logo

བོད་སོག་གསོ་རིག་ལས་ཁམས་གསོ་བདེ་སྲུང་དང་སྲོལ་རྒྱུན་བཅོས་ཐབས་སྐོར།

རྩོམ་པ་པོ།: ཡོང་ཁུངས།:གངས་ལྗོངས་མེ་ལོང་། དུས་ཚོད།:2023-01-11 ཀློག་གྲངས།:
       སོས་ཀ་ནི་བོད་རྩིས་ཀྱི་ཟླ་བཞི་པ་དང་ལྔ་པ་ལ་ཟེར། དུས་སྐབས་དེར་ཉི་འོད་རིམ་བཞིན་ཇེ་དྲག་ཏུ་སོང་ནས་མིའི་ལུས་པོའི་སྟེང་གི་དྲོད་ཚད་ཕྱིར་ཤོར་ནས་ལུས་སྟོབས་རིམ་བཞིན་ཇེ་ཞན་དུ་འགྲོ་བ་རེད།
       བཟའ་བཏུང་གི་སྐོར་ནས་ཞུ་སླ་བ་དང་འཇམ་པོ། གྲང་མོའི་རིགས་ཟ་བ་ལས་ཚྭ་བ་དང་ཁ་ཚ། སྐྱུར་སོགས་བསྟེན་མི་རུང་། དགུན་དུས་སྔོ་ཚོད་རིགས་ཅུང་ཉུང་བས་མིའི་ལུས་ལ་འཚོ་བཅུད་ཀྱིས་མི་འདང་བས། སོས་ཀའི་དུས་སུ་སྔོ་ཚོད་གསར་པའི་རིགས་ལས་ཚིལ་ཞག་མཐོ་བའི་ཟས་རིགས་བསྟེན་མི་རུང་།
       ལྭ་བ་སྲབ་མོའི་རིགས་གྱོན་ན་རན་པ་དང་། རྒྱུན་པར་སྦྱོང་བརྡར་བྱས་ནས་དྭངས་བསིལ་དང་དྲི་བསུང་ལྡན་པའི་ཁོར་ཡུག་ཏུ་སྡོད་པ་ལས་ཉི་མར་ལྡེ་ཡུན་རིང་མི་རུང་།
       ཕྱི་བཅོས་རིམས་འགོག་བྱེད་པར་འཕུར་མཉེས་དང་སྦྱོང་བརྡར་བྱ་དགོས། དེ་ལྟར་བྱས་ན་ལུས་པོའི་ངལ་དུབ་སེལ་བ་དང་། ལུས་པོ་བདེ་མོ་ཡིན་པ། ཤ་གནད་ཇེ་མང་དང་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ་ལ། རྒྱུན་པར་ལུས་པོ་བཀྲུ་བ་དང་མཁལ་མ་གསོ་བ་དང་ལུས་པོ་བདེ་ཐང་། ཡག་ལས་བྱ་ཐུབ་པར་མ་ཟད། ལུས་སྟེང་གི་དྲི་ངན་གཙང་སེལ་དང་ཚེ་ཐག་རིང་བར་ཕན།
       དབྱར་ཁ་ནི་བོད་ལུགས་ཀྱི་ཟླ་དྲུག་པ་དང་བདུན་པར་གོ། སྐབས་དེར་ཆར་ཆུ་མོད་པ་དང་མཁའ་དབུགས་ལ་བརླན་གཤེར་ལྡན་པ་རེད། གནས་ཚུལ་དེའི་འོག་ཕོ་བའི་མེ་དྲོད་ལ་གནོད་པ་ཐེབས་ཀྱིན་ཡོད་པས་དྲོད་ཆེ་བའི་ཟས་རིགས་བསྟེན་ན་གྲང་རླུང་ལ་གཡོལ་བའི་དམིགས་ཡུལ་མངོན་འགྱུར་བྱ་ཐུབ།
