ཆུ་ཚན་རིགས་ལྔའི་ངོས་འཛིན་དང་ཕན་ནུས།
རྩོམ་པ་པོ།:ཕན་འབྲོག་སྲི་ཐར་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-01-31
ཀློག་གྲངས།:
༄༅། །བོད་ཀྱི་གསོ་བ་རིག་པའི་ཆུ་ཚན་རིགས་ལྔའི་ངོས་འཛིན་དང་ཕན་ནུས་སྐོར་ལ་རགས་ཙམ་དཔྱད་པ།
ཕན་འབྲོག་སྲི་ཐར་ཚེ་རིང་།
ཨོཾ་ཨ་ཐཱ།
རབ་མཛེས་བཻཌཱུར་སྐུ་ལ་མཚན་བཟང་དཔེ་བྱད་མེ་ཏོག་བཀྲ། །
ཕྱག་སོར་འདབ་བརྒྱ་བཞད་པའི་དབུས་ན་འཆི་མེད་ལྷུང་བཟེད་མཛེས། །
མཐིང་གའི་སྐུ་མདོག་འོད་པོའི་ཟེར་མདངས་ཕྱོགས་བཅུར་བརྩེ་བས་འཕྲོས། །
འགྲོ་ཀུན་རྒྱུ་འབྲས་ནད་ཀུན་སེལ་མཛད་སྨན་བླར་དུས་ཀུན་མཆོད། །
སྨན་བླའི་རྣམ་འཕྲུལ་འཛིན་པ་མི་ཡི་གཟུགས། །
གངས་ཅན་གསོ་རིག་བྱེད་པོ་གཡུ་ཐོག་མགོན། །
ལུགས་གཉིས་ཤིང་རྟ་ཆེན་པོ་བྱང་ཟུར་རྗེ། །
སྔ་རབས་དམ་པ་གོང་མ་ཕྱག་གི་ཡུལ། །
ཟབ་ཡངས་རྒྱ་མཚོའི་སྣ་ཚོགས་ཤེས་རིག་གཞུང་། །
ཟབ་མོའི་མན་ངག་ལམ་སྟོན་མཛུབ་ཚུགས་ཀྱིས། །
ཟབ་གནད་སྙིང་པོ་དཀྲོལ་མཛད་དགེ་བའི་བཤེས། །
ཟབ་གསལ་བསྟོད་པའི་ཕྲེང་བ་གང་དེར་མཆོད། །
རབ་མཛེས་བཻཌཱུར་སྐུ་ལ་མཚན་བཟང་དཔེ་བྱད་མེ་ཏོག་བཀྲ། །
ཕྱག་སོར་འདབ་བརྒྱ་བཞད་པའི་དབུས་ན་འཆི་མེད་ལྷུང་བཟེད་མཛེས། །
མཐིང་གའི་སྐུ་མདོག་འོད་པོའི་ཟེར་མདངས་ཕྱོགས་བཅུར་བརྩེ་བས་འཕྲོས། །
འགྲོ་ཀུན་རྒྱུ་འབྲས་ནད་ཀུན་སེལ་མཛད་སྨན་བླར་དུས་ཀུན་མཆོད། །
སྨན་བླའི་རྣམ་འཕྲུལ་འཛིན་པ་མི་ཡི་གཟུགས། །
གངས་ཅན་གསོ་རིག་བྱེད་པོ་གཡུ་ཐོག་མགོན། །
ལུགས་གཉིས་ཤིང་རྟ་ཆེན་པོ་བྱང་ཟུར་རྗེ། །
སྔ་རབས་དམ་པ་གོང་མ་ཕྱག་གི་ཡུལ། །
ཟབ་ཡངས་རྒྱ་མཚོའི་སྣ་ཚོགས་ཤེས་རིག་གཞུང་། །
ཟབ་མོའི་མན་ངག་ལམ་སྟོན་མཛུབ་ཚུགས་ཀྱིས། །
ཟབ་གནད་སྙིང་པོ་དཀྲོལ་མཛད་དགེ་བའི་བཤེས། །
