེམ་སྤེལ་བྱས་པ་ནས་ནུབ་གླིང་དུ་ཐ་སྙད་དེ་བྱུང་བ་དང་བསྡུར་ན་མི་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་གི་སྔ་ཁྱད་འདུག་གོ། །

ཡིག་ཆ་ཚན་པ་གཉིས་པོའི་ཡི་གེ་ངོ་བཤུས་དང་ནང་འཇུག་བྱེད་མཁན་སྔོ་དེའུ་ཀླུ་མོ་ཚེ་རིང་ཡིན།
འབྲེལ་ཡོད་འོས་སྦྱོར།