       བཟའ་བཏུང་གི་སྐོར་ནས་ཁ་ཚ་དང་བསྐ་བ། ཁ་བ་སོགས་དེ་མིན་སྣུམ་ཅན་གྱི་ཟས་རིགས་ཟོས་ནས་ལོ་ཏོག་སྐམ་པོའི་རིགས་ཀྱིས་བསྙལ་བའི་ཆང་རིགས་བཏུངས་ན་ཕན་པ་ཡོད།
       སྐམ་ཤས་ཆེ་བའི་ཁང་པའི་ནང་བསྡད་དེ་ལུས་པོ་སྦྱོང་བརྡར་རྒྱུན་འཁྱོངས་བྱ་དགོས། འབོལ་གོས་དང་བསིལ་དྲོད་རིགས་ཀྱི་ལྭ་བ་གྱོན་པར་འཚམ། སྡོང་པོའི་འོག་ཁམས་བསིལ་གཏོང་བ་དང་། ཉིན་གུང་གཉིད་པར་གོམས་ན་ལུས་པོ་བདེ་ཐང་ཡོང་བར་ཕན།
       ཕྱི་བཅོས་རིམས་འགོག་བྱེད་པར་ལུས་པོ་བཀྲུ་བ་དང་། ཆུར་རྐྱལ་བ་སོགས་ལ་འབད་ན་མཁལ་མ་གསོ་བ་དང་། ལུས་པོ་སྦྱོང་བརྡར། དྲི་ངན་སེལ་ཞིང་ཚེ་ཐག་རིང་བ་སོགས་ཀྱི་བྱེད་ནུས་ཐོན་གྱིན་ཡོད།
       དགུན་སྟོད་ནི་བོད་རྩིས་ཀྱི་ཟླ་བཅུ་པ་ནས་ཟླ་བཅུ་གཅིག་པའི་བར་ཡིན། དུས་ཚིགས་དེའི་ནང་གནམ་གཤིས་ལ་གྲང་ངར་ཆེ་ཞིང་ལུས་ཀྱི་བ་སྤུའི་བུ་ག་ཟུམ་པར་བྱེད་པས། མིའི་ལུས་སྟེང་གི་དྲོད་ཚད་གསོག་འཇོག་དང་རྙིང་འདོར་གསར་ལེན་བྱེད་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད།
       བཟའ་བཏུང་གི་སྐོར་ནས་མངར་སྐྱུར་ཁ་གསུམ་གྱི་ཟས་རིགས་མང་དུ་ཟོས་ན་ལེགས་པ་དང་། རྒྱུན་པར་ཤའི་ཁུ་བ་དང་མར། འོ་བཟོས་བཟའ་ཆས་སོགས་སྣུམ་ཅན་གྱི་ཟས་རིགས་བསྟེན་ན་བཟང་།
       འགྲོ་འདུག་གི་ཐད་ནས་རྒྱུན་པར་ཉི་མར་ལྡེ་ནས་གོས་དྲོན་པོ་གྱོན་པ་དང་། ཉི་འོད་ཡོད་པའི་ཁང་པའི་ནང་བསྡད་ནས་ལུས་ཕུང་སྦྱོང་བརྡར་རྒྱུན་འཁྱོངས་བྱ་དགོས།
       ཕྱི་བཅོས་རིམས་འགོག་བྱེད་པར་མེར་སྲོ་བ་དང་དྲོད་བཅོས་བྱེད་པ། རྒྱུན་པར་ཏིལ་སྣུམ་གྱིས་ལུས་ཡོངས་འཕུར་ན་ལེགས།