ཟབ་གསལ་བསྟོད་པའི་ཕྲེང་བ་གང་དེར་མཆོད། །
ནང་དོན་གནད་བསྡུས། རྩོམ་ཐུང་འདིའི་ནང་བོད་ཀྱི་གསོ་བ་རིག་པའི་ཆུ་ཚན་རིགས་ལྔ་སོ་སོའི་ངོས་འཛིན་དང་ཕན་ནུས། ཆུ་ཚན་ལ་ཞུགས་སྟངས་དང་ཞུགས་དུས་ཀྱི་ནམ་ཟླའི་སྐོར་ལ་རགས་ཙམ་དཔྱད་ཡོད།
བརྡ་ཆད་གཙོ་བོ། ཆུ་ཚན་རིགས་ལྔ། ངོས་འཛིན། ཞུགས་དུས། ཕན་ནུས།
གླེང་བའི་དགོས་པ།
དང་པོ། ཆུ་ཚན་གྱི་གོ་དོན་ནམ་ངེས་ཚིག་བཤད་པ།
ཆུ་ཚན་ནི་རེག་བྱ་ལ་བལྟོས་ནས་བཏགས་པའི་མིང་ཡིན་ཏེ་གང་ཟག་གིས་མ་ལས་པར་ཕྱི་རོལ་ཡུལ་དུ་རང་བཞིན་ནམ་ལྷན་སྐྱེས་སུ་བྱུང་བའི་རང་བྱུང་གི་ཆུ་ཚ་མོའི་མིང་ཡིན། དེའི་ངེས་ཚིག་ནི། མ་ལ་ཡའི་དཀའ་འགྲེལ་ལས། བརླན་གཤེར་ཆུ་ཡི་ངོ་བོ་ལ། །རེག་བྱ་མེ་ཡི་རང་བཞིན་ཅན། ། དེས་ན་ཆུ་ཚན་ཞེས་སུ་བརྗོད། ། ཅེས་གསུངས་པ་ལྟར་རོ།།
གཉིས་པ། ཆུ་ཚན་རིགས་ལྔའི་དབྱེ་བ་དང་སོ་སོའི་ངོས་འཛིན་བཤད་པ།
དེ་ལ་ཆུ་ཚན་རིགས་ལྔ་ནི་མ་ལ་ཡའི་དཀའ་འགྲེལ་ལས། རིགས་ནི་དཔག་ཏུ་མེད་པ་བྱུང་། །རྩ་བའི་ཆུ་ཚན་རིགས་ལྔ་ནི། །མུ་ཟི་མུ་ལྗང་རྡོ་ཞོ་དང་། །རྡོ་ཆུ་ཅོང་ཞིའི་ཆུ་ཚན་དང་། །རྩ་བ་རྣམ་པ་ལྔ་ཉིད་ཡིན། །ཞེས་དང་། བྱེ་བྲག་ཏུ་དབྱེ་ན་ཉི་ཤུ་རྩ་ལྔ་ཙམ་མཆིས།
གཅིག ཆུ་ཚན་གྱི་སྨན་རྒྱུ་རྐྱང་པའི་ངོས་འཛིན་དང་ཕན་ནུས་བཤད་པ།
༡ རྡོ་སོལ་ངོས་འཛིན། རྡོ་སོལ་ནི་རྡོ་ཁ་དོག་མ་ངེས་པ་ལ་སྤྱིར་ནལ་ཤས་ཆེ་བ། མེ་ལ་བསྲེགས་སོང་ན་མེ་འབར་བ་ཞིག་ཡོད། རྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་ལས། རྡོ་ནག་པོ་སོལ་སོལ་འདྲ་བ་མེར་བསྲེག་ན་འབར་བ་དེའོ། །ཞེས་དང་། དེ་ལ་རྡོ་སོལ་ནི་ཆུ་ཚན་རིགས་ཚང་མར་མེད་དུ་མི་རུང་བའི་སྨན་རྒྱུ་གཙོ་ཆེ་ཤོས་ཤིག་ཡིན་ཞིང་། མ་ལ་ཡའི་དཀའ་འགྲེལ་ལས། རྡོ་སོལ་མེད་པའི་ཆུ་ཚན་ནི། །རྣམ་པ་ཀུན་དུ་འབྱུང་མི་སྲིད། །ཅེས་གསུངས་པ་ལྟར་རོ། །