       དགུན་སྨད་ནི་བོད་རྩིས་ཀྱི་ཟླ་བཅུ་གཉིས་པ་ནས་ཟླ་དང་པོའི་བར་ཡིན། དུས་ཚིགས་དེའི་ནང་གནམ་གཤིས་སྔར་ལས་ཇེ་འཁྱགས་སུ་འགྲོ་བཞིན་ཡོད་པས། དགུན་དུས་ཀྱི་ལུས་ཕུང་བདག་གཅེས་བྱེད་ཐབས་ལྟར་ལུས་པོ་གསོ་བཅོས་བྱ་དགོས། བཟའ་བཏུང་གི་སྐོར་ནས་ཟས་རིགས་སྣུམ་ཅན་བསྟེན་ན་ལུས་སྟོབས་རྒྱས་པར་ཕན་པ་ཡོད།
       འགྲོ་འདུག་གི་ཐད་ནས་ཉི་འོད་ཕོག་ཡུན་རིང་བའི་ཁང་པའི་ནང་སྡོད་པ་དང་། མཚན་མོ་དུས་ལྟར་གཉིད་པ། གཞན་ད་དུང་གོས་དྲོན་པོ་གྱོན་ནས་ཉི་མར་ལྡེ་བ་དང་ལུས་ཕུང་སྦྱོང་བརྡར་རྒྱུན་འཁྱོངས་བྱ་དགོས། འཁྲིག་སྤྱོད་ཚད་རན་ཡིན་མིན་དེ་ལུས་ཟུངས་གསོ་བ་དང་ཚེ་ཐག་ཇེ་རིང་དུ་གཏོང་བར་འབྲེལ་བ་གལ་ཆེན་ཡོད།
       དུས་ཚིགས་རེ་རེ་ལའང་ལུས་ཟུངས་གསོ་ཐབས་མི་འདྲ་བ་རེ་ཡོད། བོད་ལུགས་གསོ་བ་རིག་པའི་ནང་དུས་ཚོད་ལྟར་ལུས་ཟུངས་གསོ་ཐབས་གཏན་འཁེལ་བྱེད་བཞིན་ཡོད་པས་ལུགས་དང་མཐུན་པའི་བྱེད་ཐབས་ཤིག་རེད།
བོད་སོག་གསོ་བ་རིག་པའི་ཁྲོད་ཀྱི་བཟའ་བཏུང་གི་གསོ་ཐབས།
       བོད་སོག་གསོ་བ་རིག་པའི་གཞུང་ལུགས་ནང་བཟའ་བཏུང་སྤྱོད་ཤེས་བྱེད་པ་ནི་ལུས་ཕུང་བདེ་ཐང་དང་རིམས་འགོག་ལ་འབྲེལ་བ་ཡོད་པར་བརྗོད་ཡོད་ལ། དེར་མཐོང་ཆེན་གནང་ཡོད་པར་མ་ཟད་གཏན་འཁེལ་གསལ་པོར་བྱས་ཡོད། སྲོལ་རྒྱུན་གྱི་བསམ་བློ་ལྟར་ན་བཟའ་ཆས་མང་ཤོས་ནི་ལོ་ཏོག་དང་། སྣུམ་ཞག ཤ་རིགས། སྔོ་ཚོད། གཤེར་གཟུགས་བཅས་ཀྱི་རིགས་ཡིན།
       ལོ་ཏོག་ཟེར་བ་དེ་འབྲས་དང་ཁྲེ། བྲ་བོ། ནས་སོགས་ལ་ངོས་འཛིན་གྱིན་ཡོད། ཟས་རིགས་དེའི་རིགས་ཀྱིས་མིའི་ལུས་སྟེང་གི་ཁུ་བ་ཇེ་མང་དུ་གཏོང་ཐུབ། ལོ་ཏོག་མང་པོ་ཞིག་རོ་མངར་བའི་རིགས་ཀྱི་ཁོངས་སུ་གཏོགས་པས་འཇུ་སླ་བ་རེད། དཔེར་ན་འབྲས་ནི་འཇུ་སླ་བའི་རིགས་སུ་གཏོགས་པས། རླུང་མཁྲིས་བད་ཀན་གྱི་ཉེས་པ་འཁྲུག་པ་འགོག་ཐུབ་པར་མ་ཟད་ཁུ་བ་ཇེ་མང་དུ་བཏང་ནས་ལུས་པོའི་ཤ་གྲིམ་ལྷོད་པོར་གཏོང་ཐུབ། རུས་པར་ཆག་སྐྱོན་འབྱུང་སྐབས་ཁྲེ་རིགས་བསྟེན་ན་བཟང་མོད། འོན་ཀྱང་ཁྲེ་ཡིས་མིའི་ལུས་སྟེང་གི་གཉན་ཚད་ཤུགས་ཆེར་གཏོང་གིན་ཡོད།