ཕན་ནུས། རྒྱུད་བཞི་དང་ཤེལ་གོང་ལས། རྡོ་སོལ་རྡོ་རྣམས་འཇུ་ཞིང་རྩ་ཁ་བསྡོམ། །ཞེས་གསུངས་ཡོད།
༢ ཅོང་ཞི་ངོས་འཛིན། ཅོང་ཞི་ཞེས་པ་ནི་བྱེད་ལས་ལ་བལྟོས་ནས་བཏགས་པའི་མིང་ཡིན་ཞིང་། མ་ལ་ཡའི་དཀའ་འགྲེལ་ལས། གཅོང་ནད་རྒྱུ་དང་མ་ཞུ་དང་། །བད་སྨུག་མཁྲིས་པ་དུག་གྲང་རིགས། །སྐྲན་དང་སྐྱ་རྦབ་འོར་དམུ་ཆུ། །མདོར་ན་གཅོང་ཆེན་སྡེ་བཞི་དང་། །ཟུང་བརྒྱད་ཕྲ་མོ་བཅུ་དྲུག་སོགས། །འདི་ཡི་སེལ་ཕྱིར་ཅོང་ཞི་ཞེས། །སྔོན་གྱི་དྲང་སྲོང་རྣམས་ཀྱིས་སྨྲས། །ཞེས་དང་། ངོ་བོ་རྡོ་རིགས་ཁྲོབ་པས་བཏུལ་སླ་བ་དང་། རྡོ་ལ་རི་མོ་བྲིས་ན་དཀར་པོ་དོད་པ། སོལ་མེར་དམར་ཧང་བསྲེག་རྗེས་དཀར་པོ་དང་དེ་ཆུར་སྦྱངས་ན་ཞོ་ལྟར་འགྲོ་བ་སོགས་ཀྱི་མཚན་ཉིད་ལྡན་པའི་རྡོ་སྨན་གྱི་རིགས་ཤིག་སྟེ། འདི་ལ་གཙོ་བོའི་དབྱེ་བ་ཕོ་ཅོང་སོགས་ལྔ་ཙམ་མཆིས།
ཕན་ནུས། རྒྱུད་བཞི་ལས། ཅོང་ཞིས་འཁྲུ་གཅོད་བད་ཀན་ཚ་བ་སེལ། །ཞེས་དང་། ཤེལ་གོང་ལས། བཅུད་ལེན་དག་ཏུ་བསྟེན་པ་བཟང་། །བད་ཀན་སྐྱ་སྨུག་སེར་པོ་དང་། །མགོ་ཆག་རྨ་ཡི་བདུད་རྩི་ཡིན། །ཞེས་གསུངས་སོ། །
༣ མུ་ཟི་ངོས་འཛིན། དེ་ལ་མུ་ཟི་ནི་ངོ་བོ་ཁྲོབ་པས་བཏུལ་སླ་བ། དབྱིབས་དང་ཆེ་ཆུང་ངེས་མེད།སྣོད་ཀྱི་རྗེས་ཤུལ་ཡོད་པ། རྡོག་པོ་གྲང་མོ་ཐོད་པར་གཏུགས་པས་ཚག་ཚག་གི་སྒྲ་འབྱུང་བ། སྣོམས་ན་མུ་ཟིའི་དྲིའམ་རྫས་དྲི་འབྱུང་ཞིང་། མྱང་ན་རོ་དེ་ཙམ་མི་གསལ་བ་དང་།སོ་མི་སེག་པ་ཞིག་སྟེ།ལེགས་ཤོས་དྭངས་པ་སླད་མེད་པ། སྤོས་ཤེལ་དྭངས་མ་འདྲ་བ་དང་།སླད་ཅན་ས་རྡོ་དང་བ་བླ་སོགས་འདྲེས་པ་འབྱུང་ལ་གང་ཡང་མེ་ལ་བསྲེགས་ན་འབར་བ་དང་། དུད་པ་དང་དྲི་མ་དུགས་ལ་སྣོད་དུ་བཞུས་ན་མར་ལྟར་འབྱུང་། ནང་གསེས་སུ་དབྱེ་ན་དཀར་ནག་སེར་གསུམ་ཙམ་མཆིས། །
ཕན་ནུས། རྒྱུད་བཞི་ལས། མུ་ཟི་སེར་པོས་གདོན་འཇོམས་རྣག་ཁྲག་སྐེམ། །ཞེས་དང་། ཤེལ་གོང་ལས། མུ་ཟི་དཀར་སེར་གདོན་འཇོམས་རྣག་ཁྲག་སྐེམ། །ཞེས་གསུངས་པ་ལྟར་རོ། །
༤ བྲག་ཞུན་ངོས་འཛིན། བྲག་ཞུན་ནི་བྲག་སོགས་ཀྱི་སྲུབས་སུ་ནས་ཞུན་དུ་ཕྱིར་འཛག་པའི་ཁུ་བ་དེ་ལ་བྲག་ཞུན་ཞེས་བརྗོད། ཡན་ལག་བརྒྱད་པ་ལས། སོས་ཀ་ཚད་པས་གདུང་བྲག་ལ། །གསེར་སོགས་འབྱུང་ཁུངས་དྲུག་གིས་བཅུད། །རྒྱ་སྐྱེགས་ཁུ་བ་ལྟར་འཛག་གང་། །དེ་ལ་བྲག་ཞུན་ཞེས་སུ་བཤད། །ཅེས་གསུངས་པ་ལྟར་དང་། དེ་དག་རིགས་ཀྱི་དབྱེ་བ་གསེར་ཞུན་སོགས་ལྔ་ཙམ་མཆིས།
ཕན་ནུས། རྒྱུད་བཞི་ལས། བྲག་ཞུན་ཚད་པའི་ནད་རྣམས་ཀུན་ལ་ཕན། །ཁྱད་པར་ཕོ་མཆིན་མཁལ་ཚད་སེལ་བར་མཆོག །ཅེས་དང་རིན་སྤུངས་ལས། བྲག་ཞུན་བསིལ་ལ་རྣོ་བས་མཆིན་ནད་རྙིང་པ་སེལ། །ཞེས་གསུངས་སོ། །
༥ ལྡོང་རོས་ངོས་འཛིན། རྡོ་མདོག་དམར་སེར་མདངས་ཤིན་ཏུ་གསལ་བ་ཞིག་སྟེ། དབྱིབས་དང་ཆེ་ཆུང་མ་ངེས་ཤིང་། ངོ་བོ་ལྕི་ཞིང་སྙི་ཁྲོབ་སེན་མོས་ཕལ་ཆེར་ཐུབ་པ།མུ་ཟིའི་དྲི་འདྲ་ལ་དམིགས་གསལ་གྱི་དྲི་ངན་མནམ་པ། མེར་བསྲེག་ན་དུད་པ་སེར་པོ་བཅས་འཇུ་བ་དེ་ལ་རིགས་གཉིས་ཏེ། དམར་པོ་ཤིན་ཏུ་དྭངས་པས་ཕྱི་ནང་མི་སྒྲིབ་པ་ལྟ་བུ། སྨུག་ལ་སྣ་ཐུང་བ་ཕོ་སྟེ། སྔ་མ་བཟང་ལ་ཕྱི་མ་དམན་པ། འདི་དངུལ་དང་ཞ་ཉེ།ལྕགས་རྡོ་སེར་པོ། ཅོང་ཞི་སོགས་ཡོད་པའི་དྲོད་ཚད་དམའ་བའི་ཚ་ཆུའི་གཏེར་ཁ་ཡོད་ས་དང་། ཆུ་ཚན་དང་། མེ་རིའི་ཉེ་འཁོར་སོགས་སུ་ཡོད་ལ། སྤྱིར་བཏང་བ་བླ་དང་མཉམ་དུ་གནས་པ། ས་འོག་ཏུ་གནས་པ་སྙི་ཞིང་འབོལ་བ་འཇིམ་པ་ལྟ་བུ་དེ་ཡིན།