       སྲན་རིགས་ནི་འཇུ་སླ་ལ་མངར་བ་དང་བསིལ་བའི་རིགས་སུ་གཏོགས་པས་ཁོག་པ་བཤལ་བར་ཕན་པ་དང་། ཁྲག་དང་མཁྲིས་པ། ཚི་ལི་བཅས་ཇེ་མང་དུ་གཏོང་ཐུབ། སྲན་རིགས་ཟས་སུ་བསྟེན་ཆོག་པ་ལས་གཞན་སྲན་ཕྱེ་ལུས་སྟེང་དུ་འཕུར་ཆོག ཏིལ་འབྲས་ནི་བསིལ་བའི་རིགས་སུ་གཏོགས་པས་ཁུ་བ་ཇེ་མང་དུ་གཏོང་ཐུབ་པར་མ་ཟད། རླུང་ནད་གཞོམ་པར་ཕན། ཚིལ་ལུ་རིགས་ལ་བསིལ་བ་དང་འཇུ་དཀའ་བ། མངར་མོའི་རང་བཞིན་ལྡན་པས། ལུས་ཟུངས་གསོ་བར་ཕན་ལ་ལུས་ཟུངས་ཞན་པ་དང་། བུད་མེད་དང་རྒན་པའི་རིགས་ཀྱིས་བསྟེན་ན་ལེགས་། མར་ནི་བསིལ་བའི་རང་བཞིན་ཡིན་པས་བཞིན་མདངས་ཇེ་བཟང་དུ་གཏོང་ཐུབ་ལ་སྟོབས་ཤུགས་རྒྱས་སུ་འཇུག་ཐུབ། མར་རྙིང་བ་བསྟེན་པ་མང་ཆེ་ན་བརྗེད་ངས་ཆེ་ཞིང་ལུས་སྟོབས་ཞན་པར་འགྱུར། བོད་ལུགས་གསོ་རིག་ནང་ཚིལ་ལྡན་ཟས་རིགས་བསྟེན་པར་མཐོང་ཆེན་བྱེད་ཀྱིན་ཡོད། དེ་ནི་མི་རིགས་ཀྱི་གོམས་གཤིས་དང་མཐོ་གྲང་ས་ཁུལ་གྱི་རང་བྱུང་ཆ་རྐྱེན་ལ་འབྲེལ་བ་ཡོད།
       ཤ་ནི་བོད་རིགས་མང་ཚོགས་ཀྱི་རྒྱུན་སྤྱོད་ཀྱི་ཁ་ཟས་གཙོ་བོར་གྱུར་ཡོད། བྱེ་བྲག་ཏུ་བཤད་ན་བོད་རིགས་མང་ཚོགས་ཀྱི་ཟ་མའི་ནང་རྒྱུན་པར་ཤ་རིགས་མཐོང་ཐུབ་པ་དང་། ལུག་ཤ་ནི་དྲོད་དང་སྟོབས་རྒྱས་པར་ཕན་པས་ཟས་ཀྱི་ཡི་ག་འབྱེད་པ་དང་ཟས་འཇུ་བར་ཕན། དེས་ལུས་སྟོབས་ཇེ་དྲག་ཏུ་གཏོང་ཐུབ་པར་མ་ཟད། རླུང་ནད་དང་བད་ཀན་གྱི་ནད་བཅོ་བར་ཕན་འབྲས་ལྡན། སྐམས་ཤ་ནི་དྲོད་དང་སྟོབས་རྒྱས་པར་ཕན་པས་གྲང་བའི་ནད་དང་ཕོ་བའི་ནད། མཆིན་པའི་ནད་སོགས་གྲང་བའི་རང་བཞིན་གྱི་རིམས་ནད་འགོག་བཅོས་བྱེད་ཐུབ།
འབྲེལ་ཡོད་འོས་སྦྱོར།