ཕན་ནུས། རྒྱུད་བཞི་ལས། ལྡོང་རོང་བ་བླས་རྨེན་ངན་རུལ་བ་གཅོད། །ཅེས་དང་ཀརྨ་རང་བྱུང་རྡོ་རྗེས། ལྡོང་རོས་གག་པའི་སྨན་མཆོག་ཡིན། ཞེས་གསུངས་སོ། །
གཉིས། ཆུ་ཚན་རིགས་ལྔ་སོ་སོའི་ངོས་འཛིན་དང་ཕན་ནུས་བཤད་པ།
དེ་ལ་ཆུ་ཚན་སྤྱིའི་ཕན་ནུས་ནི་ཕྱི་ཤ་ལྤགས་རྩ་རུས་འགྲམས་པ་དང་། ནང་དོན་སྣོད་འགྲམས་པའི་ནད། དུག་ཚད་རྙིང་པ་གང་ཡང་རུང་བའི་ནད། དེ་བཞིན་ཚད་པ་རྙིང་པ་ཤ་ལྤགས་རྩ་ཚིགས་ལ་བྱེར་ཞིང་ཞེན་པ། གཞན་ཡང་འབྲས་ནད་དང་། རྨ་རྒན། སུར་ཡ། རྩ་དཀར་ནག་གི་ནད། ཡན་ལག་རྣམས་རེངས་པའམ་འཁུམས་པ། ལུས་སྒུར་པོར་སོང་བ། ཤ་སྐམས་ཤིང་རིད་པ་བཅས་ཀྱི་ནད་རྣམས་ཕྱིར་འདོན་ཞིང་འཇོམས་པར་བྱེད་པའོ། །བྱེ་བྲག་ཆུ་ཚན་སོ་སོར་གཏེར་དངོས་ཀྱི་སྨན་རྫས་མི་འདྲ་བས་ནད་གཞི་སོ་སོར་ཕན་ནུས་ཀྱང་མི་འདྲ་བ་འདི་ལྟ་སྟེ།
༡ རྡོ་སོལ་དང་མུ་ཟི་འདྲེས་པའི་ཆུ་ཚན། ངོས་འཛིན། དེ་གཉིས་འདྲེས་པའི་ཚུ་ཚན་ནི་ཆུ་མདོག་སེར་ལ་དྲི་དུགས་པ། མཐའ་འཁོར་དུ་མུ་ཟི་སེར་པོ་མཐོང་རྒྱུ་ཡོད།
ཕན་ནུས། པགས་ནད་ཤ་བཀྲ་དང་མཛེ་ནད་ཁྱད་པར་ཆུ་སེར་གྲང་བའི་ནད་གཞིར་ཕན་ཅིང་ངོ་བོ་ཅུད་ཟད་རྩུབ་པས་རླུང་ནད་ལ་གནོད།
༢ རྡོ་སོལ་དང་ཅོང་ཞི་འདྲེས་པའི་ཆུ་ཚན། ངོས་འཛིན། དེ་གཉིས་འདྲེས་པའི་ཆུ་ཚན་ནི་ཆུ་མདོག་དྭངས་ཤིང་། དྲི་མེད་པ། མཐའ་འཁོར་དུ་ཅོང་ཞི་སྐྱ་སོབ་མཐོང་རྒྱུ་ཡོད།
ཕན་ནུས། ཚ་བའི་ནད་རྣམས་སེལ་ཞིང་ཁྱད་པར་དུ་བད་ཀན་སྨུག་པོ་དང་དུག་ཚད། ཚད་པ་རྙིང་པ་དང་། འབམ་གྲུམ། པགས་ནད། དབང་རྩ་ཉམས་པ་སོགས་ལ་ཕན།
༣ རྡོ་སོལ་དང་བྲག་ཞུན་འདྲེས་པའི་ཆུ་ཚན། ངོས་འཛིན། དེ་གཉིས་འདྲེས་པའི་ཆུ་ཚན་ནི་ཆུའི་རང་མདོག་སྨུག་ཅིང་རོ་ཁ་བ། དྲི་མི་ཞིམ་པ། མཐའ་འཁོར་དུ་བྲག་ཞུན་མཐོང་རྒྱུ་ཡོད།
ཕན་ནུས། དྲེག་ནད་དང་གྲང་གྲུམ་མདོར་ན་ནུས་པ་བསིལ་དྲོད་སྙོམས་པས་ལྡན་འདུས་ཀྱི་ནད་རྣམས་སེལ།
༤ ཅོང་ཞི་དང་མུ་ཟི་རྡོ་སོལ་གསུམ་འདྲེས་པའི་ཆུ་ཚན། ངོས་འཛིན། དེ་གསུམ་འདྲེས་པའི་ཆུ་ཚན་ནི་ཁ་དོག་གསལ་ཞིང་དྲི་དུགས་པ།མཐའ་འཁོར་དུ་ཅོང་ཞི་དང་མུ་ཟི་མཐོང་རྒྱུ་ཡོད།
ཕན་ནུས། ཕོ་བ་སྨུག་པོ་དང་། ཚད་པ་རྙིང་པ། མཁལ་གྲང་ནད། མེ་དྲོད་ཉམས་པ། གྲུམ་བུ། རྩ་དཀར། པགས་ནད་རིགས་སོགས་ལ་ཕན་ཅིང་མདོར་ན་ཆུ་སེལ་གྲང་བའི་ནད་རྣམས་སེལ།
༥ རྡོ་སོལ་མུ་ཟི་བྲག་ཞུན་ལྡོང་རོས་འདྲེས་པའི་ཆུ་ཚན།
ངོས་འཛིན། དེ་བཞི་འདྲེས་པས་ཆུ་ཚན་ཡིན་ན་ཆུའི་ཁ་དོག་གསལ་ལ་དྲི་དུགས་པ། མཐའ་འཁོར་དུ་མུ་ཟི་དང་བྲག་ཞུན་ལྡོང་རོས་མཐོང་རྒྱུ་ཡོད།
ཕན་ནུས། ཆུ་སེར་ཚ་བའི་ནད་གཞིར་ཕན།
གསུམ་པ། ཆུ་ཚན་ལ་ཞུགས་སྟངས་དང་ཞུགས་དུས་ཀྱི་ནམ་ཟླ་བཤད་པ།
ཆུ་ཚན་ལ་ཞུགས་སྟངས་ནི་ཐོག་མར་ཞུགས་སྐབས་ཆུ་མགོ་ནས་མི་ཞུགས་པར་ཆུ་ཆུང་ས་ནས་ག་ལེར་ཞུགས་དགོས་པ་དང་དེ་ནས་རིམ་བཞིན་ཆུ་ཚ་སར་ཞུགས་དགོས། གཞན་ཡང་དང་ཐོག་ཆུ་ཚན་དུ་ཞུགས་པའི་དུས་ཡུན་ཐུང་ཙམ་བྱ་དགོས་པ་དང་དེ་ནས་རིམ་བཞིན་ཆ་བསྐྱེད་དགོས། ཆུའི་ནང་དུ་ལུས་པོ་ཕྱེད་ཙམ་འཛུལ་རྗེས་ལག་པས་ནད་ཡོད་སར་ག་ལེར་འཕུར་མཉེད་གཏོང་དགོས། གཞན་ཡང་ཆུ་ཚན་དུ་སྡོད་པའི་དུས་རིམ་ནང་རང་ཉིད་ཀྱི་ནད་ཁམས་དང་མཐུན་པའི་འཚོ་བཅུད་ལེགས་པའི་ཟས་སྐོམ་གྱི་རིགས་བསྟེན་དགོས།
དམངས་ཁྲོད་ཁུལ་དུ་དཔྱིད་དུས་དང་སྟོན་དུས་གཉིས་སུ་ཆུ་ཚན་ལ་ཞུགས་ནས་ནད་གཞི་བཅོས་པའི་གོམས་སྲོལ་ཞིག་འཇགས་ཡོད་ལ། ཅི་ཕྱིར་ཞེས་ན། དཔྱིད་དུས་ནི་ཆུ་ཚན་ཐོན་སའི་འོག་ན་དྲོད་ཆེ་བའི་གཏེར་དངོས་སྣ་ཚོགས་ཡོད་པ་དེ་ཚོས་ཆུ་ཚ་པོ་ཆགས་ཏེ་དེའི་ནང་མུ་ཟི་དང་། ཅོང་ཞི། བྲག་ཞུན། རྡོ་ཞོ། བྲག་མཚུར་སོགས་གཏེར་དངོས་སྨན་རྫས་མང་པོ་ཡོད་པ་དེ་ཚོ་བཞུར་ནས་འདྲེན་ཡོང་གི་ཡོད་སྟབས་དེས་ནད་རིགས་བཅོས་ཐུབ་པ་མ་ཟད། འདྲེས་པའི་གཏེར་དངོས་མི་འདྲ་བར་བརྟེན་ནས་ཆུ་ཚན་སོ་སོའི་དྲི་མ་དང་། མདོག །རོ་ནུས་སོགས་མི་འདྲ་བ་ཡོད་ལ། དེ་དག་གིས་ནད་རིགས་ཀྱང་མི་འདྲ་བ་མང་པོ་བཅོས་ཐུབ་པའི་ཁྱད་ཆོས་དང་ཕན་ནུས་ལྡན་ནོ། །
ལོ་ལྟར་སྟོན་དུས་ནི་སྐར་མ་རྀ་ཥྀ་འཆར་དུས་ཀྱི་ཆུ་བཟང་ཤོས་ཀྱི་དུས་ཤིག་ཡིན་ཅིང་ཆུ་ཐམས་ཅད་ཡན་ལག་བརྒྱད་དང་ལྡན་པས་དུས་དེར་མི་རྣམས་ཀྱིས་ཆུ་ལ་ཞུགས་ནས་ཁྲུས་དང་གཙང་སྦྲ་སོགས་བྱེད་པའི་ལུགས་སྲོལ་ཤུགས་ཆེན་ཞིག་དར་ཡོད། རྒྱུ་མཚན་དེའི་དབང་གིས་སྟོན་དཔྱིད་གཉིས་ལ་ཆུ་ཚན་རྒྱག་ན་ལུས་ལ་ཕན་ཤོས་དང་འཕྲོད་ཤོས་ཡིན་པར་འདོད་དོ། །
མཇུག་བསྡུ་བ།
མཚོ་བོད་མཐོ་སྒང་འདིར་རང་བྱུང་ཆུ་ཚན་མང་ལ་ཁྱད་པར་གཙང་ཁུལ་དུ་གྲགས་ཆེ་བའི་ཁམ་བུ་ཆུ་ཚན་དང་མཐོང་སྨོན་ཆབ་ཁ་ཆུ་ཚན། དབུས་སུ་འབྲི་གུང་གཏེར་སྒྲོམ་ཆུ་ཚན་དང་སྟོད་ལུང་ཆུ་ཚན་སོགས་ཡོད་ཅིང་དེ་དག་ཀུན་གཏེར་དངོས་སྨན་རྫས་མི་འདྲ་བས་ཕན་ནུས་ཀྱང་མི་འདྲ་བ་ཐོན་ཡོད་ལ། མདོར་ན་དེ་དག་རང་བྱུང་ཆུ་ཚན་རིགས་ལྔའི་ཁོངས་སུ་བསྡུ་ནུས་སོ། །གོང་གི་དཔྱད་རྩོམ་དེར་རྩོམ་པ་པོའི་རིག་གཞུང་གི་ཤེས་ཚད་དང་ལག་ལེན་གྱི་མྱོང་བྱང་ཤིན་ཏུ་ནས་དབུལ་ཞིང་བལྟ་རྒྱ་དང་ཐོས་རྒྱ། ཤེས་རྒྱ་སོགས་དབེན་པས་འདིར་ཟབ་གནད་རྒྱ་ཆེའི་གསོ་རིག་གཞུང་ལུགས་ལས་ཕན་བདེའི་ལེགས་བཤད་ཕྲན་བུ་ཙམ་དང་སྔོན་བྱོན་མཁས་པའི་ཞལ་རྒྱུན་ཆུ་ཐིགས་ཙམ་ཞིག་བྱིས་པའི་ལད་ཟློས་ཀྱིས་འདྲེན་ཚུལ་བྱས་པར་མ་རྟོགས་ལོག་རྟོག་དང་ཟློས་སྐྱོན་མང་དག་མཆིས་པས་གཟུར་གནས་མཁས་པའི་སྤྱན་སྔར་འཆགས།
སླར་སྨྲས་པ།
འགྲོ་བའི་སྤྱི་མཐུན་བསོད་ནམས་སྟོབས་སོགས་ལས། །
རང་བྱུང་གཏེར་དངོས་སྨན་རྒྱུ་སྣ་ཚོགས་ཀྱིས། །
གྲུབ་པའི་ཆུ་ཚན་གྲངས་མེད་ནུས་མཐུས་ལས། །
འགྲོ་བའི་ནད་གདུང་སེལ་ལ་ཐེ་མི་ཚོམ། །
དཔྱད་གཞིའི་ཡིག་ཆ།འགྲོ་བའི་སྤྱི་མཐུན་བསོད་ནམས་སྟོབས་སོགས་ལས། །
རང་བྱུང་གཏེར་དངོས་སྨན་རྒྱུ་སྣ་ཚོགས་ཀྱིས། །
གྲུབ་པའི་ཆུ་ཚན་གྲངས་མེད་ནུས་མཐུས་ལས། །
འགྲོ་བའི་ནད་གདུང་སེལ་ལ་ཐེ་མི་ཚོམ། །
1 གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི«དཔལ་ལྡན་རྒྱུད་བཞི» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོའི་ཟླ3པར་པར་ཐེངས་ལྔ་པ།
2 བྱང་པ་མིའི་ཉི་མ་མཐོང་བ་དོན་ལྡན་གྱིས་མཛད་པའི«མ་ལ་ཡའི་དཀའ་འགྲེལ» མི་རིགས་དཔེ་སྐྲུན་ཁང་།
3 ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི«མེས་པོའི་ཞལ་ལུང» མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ4པར་པར་ཐེངས་གཉིས་པ།
4 སྐྱེམ་པ་ཚེ་དབང་གིས་མཛད་པའི«རྒྱུད་བཞིའི་རྣམ་བཤད» མི་རིགས་དཔེ་སྐྲུན་ཁང་། 2002ལོའི་ཟླ12པར་པར་ཐེངས་གཉིས་པ།
5 དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི«ཤེལ་གོང་ཤེལ་ཕྲེང» མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ6པར་པར་ཐེངས་དང་པོ།
6 ཁྲོ་རུ་ཚེ་རྣམ་གྱིས་མཛད་པའི«གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང» ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
7 དགའ་བོ་རྡོ་རྗེས་བརྩམས་པའི«འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང» མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ7པར་པར་ཐེངས་ལྔ་པ།
འབྲེལ་ཡོད་འོས་སྦྱོར།